ཁོ་མོ་ནི་བོད་རིགས་བུད་མེད་ཁྲིམས་དཔོན་ཞིག་ཡིན་ལ། ཁྲིམས་དཔོན་ལས་རིགས་ལ་ཤིན་ཏུ་དགའ་ཞིང་བློ་དཀར་བ་ཞིག་ཡིན། ཁོ་མོས་རྒྱ་བོད་ཡིག་རིགས་གཉིས་ཤེས་པར་མ་ཟད། གྱོད་གཞི་ཐག་གཅོད་པར་རང་ལ་ཁྱད་དུ་འཕགས་པའི་ལྟ་ཚུལ་ཡོད་པ་དང་། འབྲོག་པ་མང་ཚོགས་ཀྱི་དོན་དག་ཡིན་ན་ཁོ་མོས་ནམ་ཡང་ཆེས་ཐོག་མར་བསྒྲུབས་ཏེ། ཁོ་ཚོའི་དཀའ་ངལ་ཐག་གཅོད་བྱེད་བཞིན་ཡོད།
ཁོ་མོས་བཤད་རྒྱུར། ང་རང་འབྲོག་ཁུལ་གྱི་ཆེས་གཞི་རིམ་གྱི་མི་དམངས་ཁྲིམས་ཁང་དུ་བྱ་བ་སྒྲུབ་པར་ཧ་ཅང་འཚམ་ཟེར།
གསེར་སྐྱིད་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་མི་དམངས་ཁྲིམས་ཁང་གི་ཕྱོགས་བསྡུས་འདྲི་གཅོད་ཁང་གི་ཁྲིམས་དཔོན་ཡིན།
རྨ་ཆེན་རྫོང་ནི་མཚོ་སྔོན་ལྷོ་ཕྱོགས་ཀྱི་འབྲོག་ཁུལ་དུ་ཡོད་པ་དང་། རང་བྱུང་ཆ་རྐྱེན་ཤིན་ཏུ་སྡུག་ལ། ཁོངས་གཏོགས་གཞི་རིམ་ཞང་གི་འདུས་སྡོད་ཁུལ་གྱི་འགྲིམ་འགྲུལ་ཧ་ཅང་སྟབས་མི་བདེ་བ་དང་། རྒྱ་ཆེའི་འབྲོག་པ་མང་ཚོགས་ཀྱིས་ཞུ་གཏུག་བྱེད་པར་སྟབས་བདེ་བསྐྲུན་པ་དང་། སྟབས་བདེ་གཉིས་ཀྱི་རྩ་དོན་མངོན་འགྱུར་ཡོང་ཆེད། ཁྲིམས་ཁང་ཏང་རྩ་འཛུགས་ཀྱིས་སྐོར་བསྐྱོད་ཁྲིམས་ཁང་འཛུགས་རྒྱུར་ཐག་བཅད་པ་དང་། གསེར་སྐྱིད་ཀྱིས་དགའ་སྤྲོའི་ངང་ཆེས་ཐོག་མར་མིང་ཐོ་བཀོད་དེ་དེའི་ནང་ཞུགས་ལ། ཐག་རིང་རྗེས་ལུས་ཀྱི་སྡེ་བ་དང་འདུས་སྡོད་ཁུལ་དུ་འགྲོ་རྒྱུའི་ཐག་བཅད་དེ། ཁོ་ཚོའི་དཀའ་ངལ་དངོས་ཐག་གཅོད་བྱེད་རོགས་བྱས། གསེར་སྐྱིད་ཀྱི་སེམས་ནང་དུ་དུས་དང་རྣམ་པ་ཀུན་ཏུ་འབྲོག་པ་མང་ཚོགས་བསམ་བཞིན་ཡོད་པ་དང་། ཁོ་མོ་སྐོར་བསྐྱོད་ཁྲིམས་ཁང་གཞི་རིམ་དུ་བསྐྱོད་པའི་བྱ་འགུལ་རེ་རེའི་ནང་ཞུགས། ཁོ་མོས་དྲིལ་སྒྲོག་རྒྱུ་ཆ་རྣམས་བོད་ཡིག་ཏུ་བསྒྱུར་ཏེ་རོང་འབྲོག་པ་མང་ཚོགས་ལ་བྱིན་པར་མ་ཟད། ཁོ་