བརྩེ་བའི་དྲོད་ཀྱིས་རེ་བའི་མེ་ཏོག་བསྐྱངས།
2017.12.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 67

 མཚོ་སྔོན་ཚྭ་འདམ་ལས་རིགས་ལག་རྩལ་སློབ་གྲྭའི་རླངས་འཁོར་བཟོ་སྐྲུན་སྡེ་ཁག་གི་ཀྲུའུ་རིན་གཞོན་པ་ལིག་ཧེ་ཡན་ནི་མཛེས་པའི་མེ་ཏོག་གངས་ལྷ་རྐང་གཅིག་སྟེ། སློབ་གྲོགས་མི་ཉུང་བ་ཞིག་གིས་ཁོ་ཚོའི་སེམས་ཁོང་དུ་ཆེས་མཛེས་པའི་དགེ་རྒན་ལིག་ཧེ་ཡན་ལ་རྒྱུན་དུ་ལིག་ཨ་མ་ཞེས་འབོད་ཀྱིན་ཡོད། ཁོ་མོས་རྒྱུན་དུ་མི་ཞིག་གི་འཚོ་བའི་ཁྲོད་དུ་རང་ཉིད་ཀྱི་མི་ཚེའི་རིན་ཐང་མངོན་འགྱུར་བྱེད་པའི་སློབ་གསོའི་ལས་རིགས་འདི་བདམས་ཏེ། མི་ཚེ་གང་བོ་སློབ་གསོའི་ལས་དོན་དུ་ཕུལ་བ་ནི་རང་གི་སྐལ་བ་བཟང་པས་ཡིན་ལ་འདི་ལ་ཚེ་གང་བོར་བློ་འགྱོད་ཅི་ཡང་མེད་ཟེར། མི་དམངས་ཀྱི་དགེ་རྒན་ཞིག་ཡིན་པའི་ཆ་ནས་ཁོ་མོས་དུས་དང་རྣམ་པ་ཀུན་ཏུ་བརྩེ་བ་སེམས་སུ་བཅངས་ཏེ། བརྩེ་བའི་སེམས་ཀྱིས་སློབ་མ་རེ་རེའི་ཡིད་སེམས་དྲངས་པས་ཚྭ་འདམ་ལས་རིགས་ལག་རྩལ་སློབ་གྲྭ་སྟེ། མི་རིགས་མཐུན་སྒྲིལ་གྱི་ཁྱིམ་གཞི་ཆེན་མོ་དེ་རུ་སློབ་མ་རྣམས་ཀྱི་གོང་བཀུར་ཆེན་པོ་ཐོབ།

མཚོ་སྔོན་ཚྭ་འདམ་ལས་རིགས་ལག་རྩལ་སློབ་གྲྭ་ནི་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་དུ་ཡོད་པ་དང་། སློབ་གྲྭ་དེའི་འབྲིང་རིམ་དང་མཐོ་རིམ་ལས་རིགས་ཁག་ཏུ་སློབ་མ་ཉིས་སྟོང་བདུན་བརྒྱ་ཉེར་ལྔ་ཡོད། གྲངས་ཉུང་མི་རིགས་ས་ཁུལ་ཡིན་ཕྱིར་སློབ་གྲྭར་ཞུགས་པའི་སློབ་མ་ཡང་གྲངས་ཉུང་མི་རིགས་ཀྱི་སློབ་མ་ཤས་ཆེ་བས་དེ་རུ་གྲངས་ཉུང་མི་རིགས་ཀྱི་ཁྱིམ་གཞི་ངོ་མ་ཞིག་ཆགས་ཡོད།

