སངས་རྒྱས་དོན་གྲུབ་ཀྱིས་མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ངལ་སེལ་བར་ཧུར་བརྩོན་བྱས་པ།
2017.12.18 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 52

ཉེ་བའི་ལོ་འགའི་རིང་ལ། ན་གཞོན་སློབ་ཆེན་པ་གང་མང་ཞིག་སློབ་མཐར་ཕྱིན་རྗེས་གཞི་རིམ་ཞིང་སྡེ་རུ་འགྲོ་བཞིན་ཡོད་ལ་སྡེ་དཔོན་སློབ་ཆེན་པ་ཞིག་བྱེད་པའི་གདམ་གསེས་དེ་ནི་རང་ཉིད་སྦྱོང་བརྡར་དང་སྤྱིར་བཏང་མིན་པའི་བྱ་བའི་བརྒྱུད་རིམ་ཞིག་ཏུ་གྱུར་ཡོད།

སངས་རྒྱས་དོན་གྲུབ་ནི་ན་གཞོན་དེ་དག་ནང་གི་གཅིག་ཡིན་ལ། ད་ལྟ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་འབྲོང་མཐིལ་ཞང་སྟག་ཐང་སྡེ་བར་བྱ་བ་སྒྲུབ་བཞིན་ཡོད། 2015ལོར་སློབ་ཆེན་ནས་མཐར་ཕྱིན་རྗེས་གནས་དེར་སོང་སྟེ་ལོ་ངོ་གཉིས་ལྷག་ལ་གཞི་རིམ་གྱི་བྱ་བ་བསྒྲུབས་པས་ད་ལྟ་ཁོ་རང་གཞི་རིམ་བྱ་བ་སྒྲུབ་པར་ཉམས་མྱོང་དང་ནུས་པ་ཅན་ཞིག་ཏུ་གྱུར་ཡོད།

སངས་རྒྱས་དོན་གྲུབ་ཀྱིས་བཤད་རྒྱུར། ཐོག་མར་སྡེ་བའི་ནང་དུ་སོང་སྐབས་ཡོད་ཚད་ལ་ཆ་མེད་རྒྱུས་མེད་ཡིན་ལ། ལྷག་པར་སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱིས་ཞིང་སྡེའི་སྤྱི་ཚོགས་རྒན་གསོ་ཉེན་འགོག་གསར་པའི་སྲིད་ཇུས་དངོས་འབེབས་བྱེད་པའི་ལས་འགན་རང་ལ་སྤྲོད་སྐབས་དངོས་གནས་དཀའ་ངལ་ལ་འཕྲད་མྱོང་ཟེར།

ཞིང་སྡེའི་སྤྱི་ཚོགས་རྒན་གསོ་ཉེན་འགོག་གསར་པ་ནི་དམངས་ལ་ཕན་ཐོགས་པའི་དམངས་འཚོའི་བཟོ་འགོད་ཅིག་ཡིན་པས། རོང་འབྲོག་པའི་རྒན་གསོའི་གནད་དོན་དང་འབྲེལ་ཡོད། རོང་འབྲོག་མང་ཚོགས་རྣམས་དམངས་ཕན་སྲིད་ཇུས་འདི་ལ་ཆ་རྒྱུས་མེད་པས་ལག་བསྟར་ཁྱབ་སྤེལ་བྱེད་པ་དེ་ལས་སླ་མོ་ཞིག་མིན་ལ་ཞིང་སྡེའི་སྤྱི་ཚོགས་རྒན་གསོ་ཉེན་འགོག་གསར་པ་ལ་ཞུགས་མཁན་ཤིན་ཏུ་ཉུང་།

ལས་འགན་དང་ལེན་བྱས་རྗེས་སངས་རྒྱས་དོན་གྲུབ་ཀྱིས་ཐོག་མར་སྡེ་བའི་ནང་དྲིལ་སྒྲོག་བྱས་ཏེ་སྡེ་མི་རྣམས་ལ་ཞིང་སྡེའི་སྤྱི་ཚོགས་རྒན་གསོ་ཉེན་འགོག་གསར་པ་ནི་ཅི་ལྟ་བུ་ཞིག་ཡིན་པ་དང་དེ་ལ་བཟང་ཆ་གང་དག་ཡོད་པ་རྒྱུས་ལོན་བྱེད་དུ་བཅུག

