ཞུང་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་དུ་འདི་ལྟ་བུའི་ལས་བྱེད་པ་ཞིག་ཡོད་པ་སྟེ། ལོ་ན་བཞི་བཅུར་སོན་མེད་ཀྱང་བྱ་བའི་ཐད་ལ་ཧ་ཅང་གཟབ་ནན་ཡིན། དབུལ་སྐྱོར་མཁྲེགས་གཏོར་བྱས་པའི་ཉེ་བའི་ལོ་གསུམ་གྱི་རིང་ལ། ཁོས་སྔོན་ཐོན་གྱི་འདུ་ཤེས་དང་གསར་སྐྲུན་གྱི་སྙིང་སྟོབས། དོན་དངོས་ཀྱི་བྱ་སྤྱོད་བཅས་ལ་བརྟེན་ནས་བིས་མདོ་བོད་རིགས་ཞང་གི་བྱ་བ་སྣ་ཚོགས་ལ་སྐུལ་འདེད་བྱས་པར་གྲུབ་འབྲས་གསར་བ་བླངས། དོན་དངོས་དེར་བིས་མདོ་བོད་རིགས་ཞང་གི་རིགས་སོ་སོའི་ལས་བྱེད་པ་དང་མི་དམངས་མང་ཚོགས་ཀྱི་བསྟོད་བསྔགས་ཐོབ་པར་མ་ཟད་རིམ་པ་གོང་མའི་བྱ་དགའ་འང་མང་དུ་ཐོབ། ཉེ་སྔོན་ཚོགས་པའི་མཚོ་སྔོན་ཞིང་ཆེན་གྱི་དབུལ་སྐྱོར་མཁྲེགས་གཏོར་གྱི་གཟེངས་བསྟོད་ཚོགས་ཆེན་སྟེང་ཁོ་ལ་ཞིང་ཆེན་ཡོངས་ཀྱི་ཞང་དང་སྡེ་བའི་དབུལ་སྐྱོར་མཁྲེགས་གཏོར་གྱི་ཕུལ་བྱུང་ལས་བྱེད་པའི་མཚན་སྙན་ཐོབ། ཁོ་ནི་མཚོ་ཤར་གྲོང་ཁྱེར་ཞུང་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་བིས་མདོ་བོད་རིགས་ཞང་གི་ཞང་གཙོ་རྡོ་བྷ་རེད།
སྔོན་ཐོན་དཔེ་སྟོན་གྱིས་དབུལ་སྐྱོར་བྱ་བ་དམ་འཛིན་བྱས་པ།
བིས་མདོ་བོད་རིགས་ཞང་ནི་མཐོ་གྲངས་ས་ཁུལ་དུ་ཆགས་ཡོད་པས་རང་བྱུང་ཆ་རྐྱེན་ཞན་པའི་ཁར་མི་གྲངས་མང་ཞིང་ས་རྒྱ་ཆུང་བ་དང་། ངལ་རྩོལ་ནུས་ཤུགས་ཀྱི་སྤྱིའི་བྱང་ཚད་ཞན་པ་བཅས་ཀྱིས་དུས་ཡུན་རིང་བོར་དབུལ་ཕོངས་ཀྱི་གནས་སུ་འཚོ་བ་རོལ་བཞིན་ཡོད། ཉིས་སྟོང་བཅུ་གསུམ་ལོར། རྡོ་བྷ་བིས་མདོ་བོད་རིགས་ཞང་གི་ཞང་གཙོར་བདམས། ཁོས་ཞང་གཙོའི་འགན་ཁུར་རྗེས་ཐོག་དང་པོར་ཡིད་ལ་དྲན་པ་ནི། དབུལ་ཕོངས་ཁྱིམ་ཚང་རྣམས་ལ་ཇི་ལྟར་རོགས་སྐྱོར་བྱས་ཏེ་དབུལ་ཐར་ཕྱུག་བསྒྱུར་བྱེད་རྒྱུ་དེ་རེད། ཞང་ཏང་ཨུ་དང་ཞང་སྲིད་གཞུང་གི་བཀོད་སྒྲིག་ཞིབ་མོའི་འོག རྡོ་བྷས་ཞང་སྲིད་གཞུང་གི་བྱ་བའི་ཚན་ཆུང་གི་སྣེ་ཁྲིད་དེ་ཁྱིམ་ཚང་རེ་རེར་སོང་ནས་ཁོ་ཚོའི་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས།