དུས་རྒྱུན་གྱི་བྱ་བའི་ཁྲོད་དུ་དགེ་རྒན་ལིག་ཧེ་ཡན་ནི་མི་རིགས་མཐུན་སྒྲིལ་སྔོན་སྐྱོད་ཐད་ཡར་སྐུལ་བྱེད་པའི་དགེ་རྒན་ཞིག་རེད། ཁོ་མོས་དུས་རྒྱུན་གྱི་བྱ་བའི་ཁྲོད་དུ་རང་གི་བྱ་བའི་བྱེད་ཐབས་ལ་མཉམ་འཇོག་གང་ལེགས་བྱས་ཏེ། སློབ་མ་རྣམས་ཀྱིས་གྲངས་ཉུང་མི་རིགས་སོ་སོའི་ཡུལ་སྲོལ་གོམས་གཤིས་ཐད་ཕན་ཚུན་ཇི་ལྟར་བརྩི་བཀུར་བྱེད་དགོས་ལུགས་དང་གྲངས་ཉུང་མི་རིགས་གཞན་དག་གི་སློབ་གྲོགས་བར་དུ་ཇི་ལྟར་འཆམ་མཐུན་མཉམ་གནས་བྱེད་དགོས་ཚུལ་སྐོར་སློབ་སྟོན་བྱེད་བཞིན་ཡོད་པ་དང་། ནམ་རྒྱུན་དུ་སློབ་གྲོགས་སུ་ཞིག་གི་འཚོ་བའི་ཐད་དཀའ་ངལ་ཡོད་པ་མཐོང་དུས་དགེ་རྒན་ལིག་ཧེ་ཡན་གྱིས་དུས་སྐབས་དང་པོའི་ནང་དེ་ལ་རོགས་སྐྱོར་གྱི་ལག་ཟུང་བརྐྱངས་བཞིན་ཡོད།

ཉིན་ཞིག་རླངས་འཁོར་བཟོ་སྐྲུན་སྡེ་ཁག་གི་འཛིན་གྲྭའི་བདག་པོ་ཞིག་གིས་འཛིན་གྲྭའི་ནང་གི་སློབ་གྲོགས་ཤིག་གི་ཁྱིམ་གྱི་འཚོ་བར་དཀའ་ངལ་ཡོད་པས་སློབ་གྲོགས་དེས་རྒྱུན་པར་སློབ་གྲོགས་གཞན་ལ་འབྲེལ་འདྲིས་མི་བྱེད་པས་གཤིས་ཀ་འང་ཧ་ཅང་དབེན་གཤིས་ཅན་དུ་འགྱུར་བཞིན་ཡོད་པའི་གནས་ཚུལ་དེ་དགེ་རྒན་ལིག་ཧེ་ཡན་ལ་བཤད།

ལས་རིགས་སློབ་གྲྭ་ཞིག་ཡིན་པའི་ཆ་ནས་ཚྭ་འདམ་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་མ་རེས་ལོ་རེར་རྒྱལ་ཁབ་ཀྱི་ཁ་གསབ་ལོངས་སྤྱོད་བྱེད་བཞིན་ཡོད། དབུལ་ཕོངས་སློབ་མར་ཡང་དེ་བཞིན་དུ་རྒྱལ་ཁབ་ཀྱི་རོགས་དངུལ་ཐོབ་བཞིན་ཡོད་པས་རྩ་བའི་སྟེང་ནས་དབུལ་ཕོངས་སློབ་མས་སློབ་གསོ་ལོངས་སུ་སྤྱོད་མི་ཐུབ་པའི་གནད་དོན་ཐག་གཅོད་བྱས་ཡོད་པ་རེད། དེ་འདྲ་ཡིན་ན་སློབ་གྲོགས་དེར་དོན་གྱིས་དོན་དག་ཅི་ཞིག་བྱུང་སོང་བ་ཡིན་ནམ། འགན་འཁྲིའི་བསམ་པ་ཤུགས་དྲགས་ལྡན་པའི་དགེ་རྒན་ལིག་ཧེ་ཡན་གྱིས་དེ་ལྟར་བསམ་བཞིན་མྱུར་དུ་སློབ་གྲོགས་དེའི་གམ་དུ་སོང་།
དགེ་རྒན་ལིག་ཧེ་ཡན་གྱིས་སློབ་གྲོགས་དེ་མཐོང་མ་ཐག་ངོས་ཟིན་བྱུང་། རྒྱུ་མཚན་ནི་ཁོ་མོས་སྔོན་ཆད་འཛིན་གྲྭ་དེར་སློབ་ཁྲིད་བྱས་མྱོང་བས་བག་ཆགས་ཡོད་པ་དང་། སློབ་གྲོགས་དེ་ནི་སློབ་སྦྱོང་ལ་བཟང་ཞིང་བསླབ་འབྲས་ཀྱང་ཕུལ་ཏུ་བྱུང་བས་སློབ་གྲོགས་གཞན་དག་དང་ཁྱད་པར་ཅི་ཡང་ཡོད་པ་མ་རེད།

དགེ་རྒན་ལིག་ཧེ་ཡན་གྱིས་སློབ་གྲོགས་དེ་མོའི་གཞུང་ལས་ཁང་དུ་བོས་ནས་གནས་ཚུལ་ཞིབ་མོར་དྲིས། ཁོ་རང་མགོ་བོ་སྒུར་ནས་སྡོད་པ་ལས་ཅི་ཡང་མི་བཤད། ཁོའི་སྣུམ་ཤིག་ཤིག་བྱེད་པའི་སྐྲ་ལོ་དེ་གཟེང་ཡོད་པར་བལྟས་ན་ཉིན་མང་པོ་ཞིག་ལ་སྐྲ་མ་བཀྲུས་པ་རྟོགས་ཐུབ། སྐབས་དེར་ངས་ཀུ་རེ་དང་བཅས་ཏེ་ཁྱོད་ཀྱི་སྐྲ་ལོ་འདི་འདྲ་གཟེང་དོན་ཅི་ཡིན། དཀའ་ལས་བསམས་ནས་སྐྲ་ལོ་མ་བཀྲུས་པ་ཨེ་ཡིན་ཞེས་དྲིས་པ་ན། ད་གཟོད་ཁོས་ང་ལ་ལྟ་ཙམ་བྱས་ནས་སྐད་གདངས་དམའ་མོས་ང་ལ་སྒོར་མོ་མེད། སྒོར་མོ་མེད་པས་སྐྲ་བཀྲུ་བྱེད་ཀྱི་འདག་རྫས་ཉོ་སྤྱད་མེད། དེ་བས་སློབ་གྲོགས་གཞན་གྱི་འདག་རྫས་བཀོལ་བར་ངོ་གནོང་གི་འདུག་ཟེར།

ཁོའི་སྐད་ཆ་དེས་དགེ་རྒན་ལིག་ཧེ་ཡན་ལ་མཚར་སྣང་ཆེན་པོ་ཞིག་སྐྱེས་སུ་བཅུག སློབ་གྲྭའི་ནང་དུ་ད་དུང་ཡང་འདི་འདྲའི་སློབ་མ་ཡོད་པ་ཁོ་མོས་དངོས་གནས་ཤེས་ཀྱི་མེད།
རྒྱུས་ལོན་བྱས་རྗེས་སློབ་གྲོགས་དེའི་ཁྱིམ་ཧ་ཅང་དབུལ་བོ་ཡིན་པས་ཁོ་ལ་ཟླ་རེར་བཀོལ་རྒྱུའི་སྒོར་མོ་ཧ་ཅང་ཉུང་བ་དང་ཁོའི་ཕ་རྒན་ནི་དབང་བོ་སྐྱོན་ཅན་ཡིན་ནའང་ད་དུང་ཕྱི་རོལ་དུ་སོང་ནས་ཞོར་ལས་གཉེར་གྱིན་ཡོད་པར་མ་ཟད་མ་རྒན་ལའང་དབང་རྩའི་ནད་བྱུང་ཡོད། རྒྱུ་མཚན་དེའི་དབང་གིས་ཁྱིམ་ཚང་དབུལ་བོར་གྱུར་ཅིང་སློབ་གྲོགས་མང་པོའི་གྲས་ནས་ཀྱང་ཁོ་ལ་རང་དམན་གྱི་འདུ་ཤེས་ཆགས་འདུག་པ་གསལ་བོར་རྟོགས།

