སྡེ་བའི་སྨན་པ་སྐལ་བཟང་ཚེ་རིང་གི་ཁོར་ཡུག་སྲུང་སྐྱོབ་ལམ་བུ།
2017.12.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 49

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་རྐ་འབའ་སུམ་མདོ་གྲོང་རྡལ་སྟག་ཡན་སྡེ་བ་ནི་རྫོང་མཁར་དང་སྤྱི་ལེ་བརྒྱད་ཀྱི་མཚམས་སུ་གནས་ཡོད། སྡེ་ཡོངས་སུ་བསྡོམས་པས་ཁྱིམ་ཚང་ཉིས་བརྒྱ་སུམ་ཅུ་དང་རོང་འབྲོག་པའི་མི་གྲངས་བརྒྱད་བརྒྱ་བརྒྱད་ཅུ་ལྷག་ཡོད་པ་དང་། ཞིང་ཕྱུགས་གཉིས་ཀ་གཉེར་བའི་བོད་རིགས་སྡེ་བ་ཞིག་ཡིན་ལ། རྫོང་ཡོངས་སུ་མིང་གྲགས་ཅུང་ཆེ་བའི་ཁོར་ཡུག་སྲུང་སྐྱོབ་བྱས་པ་ཧ་ཅང་བཟང་བའི་སྡེ་བ་ཞིག་རེད། སྡེ་བའི་ཕྱི་ནང་ཀུན་ཏུ་ཕལ་ཆེར་གད་སྙིགས་གཅིག་ཀྱང་མཐོང་རྒྱུ་མེད།

སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་སྟག་མགོན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། ལོ་མང་པོའི་རིང་ལ་སྟག་ཡན་སྡེ་བའི་ཟླ་རེར་དུས་གཏན་འཁེལ་བྱས་ཏེ་ཁོར་ཡུག་ལེགས་བཅོས་བྱ་འགུལ་སྤེལ་བ་དང་། དུས་རྒྱུན་གྱི་འཚོ་བའི་ཁྲོད། འགྱིག་ཁུག་བཀོལ་སྤྱོད་བྱེད་མཁན་ཧ་ཅང་ཉུང་ལ། སྡེ་བའི་ཚོང་ཁང་གིས་ཀྱང་མི་གཙང་བའི་ཟས་རིགས་ཕྱིར་འཚོང་བྱེད་ཀྱིན་མེད་པ་མ་ཟད། སྡེ་བའི་ལོ་ལོན་རྒན་གཞོན་ཡོངས་ཀྱིས་གཙང་སྦྲ་ལ་དོ་སྣང་བྱེད་པ་དང་། ཁོར་ཡུག་སྲུང་སྐྱོབ་ཀྱི་གོམས་སྲོལ་བཟང་བོ་ཆགས་ཡོད།

དེ་དག་ཡོད་ཚད་ནི་སྡེ་བའི་སྨན་པ་སྐལ་བཟང་ཚེ་རིང་དང་ཁོའི“རྫོང་རི་སྐྱེ་ཁམས་རིག་གནས་སྲུང་སྐྱོབ་མཐུན་ཚོགས”ཀྱིས་བཞག་པའི་བག་ཆགས་རེད།

ས་ཆ་དེ་ནས་སྐྱེས་པའི་ལོ་སུམ་ཅུ་ཅན་གྱི་སྐལ་བཟང་ཚེ་རིང་གིས་ཕ་ཡུལ་གྱི་རི་ཆུ་ལ་བརྩེ་བ་ཟབ་མོ་ཡོད། ཕ་ཡུལ་གྱི་མང་ཚོགས་རྣམས་སྨན་ཁང་དུ་ཕར་རྒྱུག་ཚུར་རྒྱུག་བྱེད་པའི་རྣམ་པ་དེ་མཐོང་བས། ཁོས་ཆུང་དུས་ནས་སྨན་སྦྱངས་རྒྱུའི་འདུན་པ་ཡོད་ལ། ཕ་ཡུལ་གྱི་མང་ཚོགས་རྣམས་ལ་རང་ནུས་ཡོད་ཚད་ཀྱིས་ཞབས་འདེགས་ཞུ་འདོད་ཡོད།