ལུས་རྩལ་པའི་ལྷམ་ཆ་གཅིག་དང་གྲང་འགོག་ལྭ་བ་ཆ་ཚང་ཞིག་གྱོན་ནས། རྒྱབ་ཏུ་རྩིས་འཁོར་དང་ཡིག་དཔར་འཕྲུལ་ཆས་ཁུར་ཞིང་ལམ་རྒྱགས་འདང་ཚིམས་པ་ཞིག་ཁྱེར་ཏེ་སྡེ་བ་བཅུ་དྲུག་ལྷག་ལ་མྱུལ། རྡོ་བྷས་སྔོན་ཆད་ཀྱི་ཆེས་བབ་ཆགས་ཀྱི་བྱ་བའི་བྱེད་ཐབས་དེ་སྤྱད་ནས་དབུལ་ཕོངས་ཁྱིམ་ཚང་རེ་རེའི་ཁྱིམ་དུ་སོང་ནས་ཁོ་ཚོའི་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་ཏེ། ཕྱོགས་གཅིག་ནས་དབུལ་ཕོངས་ཁྱིམ་ཚང་གི་བསམ་འཆར་ལ་ཉན་པ་དང་ཕྱོགས་གཅིག་ནས་ཧུར་བརྩོན་ཆེན་པོས་གནད་དོན་ཐག་གཅོད་བྱས།
དབུལ་ཕོངས་ཁྱིམ་ཚང་དེ་ཚང་ལ་མི་གྲངས་དུ་ཡོད་པ་དང་ཁྱིམ་བདག་སུ་ཡིན་པ། དེ་ཚང་ལ་དབང་བོ་སྐྱོན་ཅན་གྱི་མི་དུ་ཡོད་པ་སོགས་ཁོའི་སེམས་སུ་རེ་རེ་བཞིན་ཧ་ཅང་གསལ་བོ་ཡིན། ཁོས་མགོ་ཁྲིད་ནས་ཤིན་ཏུ་དབུལ་བོ་ཡིན་པའི་ཁྱིམ་ཚང་བཅུ་ལ་རོགས་སྐྱོར་བྱས་པ་དང་རྩ་འཛུགས་བྱས་ཏེ་དབུལ་སྐྱོར་མཁྲེགས་གཏོར་བྱ་བའི་ཆེད་དོན་ཚོགས་འདུ་ལྔ་བཅུ་ལྷག་ཚོགས་ནས་མི་དམངས་མང་ཚོགས་ཀྱི་འཚོ་བར་འཕྲད་པའི་གནད་དོན་ངོ་མ་ཐག་གཅོད་བྱས།
ལོ་ངོ་གསུམ་གྱི་ནང་དུ་རྡོ་བྷས་འཆར་གཞི་འགོད་པ་དང་ལས་གཞི་བརྩོན་ལེན་བྱེད་པ། མ་དངུལ་སློང་བ། མཐུན་སྦྱོར་བྱེད་པ་བཅས་ཁོའི་ཡོད་ཚད་བིས་མདོ་བོད་རིགས་ཞང་གི་གནད་འཁེལ་དབུལ་སྐྱོར་བྱ་བའི་ཁྲོད་འཁོར་འདུག ཁོས་འབད་བརྩོན་ཆེན་པོས་བྱ་བའི་སྣེ་ཁྲིད་དེ་བིས་མདོ་ཞང་གི་གནད་འཁེལ་དབུལ་སྐྱོར་བྱ་བ་དམ་འཛིན་བྱས་པར་གྲུབ་འབྲས་འབུར་ཐོན་བླངས་པ་སྟེ། ཁང་རྙིང་བསྒྱུར་བཀོད་བྱེད་པའི་ལས་གཞི་བརྩོན་ལེན་བྱས་པ་བརྒྱུད་ནས་ཁྱིམ་ཚང་བརྒྱ་དང་གོ་བཞིའི་མི་གྲངས་བརྒྱད་བརྒྱ་དང་དོན་གཅིག་གི་སྡོད་ཁང་གནད་དོན་ཐག་གཅོད་བྱས་པ་དང་། གོང་རིམ་ནས་མ་དངུལ་བརྩོན་ལེན་བྱས་ཏེ་ཨར་འདམ་གྱི་ལམ་སྤྱི་ལེ་ཞེ་གཉིས་ལས་པ་དང་གཞུང་ལམ་སྤྱི་ལེ་ཉེར་གསུམ་གསར་དུ་ལས་པ། ལམ་རྙིང་སྤྱི་ལེ་བཅོ་ལྔ་གསར་ལས་བྱས་པ་བཅས་ཀྱིས་དབུལ་ཕོངས་ཁྱིམ་ཚང་དག་གི་འགྲིམ་འགྲུལ་སྟབས་མི་བདེ་བའི་གནད་དོན་ཐག་གཅོག་བྱས། ཁོས་རྒྱུན་པར་བཤད་རྒྱུར། “སྟོང་གཏམ་ལུང་བ་གང་བཤད་པ་ལས་དབུལ་ཕོངས་ཁྱིམ་མི་ཞིག་གི་མིང་ཡིད་ལ་འཛིན་པ་དེ་དགའ་ཞིང་། རོགས་སྐྱོར་གྱི་ལས་གཞི་དེ་དོན་ངོ་མར་ལག་བསྟར་བྱས་ནས་མི་དམངས་མང་ཚོགས་ཀྱི་འཚོ་བའི་ཁྲོད་ཀྱི་དོན་དངོས་གནད་དོན་ཐག་གཅོད་བྱེད་དགོས”ཟེར།
དབུལ་སྐྱོར་བྱེད་པའི་བྱ་བའི་འགན་ཁུར་ཐེག་པ།
བོད་ཁུལ་གྱི་དབུལ་ཕོངས་མང་ཚོགས་ཀྱི་རིག་གནས་ཆུ་ཚད་དམའ་ཞིང་གོ་བ་ལེན་པའི་ནུས་པ་ཞན་པ་བཅས་ཀྱིས་དབུལ་སྐྱོར་མཁྲེགས་གཏོར་བྱེད་པའི་བྱ་བ་སྤེལ་བར་དཀའ་ཁག་ཧ་ཅང་ཆེ། རྡོ་བྷས་རྒྱུན་དུ་ཧྲུའུ་ཅི་དང་པོ་དང་སྡེ་སྡོད་ལས་བྱེད་པ་ཁྲིད་དེ་ཁྱིམ་ཚང་རེ་རེར་སོང་ནས་བོད་སྐད་ཀྱི་ལམ་ནས་སྲིད་ཇུས་སྒྲོག་བཤད་བྱས་ཏེ་མི་དམངས་མང་ཚོགས་ཀྱིས་དབུལ་སྐྱོར་མཁྲེགས་གཏོར་གྱི་བྱ་བར་གོ་བ་ལོན་ཚད་དང་མི་དམངས་མང་ཚོགས་བྱ་བ་དེའི་ཁྲོད་དུ་ཞུགས་པའི་ཚད་གཞི་བརྒྱ་ཆའི་བརྒྱ་ལ་བསླེབ་པར་ཁག་ཐེག་བྱེད་བཞིན་ཡོད། དེ་དང་མཉམ་དུ་ཐོན་ལས་འཕེལ་རྒྱས་དང་བཟོ་བ་བཀོལ་སྤྱོད་བྱེད་པའི་དོན་དངོས་གཉིས་ཟུང་འབྲེལ་བྱས་ཏེ། དམིགས་གཏད་རང་བཞིན་གྱིས་ས་སློག་འཕྲུལ་ཆས་བཀོལ་སྤྱོད་བྱེད་སྟངས་དང་ཟ་མ་གཡོས་སྦྱོར་སོགས་ཀྱི་ཐད་ནས་ཆེད་དུ་གསོ་སྦྱོང་བྱས།
དོན་དངོས་ཀྱི་བྱ་བའི་ཁྲོད་དུ་རྡོ་བྷས་བལྟས་ན་དབུལ་ཐར་ཕྱུག་བསྒྱུར་བྱེད་པར་སྡེ་བ་ནས་ཁྱིམ་ཚང་རེ་རེར་ཁ་གཏད་རོགས་སྐྱོར་བྱེད་རྒྱུ་དེ་ཤིན་ཏུ་དགོས་གལ་ཆེ་བར་མ་ཟད། གནད་འཁེལ་དབུལ་སྐྱོར་བྱ་བ་བཟང་བོར་བསྒྲུབ་པ་དང་དོན་དངོས་དང་ཞིབ་ཚགས་ཀྱི་སྒོ་ནས་བསྒྲུབ་རྒྱུ་ནི་དེ་ལས་ཀྱང་གལ་གནད་ཆེ་བ་ཞིག་རེད།