སློབ་གྲོགས་དེ་མགོ་བོ་སྒུར་ནས་ཁྱིམ་གྱི་གནས་ཚུལ་རེ་རེ་གསལ་བོར་བཤད་དུས། དགེ་རྒན་ལིག་ཧེ་ཡན་གྱིས་ངེས་པར་དུ་སློབ་གྲོགས་དེ་ལ་རོགས་སྐྱོར་བྱེད་རྒྱུའི་སེམས་ཐག་བཅད།
སློབ་གྲོགས་དེའི་ལས་བྱའི་འབྲི་དེབ་སྟེང་གི་གཙང་ཞིང་གྲལ་དག་པའི་ཡིག་གཟུགས་དང་སློབ་ཁྲིད་ཀྱི་སྐབས་སུ་གཟབ་ནན་གྱིས་སློབ་ཁྲིད་ལ་ཉན་པའི་རྣམ་པ་སོགས་རེ་རེ་བཞིན་ཡིད་ལ་ཤར་དུས། དགེ་རྒན་ལིག་ཧེ་ཡན་གྱིས་ཁོ་ལ་ཟླ་རེར་སྒོར་མོ་བརྒྱ་རེས་རོགས་སྐྱོར་བྱས་ཏེ་ཁོའི་ཁ་ཚ་དགོས་གཏུག་གི་གནད་དོན་ཐག་གཅོད་བྱེད་རྒྱུར་སེམས་ཐག་བཅད། དོན་གྱིས་སྒོར་མོ་བརྒྱ་ཐམ་པ་ནི་ང་ལ་མཚོན་ན་ཅི་ཡང་མིན་ནའང་སློབ་གྲོགས་དེར་མཚོན་ན་དོན་དག་ཆེན་པོ་ཞིག་ཐག་གཅོད་བྱེད་ཐུབ་ཀྱི་ཡོད། དེ་བས་དགེ་རྒན་ལིག་ཧེ་ཡན་གྱིས་ཐོག་མཐའ་བར་གསུམ་དུ་རང་ཉིད་ཀྱིས་བསྒྲུབས་པ་དེ་ནི་རིན་ཐང་ལྡན་པའི་དོན་དག་ཅིག་ཏུ་བརྩི་བཞིན་ཡོད།

དོན་དག་དེ་མགོ་བརྩམས་ནས་ལོ་ངོ་གཉིས་འགོར་སོང་། ལོ་ངོ་གཉིས་ཀྱི་རིང་དུ་དགེ་རྒན་ལིག་ཧེ་ཡན་གྱིས་ཟླ་རེར་སྒོར་མོ་བརྒྱ་རེ་དངོས་སུ་ཁོའི་ལག་ཏུ་སྤྲོད་བཞིན་ཡོད། སློབ་གྲོགས་དེས་ཀྱང་ཁ་དན་ཚིག་ལ་གནས་པར་བྱས་ཏེ་ཕུལ་དུ་བྱུང་བའི་བསླབ་འབྲས་ཀྱིས་དགེ་རྒན་ལིག་ཧེ་ཡན་གྱི་སེམས་ཤུགས་ཚད་མེད་བཏོན་པར་དྲིན་གཟོ་བྱེད་ཀྱི་འདུག དེ་ནས་བཟུང་འཚོ་བ་དང་སློབ་སྦྱོང་སོགས་ཕྱོགས་གང་ཅིའི་ཐད་ནས་དཀའ་ངལ་དང་འཕྲད་ཚེ་སློབ་གྲོགས་དེས་སེམས་ཞིབ་མོས་དགེ་རྒན་ལིག་ཧེ་ཡན་ལ་བཤད་ཀྱི་ཡོད་པ་དང་། སློབ་གྲོགས་དང་དགེ་རྒན། དེ་མིན་སློབ་གྲྭའི་སེམས་ཁམས་ཕྱོགས་སྟོན་སློབ་ཚོགས་བཅས་ཀྱི་སེམས་ཁུར་འོག སློབ་གྲོགས་དེའི་གཤིས་ཀའང་རིམ་གྱིས་སྤྲོ་སྣང་ཅན་དུ་གྱུར་བ་དང་སློབ་གྲོགས་དང་དགེ་རྒན་རྣམས་ལ་འབྲེལ་འདྲིས་བྱེད་པའི་རྣམ་པར་ཡང་འགྱུར་ལྡོག་ཆེན་པོ་བྱུང་བ་རེད།

དགེ་རྒན་ལིག་ཧེ་ཡན་གྱི་སློབ་གསོ་བྱ་བའི་བརྒྱུད་རིམ་ཁྲོད་དུ་དེ་དང་དེ་ལྟ་བུའི་དཔེ་མཚོན་ཤིན་ཏུ་མང་པོ་ཞིག་ཡོད། ཁོ་མོས་སློབ་མ་རེ་རེ་ནམ་ཡང་རང་གི་བུ་དང་བུ་མོ་ལྟར་ལྟ་སྐྱོང་བྱེད་བཞིན་ཡོད། སྤྱིར་འདིའི་ཁྲོད་དུ་ཡ་མཚར་བའི་གཏམ་རྒྱུད་ཅི་ཡང་མེད་ནའང་དངོས་བྱུང་གི་དོན་དག་རེ་རེས་མི་སེམས་རྨང་ནས་སྒུལ་བར་བྱེད།

ལོ་ཙྭ་བ།  གཡང་འབུམ་རྒྱལ།