ཉིན་རེའི་ཞོགས་པར་མལ་ལས་ལངས་རྗེས་སངས་རྒྱས་དོན་གྲུབ་ཁྱིམ་ཚང་རེ་རེར་སོང་སྟེ་དེ་དྲིལ་སྒྲོག་དང་།ཁ་ཏ་སློབ་གསོ་གཏོང་བ། སྲིད་ཇུས་གླེང་བ། སྡེ་བའི་ལས་བྱེད་པས་སྣེ་ཁྲིད་དེ་ཉེན་འགོག་ནང་ཞུགས་པར་སྐུལ་སློང་བྱས་ཏེ་མིག་དཔེ་བཏོན་པར་མ་ཟད། ནག་པང་ཐོག་གསར་འགྱུར་འགོད་པ་དང་སྦྱར་ཡིག་སྦྱོར་བ། འཕྲེད་ཡིག་འཐེན་པ། དྲིལ་སྒྲོག་རྒྱུ་ཆ་བཀྲམ་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་སྲིད་ཇུས་དྲིལ་སྒྲོག་རྒྱ་ཆེར་སྤེལ།

སངས་རྒྱས་དོན་གྲུབ་ཀྱིས་བཤད་རྒྱུར། “ས་དེའི་རོང་འབྲོག་མང་ཚོགས་རྣམས་རང་བྱུང་གི་ཆར་ཆུ་ལ་བརྟེན་ནས་ས་ཞིང་འདེབས་པ་དང་ཕྱུགས་ཟོག་སྐྱོང་བའི་འཚོ་བར་གོམས་ཡོད་པས་ལོ་ན་རྒས་པའི་སྐབས་སུ་རྒན་གསོའི་མ་དངུལ་ལེན་ཆོག་པ་ནི་རྨི་ལམ་དུའང་རྨིས་མ་མྱོང་།ཡིན་ནའང་རྒྱལ་ཁབ་ཀྱིས་སྲིད་ཇུས་བཟང་པོ་གང་མང་བཏོན་ཏེ་རོང་འབྲོག་མང་ཚོགས་ལ་རྒས་ཀྱང་འཚོ་རྟེན་ཡོད་པ་མངོན་འགྱུར་བྱེད་དུ་བཅུག་སྟེ་ཁོ་ཚོའི་རྗེས་ཕྱོགས་ཀྱི་སེམས་ཁྲལ་མེད་པར་བཏང་ཡོད། ངའི་འབད་འབུངས་ཐམས་ཅད་ཀྱང་ཡུལ་མི་ཚོ་མ་འོངས་པ་ན་འགྱོད་སྣང་མེད་པ་ཞིག་བྱ་རྒྱུ”དེ་ཡིན་ཟེར།

སངས་རྒྱས་དོན་གྲུབ་ཀྱིས་འབད་བརྩོན་བྱས་འོག་སྟག་ཐང་སྡེ་བའི་མི415ཞིང་སྡེའི་སྤྱི་ཚོགས་རྒན་གསོ་ཉེན་འགོག་གསར་པའི་ནང་ཞུགས་ཤིང་ཞུགས་ཚད90%ལ་སླེབས།

ད་ལོ་ལོ་ན60ལ་སོན་པའི་རྒན་པོ་བཀྲ་ཤིས་ཚེ་རིང་ནི་དུས་རྒྱུན་ཕྱི་ན་ལས་ཀ་སྒྲུབ་བཞིན་ཡོད་པ་དང་ནམ་ཡང་ཁོ་ལ་འབྲེལ་གཏུག་བྱེད་མི་ཐུབ་པས་སངས་རྒྱས་དོན་གྲུབ་ལ་བྲེལ་བ་ལངས་ཏེ་གང་ས་གང་ནས་མི་དེའི་གནས་ཚུལ་རྩད་གཅོད་དང་ཡང་ན་མི་གཞན་ལ་སྐད་བསྐུར་བ་སོགས་ཀྱི་བྱེད་ཐབས་སྤྱད་པའི་མཐར་ཟླ་གཅིག་གི་རྗེས་ནས་ཁོ་ལ་དངོས་སུ་ངོ་ཐུག་པ་དང་དེའི་རྗེས་སུ་བཀྲ་ཤིས་ཚེ་རིང་ཚང་ལ་སོང་སྟེ་ཉེན་འགོག་ཕྱོགས་ཀྱི་གནས་ཚུལ་གསལ་བཤད་བྱས།