ཉིས་སྟོང་བཅུ་དྲུག་ལོའི་ཟླ་བཅུ་བར། བིས་མདོ་བོད་རིགས་ཞང་གི་དབུལ་ཕོངས་སྡེ་བ་གཉིས་དང་དབུལ་ཕོངས་མ་ཡིན་པའི་སྡེ་བ་ལྔའི་ཁྱིམ་ཚང་དྲུག་ཅུ་རེ་གཉིས་ཀྱི་མི་གྲངས་ཉིས་བརྒྱ་དང་ང་གསུམ་གྱིས་ཞུང་ཧྭ་རྫོང་གི་ལྷ་མོ་གྱོན་ཆས་ཚད་ཡོད་ཀུང་ཟིར་མ་རྐང་བཞག་ནས་ཡོང་འབབ་བགོ་བཤའ་རྒྱག་པའི་གྲོས་མཐུན་མིང་རྟགས་བཀོད་ཅིང་ལོ་རེར་བརྒྱ་ཆའི་བརྒྱད་ཀྱི་སྐྱེད་ཀའི་ཚད་གཞི་ལྟར་ཡོང་འབབ་བགོ་བཤའ་བརྒྱབ། ཉིས་སྟོང་བཅུ་དྲུག་གི་ལོ་མཇུག་ཏུ་མི་རེ་ལ་སྒོར་མོ་བཞི་བརྒྱ་སོ་གཉིས་རེ་བྱིན་པར་མ་ཟད་དབུལ་ཕོངས་ཁྱིམ་ཚང་གི་མི་གྲངས་ལྔ་བཅུའི་ལས་གནས་ཐག་གཅོད་བྱས་པ་དེས་མ་རྩའི་ཡོང་འབབ་ཀྱིས་དབུལ་སྐྱོར་བྱེད་པའི་རྣམ་པ་གསར་བ་དེ་མཚོ་ཤར་གྲོང་ཁྱེར་ནས་ཐོག་མར་མངོན་འགྱུར་བྱུང་བ་རེད། འདི་དག་ཚང་མ་ནི་བིས་མདོ་བོད་རིགས་ཞང་དུ་ལོ་ངོ་ཐུང་ཐུང་གཅིག་གི་ནང་དུ་བྱུང་བའི་དགའ་འོས་པའི་འགྱུར་ལྡོག་གི་རྣམ་པ་རེད། གཞི་གྲངས་ལས་མངོན་པ་ལྟར་ན། ཉིས་སྟོང་བཅོ་ལྔ་ལོར་བིས་མདོ་བོད་རིགས་ཞང་གི་ཞང་བ་མི་རེའི་ལོ་གཅིག་གི་ཡོང་འབབ་དེ་སྒོར་མོ་སྟོང་དྲུག་དང་སུམ་བརྒྱ་རེ་དགུ་ཡིན་པ་དང་། འགྲིམ་འགྲུལ་འཛུགས་སྐྲུན་གྱི་ཕྱོགས་ནས་ཨར་འདམ་གྱི་ལམ་སྡེ་བ་དང་ཁྱིམ་ཚང་རེ་རེར་ལས་ཡོད་པ་དང་། སྡེ་བ་རེ་རེར་ལམ་གློག་འཐེན་ཡོད་པར་མ་ཟད་རང་འབབ་ཆུ་མེད་པའི་ལོ་རྒྱུས་ཀྱང་གཞི་ནས་མཇུག་རྫོགས། ད་ལྟ་དབུལ་ཕོངས་སྡེ་བ་གཉིས་ནས་ཁྱིམ་ཚང་གོ་དགུའི་དབུལ་ཕོངས་མི་གྲངས་སུམ་བརྒྱ་ལྔ་བཅུ་དབུལ་ཐར་བྱས་ཟིན་པ་དང་། དབུལ་ཐར་གྱི་ཚད་གཞི་དེ་སྔོན་ཆད་ཀྱི་བརྒྱ་ཆའི་བརྒྱད་དང་གྲངས་ཆུང་ཐིག་ལྔ་ནས་བརྒྱ་ཆའི་བཞི་དང་གྲངས་ཆུང་ཐིག་གཉིས་སུ་མར་ཆག་ཡོད།
དབུལ་སྐྱོར་མཁྲེགས་གཏོར་བྱ་བ་ནི་ཡུན་རིང་གི་ལས་འགན་ཞིག་རེད། གཙོ་བོ་སེམས་ཤུགས་ཡོད་ཚད་བཏོན་ཏེ་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་གྱིས་རང་ཉིད་ཀྱི་འདུ་ཤེས་སྲ་བརྟན་དུ་བཏང་སྟེ་བྱ་བར་སྐུལ་འདེད་བྱེད་པ་དང་། མི་དམངས་མང་ཚོགས་དང་སེམས་ཤུགས་གཅིག་སྒྲིལ་གྱིས་བྱ་བའི་ཐབས་ལམ་ལེགས་པོར་སྤྱད་ན། བིས་མདོ་བོད་རིགས་ཞང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་རྒྱུ་ནི་རིང་མིན་མངོན་དུ་འགྱུར་ཐུབ་པའི་དོན་དག་ཅིག་རེད།
དབུལ་ཐར་མ་བྱས་པར་བྱ་བར་མཚམས་མི་འཇོག་པ།
བིས་མདོ་བོད་རིགས་ཞང་ལ་ལྗོངས་རྒྱུའི་ཐོན་ཁུངས་ཕུན་སུམ་ཚོགས་པ་ཞིག་ཡོད་པ་སྟེ། པཎ་ཆེན་གྱི་གཞིས་ཀ་དང་བིས་མདོ་དགོན་ཆེན། བིས་མདོ་གནའ་མཁར་སོགས་རིག་གནས་ལྗོངས་རྒྱུའི་ས་ཁུལ་མང་པོ་ཡོད་པའི་མང་ཡུལ་སྡེ་བ་ནི་ཞང་ཡོངས་ཀྱི་ལྗོངས་རྒྱུའི་གནས་སྐོར་ཐོན་ལས་མགོ་རྩོམ་སའི་སྡེ་བ་གཙོ་བོར་གྱུར་ཡོད།
གསར་འགོད་པ་སྡེ་བ་དེའི་གདོད་མའི་གཞིས་ཀའི་བོད་ཁྱིམ་སྤྲོ་སྐྱིད་གླིང་དུ་ཐོན་པ་ན་ཁང་ཁྱིམ་གྱི་ར་སྐོར་ཧྲིལ་བོ་བོད་ལུགས་ཀྱི་སྲོལ་རྒྱུན་མཛེས་བཟོ་ལྟར་མཛེས་བཟོ་བྱས་ཡོད་པ་དང་། ཆེ་ཕྱོགས་ནས་ཁང་ཁྱིམ་རེ་རེ་དང་ཆུང་ཕྱོགས་ནས་སྒྲོག་ཙེ་དང་རྐུབ་སྟེགས་རེ་རེའི་ཇུས་འགོད་བྱེད་ལུགས་དེ་མཐོང་ཚེ་མི་རྣམས་ལ་གདོད་མའི་གྲོང་སྡེ་ཞིག་ལ་ཐོན་པ་ལྟ་བུའི་སྣང་བ་དབང་མེད་དུ་སྟེར།
“མང་ཡུལ་སྡེ་བར་རུ་ཁག་གསུམ་ཡོད་པ་དང་སྡེ་བ་ཡོངས་ལ་ཁྱིམ་ཚང་བརྒྱ་དང་བདུན་ཅུ་དང་མི་གྲངས་ལྔ་བརྒྱ་ལྷག་ཡོད། དེའི་ཁྲོད་དུ་དབུལ་ཕོངས་ཁྱིམ་ཚང་བཅུ་གསུམ་དང་མི་གྲངས་ང་བཞི་ཡོད། དབུལ་སྐྱོར་མཁྲེགས་གཏོར་གྱི་བྱ་བའི་ལས་འགན་མགོ་བརྩམས་པ་ནས་བཟུང་ཞང་སྲིད་གཞུང་གིས་ལྗོངས་རྒྱུའི་རོགས་སྐྱོར་མ་དངུལ་སྒོར་མོ་ས་ཡ་གཉིས་བརྩོན་ལེན་བྱས་ནས་མི་དམངས་སྐུལ་སློང་བྱས་ཏེ་བོད་ཁྱིམ་སྤྲོ་སྐྱིད་གླིང་ལྔ་བཙུགས། ཁྱིམ་ཚང་བཅུ་རེ་ཚན་ཆུང་གཅིག་རེ་བྱས་ཏེ་ཁྱིམ་ཚང་རེ་རེས་རང་སྟེང་ནས་སྒོར་མོ་ཁྲི་གཉིས་རེ་བཏང་། དེ་ལྟར་བྱས་ན་སྤྲོ་སྐྱིད་གླིང་གཅིག་ལ་མ་དངུལ་བཏང་ཚད་སྒོར་མོ་འབུམ་དྲུག་རེད།” རྡོ་བྷས་གསར་འགོད་པར་དེ་ལྟར་བཤད