ཚོར་རེ་རེ་བཞིན་འགྲེལ་བཤད་བྱས། ཁོ་མོས་འབྲོག་པ་མང་ཚོགས་རྣམས་སེམས་སུ་བཅངས་ཏེ་བློ་གཅིག་སེམས་གཅིག་གིས་འབྲོག་པ་མང་ཚོགས་རྣམས་ལ་ཞབས་འདེགས་ཞུས་པས། ཁོ་མོ་ག་ས་གང་དུ་སོང་ཡང་འབྲོག་པ་མང་ཚོགས་ཀྱིས་ཁོ་མོར་རང་གི་ཁྱིམ་མི་བཞིན་དུ་སྣེ་ལེན་བྱེད་བཞིན་ཡོད་པ་རེད།
ལོ་ངོ་མང་པོའི་རིང་ལ་ཁྲིམས་དཔོན་བྱས་པ་བརྒྱུད་གསེར་སྐྱིད་ལ་དྲང་བདེན་དང་སྤྱང་གྲུང་ལྡན་པའི་གཤིས་ཀ་གྲུབ་པར་བྱས་པ་དང་། ཁོ་མོས་རང་གི་ལག་གི་འདྲི་གཅོད་དབང་ཆ་ནི་མི་དམངས་ཀྱིས་བསྩལ་བ་ཡིན་པ་གསལ་བོར་ཤེས་ཡོད། ཁོ་མོས་རང་ལག་གི་དབང་ཆས་མི་དམངས་ཀྱི་ཁྲིམས་མཐུན་དབང་ཆར་སྲུང་སྐྱོབ་བྱེད་བཞིན་ཡོད། གསེར་སྐྱིད་ཀྱིས་གྱོད་དོན་སྒྲུབ་ན་དཀའ་སྡུག་དང་དཀའ་ངལ་ལ་མི་སྐྲག་པ་དང་། གལ་ཏེ་མང་ཚོགས་ལ་ཕན་པའི་དོན་དག་ཞིག་ཡིན་ན་ཁོ་མོ་ནམ་ཡང་སྔོན་ལ་བུད་དེ་སྒྲུབ་པ་དང་། སྒྲུབ་འགན་ཁུར་བའི་དམངས་དོན་གྱོད་གཞིའི་ཁྲོད་མང་ཆེ་བ་འདུམ་འགྲིག་བྱས་ནས་ཐག་གཅོད་བྱེད་ཐུབ་ལ། འདྲ་མཉམ་དང་ཆེས་ཚད་བཀག་ཡོད་པའི་སྒོ་ནས་དོ་བདག་པའི་ཁྲིམས་མཐུན་དབང་ཆར་སྲུང་སྐྱོབ་བྱེད་བཞིན་ཡོད་པས། སྡེ་བའི་མང་ཚོགས་ཀྱིས་ཡིད་ཆེས་ཆེན་པོ་ཐོབ་ཡོད། ཁྲིམས་ལུགས་མི་ཤེས་པའི་རོང་འབྲོག་མང་ཚོགས་ལ་ཁོ་མོས་གོ་སླ་བའི་སྒོ་ནས་གནས་ལུགས་འགྲེལ་བཤད་བྱེད་སྲིད་ཅིང་། ཁོ་མོའི་ལག་བརྒྱུད་པའི་ཁྲིམས་གཏུག་དོ་བདག་པར་ནམ་ཡང་རྒྱལ་ཁ་ཐོབ་སྲིད་པ་དང་། ཕམ་མཁན་གྱིས་ཀྱང་སེམས་ནས་ཁས་ལེན་སྲིད་པ་རེད།
ཐེངས་ཤིག་ལ། གསེར་སྐྱིད་ཀྱིས་འཛུགས་སྐྲུན་འགན་གཙང་ལེན་གན་རྒྱའི་རྩོད་གཞིའི་གྱོད་དོན་ཞིག་སྒྲུབ་འགན་ཁུར་བ་དང་། འཛུགས་སྐྲུན་ཕྱོགས་ཁག་གིས་ཞང་སྲིད་གཞུང་ཞུ་གཏུག་བྱས། ཕྱོགས་གཉིས་ལ་རང་རང་གི་བཤད་ཕྱོགས་རེ་ཡོད་པ་དང་། ཕྱོགས་ཁག་གང་གིས་ཀྱང་རྩོད་གླེང་མཚམས་མི་འཇོག་པ་རེད། གསེར་སྐྱིད་ཀྱིས་གྱོད་དོན་ཡར་ཞུ་ལ་ལྟོས་ཚར་རྗེས། གྱོད་གཞིའི་གནད་འགག་ནི་འཛུགས་སྐྲུན་བྱས་པའི་ཁང་བར་རྒྱུ་སྤུས་ཀྱི་གནད་དོན་ཡོད་མེད་དེ་ཡིན་པ་དང་། ཁོ་མོ་ངེས་པར་དུ་ཡུལ་དངོས་སུ་སོང་ནས་རྒྱུ་ཆ་དང་པོ་རྟོག་ཞིབ་བྱེད་དགོས་པ་དང་། ཕྱོགས་གཉིས་ལ་དྲང་བདེན་གྱི་ཐག་གཅོད་མཇུག་འབྲས་ཤིག་སྟོན་དགོས་པར་འདོད། མགོ་ལོག་རྩྭ་ཐང་སྟེང་དུ་འཁྱགས་རོམ་གངས་འཁྱག་གིས་བསྡམས་ཡོད་པ་དང་། དྲོད་གྲང་གོར་ཐིག་མན་གྱི་ཏུའུ་ཉི་ཤུ་ལ་སླེབས་ཡོད། ཡིན་ནའང་། གསེར་སྐྱིད་དང་ཁོ་མོའི་སྐོར་བསྐྱོད་ཁྲིམས་ཁང་ཚོགས་པ་དཀའ་སྡུག་གིས་གངས་འཁྱག་གི་ཀློང་རིམ་དུ་བསྐྱོད། ཡུལ་དངོས་ནས་ལྟ་ཞིབ་དང་པར་བརྒྱབ་པ་དང་། འབྲོག་ཁྱིམ་ལ་སོང་ནས་གནས་ཚུལ་རྒྱུས་ལོན་བྱས་པ་བརྒྱུད། གསེར་སྐྱིད་ལ་ཞིབ་ཕྲའི་རྒྱུ་ཆ་ཐོབ་པ་དང་། དེ་ནས་འཛུགས་སྐྲུན་ཕྱོགས་ཁག་གིས་གཡོ་སྒྱུའི་སྦྱོར་བ་ཐམས་ཅད་མཚམས་མི་འཇོག་ཐབས་མེད་བྱུང་ཏེ། ཁྲིམས་ཁང་ལ་འགན་གཙང་ལེན་གྱི་གྲོན་དངུལ་ཇེ་དམའ་རུ་གཏོང་བའི་རྨང་གཞིའི་སྟེང་། ཁང་བ་ཡང་བསྐྱར་ཉམས་གསོ་བྱེད་པར་འདུམ་འགྲིག་བྱེད་རྒྱུའི་རེ་བ་བཏོན། དེ་དང་ཆབས་ཅིག་ཏུ། འབྲོག་པ་མང་ཚོགས་ཀྱིས་ཀྱང་རང་འགུལ་སྒོས་འགན་གཙང་ལེན་གྲོན་དངུལ་ཇེ་དམའ་རུ་བཏང་རྗེས་ཀྱི་རང་གསོག་མ་དངུལ་རང་འགུལ་སྒོས་ཞང་སྲིད་གཞུང་ལ་སྤྲོད་རྒྱུ་ཡིན་པ་དང་། དེ་ལས་གྱོད་དོན་དེ་ཐག་གཅོད་ལེགས་པོ་བྱས།
གསེར་སྐྱིད་ནི་མི་འདི་འདྲ་ཞིག་ཡིན་སྟེ་ཁོ་མོས་དུས་དང་རྣམ་པ་ཀུན་ཏུ་ཁྲིམས་ལྟར་གྱོད་གཞི་ཐག་གཅོད་ལེགས་པོ་བྱས་ན། ད་གཟོད་ཏང་དང་མི་དམངས་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང་བའི་ཡིད་ཆེས་ཡོད་པ་རེད། དེ་བས། གྱོད་གཞི་སྒྲུབ་མཁན་རེ་རེའི་གྱོད་དོན