དང་ཐོག་ཞིང་པ་རྣམས་ཀྱིས་རྒན་གསོའི་མ་དངུལ་ལེན་ཆོག་པའི་དོན་དེར་བཀྲ་ཤིས་ཚེ་རིང་ཡིད་ཆེས་དེ་འདྲ་མེད་ཀྱང་། འོན་ཀྱང་སངས་རྒྱས་དོན་གྲུབ་ཀྱིས་རང་གི་བྱ་བར་དེ་འདྲའི་ཧུར་བརྩོན་བྱེད་པ་མཐོང་བ་ན་ཁོ་ཡང་སེམས་འགུལ་ཐེབས་ཏེ། གཞན་ལ་འདྲི་རྩད་ཀྱང་མ་བྱས་པར་དེ་མ་ཐག་ཏུ་ཉེན་འགོག་མ་དངུལ་སྒོར2000སངས་རྒྱས་དོན་གྲུབ་ཀྱི་ལག་ཏུ་སྤྲད། དེའི་ཕྱི་ཉིན་སྔ་དྲོར། སངས་རྒྱས་དོན་གྲུབ་ཞིན་ཧེ་རྫོང་གི་སྤྱི་ཚོགས་ཉེན་འགོག་ལས་དོན་དོ་དམ་ཅུས་ལ་སོང་སྟེ་ཉེན་འགོག་མ་དངུལ་དམིགས་བཙུགས་གྲངས་ཐོའི་ནང་བཞག འགྲོ་ལུགས་དུས་ཐོག་ཏུ་བསྒྲུབས་པའི་དབང་གིས་བཀྲ་ཤིས་ཚེ་རིང་གིས་ལོ་དེ་ནས་བཟུང་རྒན་གསོའི་མ་དངུལ་ལོངས་སྤྱོད་བྱེད་མགོ་བརྩམས།


སངས་རྒྱས་དོན་གྲུབ་རང་གི་བྱ་བར་ཡིད་འགུལ་ཆེན་པོ་ཐེབས་ཏེ་བཤད་རྒྱུར། “མང་ཚོགས་ཀྱི་ཁས་ལེན་འཐོབ་དགོས་ན། དོན་དག་ཕྲན་ཚེགས་རེ་ལའང་སྣང་ཆུང་གཏན་ནས་མི་བྱེད་པར་ཏན་ཏན་ཏིག་ཏིག་གིས་མང་ཚོགས་ལ་དོན་བཟང་དང་དོན་དངོས་བསྒྲུབ་དགོས། དེ་ལས་གཞན་རོང་འབྲོག་ཁྱིམ་ཚང་དུ་སོང་སྟེ་ངོ་དང་ངོ་ཐུག་པ་དང་། སེམས་པ་དང་སེམས་པ་གླན་ནས་མང་ཚོགས་ལ་ཁྱིམ་ཚང་གི་གནས་ཚུལ་སྐོར་ནས་ཁ་བརྡ་བྱེད་ཞོར་མང་ཚོགས་ཀྱི་བསམ་འདུན་ལ་རྒྱུས་ལོན་ཡང་དག་བྱེད་དགོས”ཟེར།

ལོ་ངོ་གཉིས་ཀྱི་རིང་ལ། སངས་རྒྱས་དོན་གྲུབ་ཀྱིས་རོང་འབྲོག་མང་ཚོགས་ལ་སྐམས་ལུག་བཙོང་རོགས་དང་། དབུལ་ཁྱིམ་ལ་རོགས་སྐྱོར་བྱེད་པ། སྡེ་བའི་ཁོར་ཡུག་སྲུང་སྐྱོབ་མཐུན་ཚོགས་དང་མཉམ་དུ་སྡེ་བའི་རྣམ་པ་དག་གཙང་ཅན་དུ་བསྒྱུར་རོགས་བྱས་ཤིང་། མང་ཚོགས་ལ་བརྩེ་བ་རྣམ་དག་བཅངས་ནས་ལྷག་བསམ་དྲོན་མོས་ཁོ་ཚོའི་དཀའ་ངལ་སེལ་རོགས་བྱས། 

རྩོམ་སྒྲིག་པ།  སྐར་མ་འཚོ།