། ཉིས་སྟོང་བཅོ་ལྔ་ལོའི་ལོ་མཇུག་ནས་བཟུང་གཅིག་གྱུར་སྒོས་བོད་ཁྱིམ་སྤྲོ་སྐྱིད་གླིང་དེ་དག་གཅིག་རྗེས་གཉིས་མཐུད་ཀྱིས་ཇུས་འགོད་དང་བཟོ་སྐྲུན་བྱས་པར་ན་ནིང་གི་ཟླ་ལྔ་བའི་ནང་དུ་བོད་ཁྱིམ་སྤྲོ་སྐྱིད་གླིང་ལྔ་བོ་སོ་སོར་དངོས་སུ་ལེགས་འགྲུབ་བྱུང་བ་རེད།
གདོད་མའི་བོད་ཁྱིམ་སྤྲོ་སྐྱིད་གླིང་གི་འགན་ཁུར་མི་སྣའི་མིང་ལ་བཀྲ་ཤིས་ཚེ་རིང་ཟེར། གསར་འགོད་པ་ཁོ་དང་འཕྲད་པའི་དུས་ནི་ཏག་ཏག་ཁོ་རང་དགོས་གལ་ཆེ་བའི་བཟའ་བཏུང་གི་རིགས་ཉོ་ཆ་རྒྱག་ཏུ་འགྲོ་བའི་སྐབས་དེར་འཁེལ་འདུག
“ངའི་ཁྱིམ་གྱི་བྱིས་པ་གསུམ་པོ་སློབ་གྲྭར་འགྲོ་བཞིན་ཡོད། ཆུང་མས་རྒྱུན་དུ་རང་ཁྱིམ་དུ་བྱིས་པ་ཚརོ་བདག་སྐྱོང་བྱེད་བཞིན་ཡོད། ངས་ཕྱི་ཕྱོགས་ནས་ཞོར་ལས་བྱས་པའི་ལོ་གཅིག་གི་ཡོང་འབབ་དེ་སྒོར་མོ་ཁྲི་གཅིག་ལ་མི་འབུད། ཞང་གིས་བོད་ཁྱིམ་སྤྲོ་སྐྱིད་གླིང་འདི་བསྒྲུབ་དགོས་དགོས་པའི་སྐོར་གླེང་སྐབས་ངས་ཐོག་དང་པོར་འདི་ལ་མིང་ཐོ་བཀོད་པ་ཡིན། ན་ནིང་ལས་གཉེར་གྱི་དུས་ཚོད་དེ་འདྲ་མི་རིང་ནའང་ལོ་མཇུག་དུ་ཐོན་དུས་ཁྱིམ་ཚང་རེ་ལ་སྒོར་མོ་ཁྲི་གཅིག་རེ་བགོ་བཤའ་རྒྱག་རྒྱུ་འདུག འདི་ནི་སྔོན་ཆད་ང་རང་ཕྱི་ཕྱོགས་སུ་ཞོར་ལས་ལ་སོང་བ་ལས་དངོས་ནས་ཡག་པོ་འདུག ཚེ་རིང་བཀྲ་ཤིས་དགའ་བའི་འཛུམ་དང་བཅས་ཏེ་གསར་འགོད་པར་དེ་ལྟར”བཤད།
ན་ནིང་ཐོག་མར་མགོ་རྩོམ་དུས་ཀུན་ལ་བག་ཆགས་ཅུང་བཟང་བོ་ཞིག་བཞག་ཡོད་པའི་རྐྱེན་གྱིས་ད་ལོར་ཡོང་བའི་མགྲོན་པོ་ནི་མངོན་གསལ་གྱིས་ཇེ་མང་དུ་སོང་ཡོད་པས་འགན་ཁུར་བ་སྐལ་བཟང་ཚེ་རིང་གི་གནོན་ཤུགས་དེ་བཞིན་ཇེ་ཆེར་གྱུར་ཡོད།
རྟ་མགྲིན་རྒྱལ་ནི་དོན་གྲུབ་བོད་ཁྱིམ་སྤྲོ་སྐྱིད་གླིང་གི་འགན་ཁུར་མི་སྣ་རེད། ཁོ་ནི་སྡེ་བའི་ནང་གི་དབུལ་ཕོངས་ཁྱིམ་ཚང་གི་གྲས་སུ་མེད་ནའང་ཁོའི་ཁྱིམ་ཚང་གི་འཚོ་བའང་དེ་འདྲའི་འབྱོར་ཕྱུག་ལྡན་པ་ཞིག་མིན།