་ཡག་པོ་ཐག་གཅོད་རྒྱུ་འབད་བརྩོན་བྱེད་རྒྱུ་དེ་ནི་ཁོ་མོས་ཚེ་གང་བོར་འཚོལ་སྙེག་བྱེད་པའི་དམིགས་འབེན་ཡིན། བྱ་བའི་ཁྲོད། གསེར་སྐྱིད་ཀྱིས་ཚད་ཐིག་དང་རྩ་དོན་རྒྱུན་འཁྱོངས་བྱས་ནས། དྲང་བདེན་གྱིས་ཁྲིམས་ལག་བསྟར་དང་། ཁྲིམས་ལུགས་ཀྱི་ཟིལ་ཤུགས་ལ་སྲུང་སྐྱོབ་བྱས། ཐེངས་ཤིག་ལ། ཁོ་མོས་རྐུ་འཕྲོག་ཉེས་དོན་ཞིག་ལ་གཙོ་བོར་འདྲི་གཅོད་བྱས་པ་དང་། ཁོ་མོའི་སློབ་གྲོགས་ནི་ཞུ་སྦྱོར་ཕྱི་མ་བའི་ཤ་ཉེ་རེད། དགོང་མོ་ཞིག་ལ། ཁོ་མོའི་སློབ་གྲོགས་ཆེད་དུ་ཁོ་མོ་ཚང་ལ་ཡོང་ནས་ཞུ་བ་བྱས་པ་དང་། སློབ་གྲོགས་ཀྱིས་ཁ་ངོར་ལྟོས་ནས་ཞུ་སྦྱོར་ཕྱི་མ་བའི་གྱོད་དོན་ཕྱིར་འགྱངས་བྱེད་དགོས་པའི་རེ་བ་ཞུས། བློས་ཐུབ་ཀྱི་གྲོགས་པོའི་རེ་བའི་མིག་ཟུང་ལ་ཁ་གཏད་གཅོག་སྐབས། ཁོ་མོས་རང་གི་སློབ་གྲོགས་ལ་བཤད་རྒྱུར། སློབ་གྲོགས་ལགས། ཁྱོད་ཀྱིས་ངའི་བྱ་བའི་ངོ་བོ་ཤེས་དགོས། གྱོད་དོན་སྒྲུབ་པ་ནི་དོན་དངོས་དང་ཁྲིམས་ལུགས་གཞི་འཛིན་ས་བྱེད་དགོས་པས། ཚན་རིག་ལྟར་ཉེས་དོན་ཚད་འཇལ་བྱས་ནས་ཐག་གཅོད་བྱེད་དགོས། གལ་ཏེ་ཁྲིམས་མེད་ལུགས་མེད་ཀྱི་སྒོ་ནས་ཐག་གཅོད་བྱས་ན་ཁྲིམས་ལུགས་ཤེས་ཀྱང་ཁྲིམས་འགལ་གྱི་བྱ་བ་སྒྲུབ་པ་མ་ཡིན་ནམ་ཞེས་བཤད། སྐད་ཆ་དེ་དག་ཐོས་རྗེས། སློབ་གྲོགས་མ་དགའ་བར་བུད་སོང་། གྲོགས་པོའི་བརྩེ་བ་དང་། ཤ་ཉེའི་བརྩེ་བ། ཁྲིམས་ལུགས་བཅས་ཀྱི་བར་དུ། ཁོ་མོས་མི་དམངས་ཁྲིམས་དཔོན་ཞིག་གི་ལས་རིགས་ཀུན་སྤྱོད་བརྟན་སྲུང་བྱས་པ་དང་། བློ་དཀར་བའི་སྒོ་ནས་ཁྲིམས་ལུགས་ཀྱི་བླ་མེད་མཆོག་གྱུར་དང་ཟིལ་ཤུགས་ལ་སྲུང་སྐྱོབ་བྱས། ཁོ་མོས་རྒྱུན་དུ་བཤད་རྒྱུར། ངས་ཁྲིམས་དཔོན་གྱི་ལས་རིགས་འདི་བདམས་པས། ངས་རང་ཉིད་ཀྱི་བྲང་རྟགས་འདི་ལ་ནམ་ཡང་བརྩི་བཀུར་བྱེད་དགོས་ཟེར།
ལོ་ཙཱ། ཚེ་རིང་སྒྲོལ་མ།