ཤ་བོ་ཚེ་བརྟན་དང་ཁོའི་བུ་མོ་གཉིས་ནི་སྡེ་བའི་ནང་དུ་མ་མཐའི་འཚོ་བའི་འགན་སྲུང་གི་ཁྱིམ་ཚང་རེད། སྔོན་ཆད་ཁོར་བློ་རིག་མི་གསལ་བའི་ནད་བྱུང་ཡོད་པའི་དབང་གིས་སྒོར་མོ་བཙལ་ནས་ཁྱིམ་ཚང་སྐྱོང་རྒྱུ་ནི་ཁོ་རང་ལ་མཚོན་ན་ཅུང་དཀའ་ཁག་ཆེ་བའི་དོན་དག་ཅིག་རེད། ཡིན་ན་ཡང་བོད་ཁྱིམ་སྤྲོ་སྐྱིད་གླིང་དུ་ཞུགས་རྗེས་སུ་ཁོས་ཇ་ཁང་དུ་རང་གི་འཇོན་ཐང་མངོན་ཐུབ་པ་བྱུང་། ཚོད་མ་གཏུབ་པ་དང་མེ་འབུད་པ་སོགས་ནི་སྤྱིར་བྱ་བ་ཙག་ཙིག་གི་ལས་ཀ་ཡིན་ནའང་ཁོར་ལོ་མཇུག་གི་བགོ་བཤའི་ཕན་ནས་ད་དུང་ཟླ་རེར་སྒོར་མོ་སྟོང་གཉིས་གསུམ་ཙམ་གྱི་ཟླ་ཕོགས་ཀྱང་ཡོད་པ་རེད།
“སྔོན་ཆད་ཡིན་ན་རང་གི་སྒོ་ཁ་ནས་སྒོར་མོ་བཙལ་ཐུབ་པའི་གོ་སྐབས་ཤིག་གང་ན་ཡོད། ངེས་པར་དུ་ཕྱི་རོལ་ལ་སོང་སྟེ་དཀའ་སྡུག་ལ་བརྟེན་ནས་སྒོར་མོ་བཙལ་དགོས་པ་རེད། ད་ལྟའི་འཚོ་བ་འདིས་ངོ་མ་དོན་དག་མང་པོ་ཞིག་ལ་འགྱུར་ལྡོག་བཏང་འདུག” དབུལ་སྐྱོར་བྱེད་སྟངས་འདི་ལ་སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་ཚེ་རིང་རྒྱལ་གྱིས་མཐེ་བོང་བསྒྲེངས་ནས་བསྟོད་བསྔགས་བྱས། ཁོས་བཤད་རྒྱུར། “ཞབས་ཞུའི་ཆུ་ཚད་མཐོར་འདེགས་གཏང་ཆེད་སྡེ་བའི་ནང་དུ་ཆེད་ལས་མི་སྣ་གདན་འདྲེན་བྱས་ཏེ་གསོ་སྦྱོང་འཛིན་གྲྭ་བསྒྲུབས་པ་རེད། ད་ལྟ་ཚོང་བཟང་བའི་སྐབས་སུ་ཉིན་རེར་ཕལ་ཆེར་མགྲོན་པོ་བཞི་བཅུ་ལྷག་སྣེ་ལེན་བྱེད་ཐུབ”ཟེར།
ད་ལྟ་བིས་མདོ་བོད་རིགས་ཞང་སྲིད་གཞུང་གིས་སྡེ་བ་སོ་སོའི་དོན་དངོས་གནས་ཚུལ་ལ་གཞིགས་ཏེ། སྡེ་བ་རེ་རེས་ལག་ལེན་དུ་འཁྱོལ་ཐུབ་ངེས་ཀྱི་ཕྱུག་འགྱུར་གྱི་དམིགས་འབེན་རེ་གཏན་འབེབས་བྱས་ཏེ། དབུལ་སྐྱོར་ཀྱི་སྲིད་ཇུས་བརྩོན་ལེན་བྱེད་ཀྱིན་འདུག
ཧོང་ཆེན་སྐྱིད་ནི་ར་གཤོངས་སྡེ་བའི་སྡེ་མི་ཡིན་པ་དང་སྔོན་ཆད་ཁྱིམ་ཚང་དབུལ་ཞིང་ཁྱིམ་དུ་ནོར་ལུག་ཉུང་། རྒྱུན་པར་གཞན་གྱི་ཕྱུག་འཚོ་བར་བརྟེན་ནས་འཚོ་བ་སྐྱེལ་བ་དང་ཡང་ན་ཁྱིམ་དུ་ལས་རྒྱུ་མེད་པར་བསྡད་ཡོད་པས་དཔལ་འབྱོར་གྱི་ཡོང་སྒོ་ཉུང་བའི་སྡེ་བའི་དབུལ་ཕོངས་ཁྱིམ་ཚང་ཡིན། ཉིས་སྟོང་བཅུ་དྲུག་ལོར་ས་གནས་སྲིད་གཞུང་གིས་འབྲེལ་ཡོད་དབུལ་སྐྱོར་སྲིད་ཇུས་ལྟར་ཁོ་མོའི་ཁྱིམ་གྱི་མི་རེ་ལ་ཆ་སྙོམས་ཀྱིས་དབུལ་སྐྱོར་རོགས་དངུལ་སྒོར་མོ་སྟོང་ལྔ་དང་བཞི་བརྒྱ་རེ་བྱིན་པ་དེ་ཁོ་མོས་མ་རྐང་དུ་འཇོག་པའི་རྣམ་པས་ས་གནས་དེའི་སྒེར་གཉེར་གྱོན་ཆས་ལས་སྣོན་བཟོ་གྲྭ་ཞིག་ལ་ཞུགས། དེ་ལྟར་བྱས་པས་ལོ་མཇུག་དུ་ཁོ་མོར་ཡོང་འབབ་སྒོ་བཤའ་རྒྱག་རྒྱུ་ཡོད་པར་མ་ཟད། ད་དུང་ཟླ་ཕོགས་ཤིག་ཀྱང་ཇེ་མང་དུ་སོང་ཡོད་པས་ཁྱིམ་ཚང་གི་དཔལ་འབྱོར་གྱི་རྣམ་པར་འགྱུར་ལྡོག་མངོན་གསལ་བྱུང་ཡོད།
མ་དངུལ་དང་ལས་གཞི། བྱེད་ཐབས་བཅས་ཁྱིམ་ཚང་རེ་རེར་ལག་བསྟར་བྱས་པ་དང་། ལྷག་པར་དུ་དབུལ་ཕོངས་ཁྱིམ་ཚང་གི་བསམ་འཆར་ལ་བརྩི་འཇོག་གང་ལེགས་བྱེད་པའི་རྨང་གཞིའི་སྟེང་བིས་མདོ་ཞང་གིས་ཐོན་ལས་བྱེད་ཡུལ་ཡོད་མཁན་ལ་མ་དངུལ་གྱིས་རོགས་སྐྱོར་བྱེད་པ་དང་ངལ་རྩོལ་ནུས་ཤུགས་མེད་པ་དང་ཡང་ན་ཐོན་ལས་གདམ་ཐབས་མེད་པའི་དབུལ་ཕོངས་ཁྱིམ་ཚང་ལ་སྲིད་ཇུས་ཀྱིས་སྣེ་ཁྲིད་བྱས་ཏེ། ཞིང་པའི་དཔལ་འབྱོར་གྱི་ཡོང་སྒོ་མཐོར་འདེགས་སུ་བཏང་།
རྡོ་བྷས་བཤད་རྒྱུར། “བླངས་ཟིན་པའི་གྲུབ་འབྲས་ཕྲན་བུ་དེ་ནི་འདས་ཟིན་པར་གཏོགས་ཤིང་། མ་འོངས་པའི་ལས་འགན་སྔར་ལས་ལྕི། རྩ་འཛུགས་ཀྱིས་ང་ཚོར་སྤྲད་པའི་གནད་འཁེལ་དབུལ་སྐྱོར་གྱི་ལས་འགན་དེ་རྦད་ཆོད་སྒོས་ལེགས་འགྲུབ་བྱེད་པ་དང་། བིས་མདོ་བོད་རིགས་ཞང་དབུལ་ཐར་མ་བྱས་པར་བྱ་བའི་ལས་མཚམས་གཏན་ནས་འཇོག་རྒྱུ་མིན། དོན་དངོས་ཀྱི་བྱ་སྤྱོད་ཀྱིས་བིས་མདོ་བོད་རིགས་ཞང་གི་དབུལ་ཐར་ཕྱུག་འགྱུར་དང་ཞུང་ཧྭ་རྫོང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས། ཞིང་ཆེན་ཡོངས་སུ་དབུལ་སྐྱོར་མཁྲེགས་གཏོར་འཆར་གཞི་ལག་བསྟར་བྱེད་པ་བཅས་ལ་རང་ནུས་ཅི་ཡོད་འདོན་རྒྱུ་ཡིན”ཟེར།
ལོ་ཙཱ་བ། གཡང་འབུམ་རྒྱལ།