2010ལོར། སྐལ་བཟང་ཚེ་རིང་གིས་རྒྱུགས་འབྲས་བཟང་བོ་བླངས་ཏེ་མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གི་བོད་ཀྱི་གསོ་བ་རིག་པའི་ཆེད་ལས་སུ་རྒྱུགས་འཕྲོད།

སློབ་གྲྭ་འགྲིམ་སྐབས། སྐལ་བཟང་ཚེ་རིང་དུས་རྒྱུན་དགེ་རྒན་དང་མཉམ་དུ་རི་མགོ་སྨན་རྩྭ་བརྐོ་རུ་འགྲོ་བ་དང་། སྐམ་ལ་ཉེ་བའི་ཆུ་བོ་དག་མཐོང་། ཆུ་བོ་ཞིག་མེད་པར་སོང་ཚེ་ཉེ་འགྲམ་གྱི་སྐྱེ་དངོས་དག་ཀྱང་མེད་པར་འགྲོ་སྲིད་ལ། རྩྭ་སྨན་སྐོར་ཞིག་འཚོལ་བསྡུ་བྱེད་པར་དཀའ་ཁག་ཆེན་པོ་ཡོད། ཁྱད་པར་དུ་ཆུའི་འགྲམ་དང་རི་འདབས་སུ་གནས་སྐོར་དུ་ཡོང་མཁན་ཚོས་གད་སྙིགས་གཡུག་ཡོད་པ་མཐོང་རྗེས། སྐལ་བཟང་ཚེ་རིང་གི་སེམས་སུ་ཁོར་ཡུག་སྲུང་སྐྱོབ་ཀྱི་དང་བླངས་བ་ཞིག་བྱེད་པའི་འདུན་པ་དྲག་པོ་སྐྱེས།

དེ་ནས། ཁོས་ཆེད་ལས་ཤེས་བྱ་སྦྱངས་བ་དང་མཉམ་དུ་སློབ་གྲྭའི་ཁོར་ཡུག་སྲུང་སྐྱོབ་དང་བླངས་རུ་ཁག་ཏུ་ཞུགས། སློབ་ཆེན་མཐར་ཕྱིན་རྗེས། སྐལ་བཟང་ཚེ་རིང་ཕྱིར་ཕ་ཡུལ་སྟག་ཡན་སྡེ་བ་རུ་ཡོང་ནས་སྡེ་བའི་སྨན་པ་བྱས།

སྐལ་བཟང་ཚེ་རིང་གི་བོད་ལུགས་དང་ནུབ་ལུགས་ཀྱི་སྒོ་བསྟེན་སྨན་ཁང་གི་གཞི་རྒྱ་ཧ་ཅང་ཆུང་ལ། ར་སྐོར་ཆུང་བ་ཞིག་གི་ནང་དུ་ནད་བཅོས་ཁང་དང་བོད་སྨན་ལེན་ས། སྨན་པའི་ལས་རེས་ཁང་སོགས་ཡོད། གྲལ་དག་པའི་སྨན་སྒྲོམ་སྟེང་དུ་བོད་སྨན་གྱི་མིང་སྣ་ཚོགས་བྲིས་ཡོད་པ་དང་། ར་སྐོར་ནང་གི་སྨན་བཅོས་སྒྲིག་ཆས་ཚང་མ་སྐལ་བཟང་ཚེ་རིང་གིས་རང་གི་མ་དངུལ་བཏང་ནས་ལས་པ་དང་ཉོས་པ་རེད།

སྒོ་བསྟེན་ཁང་གི་གྱང་ངོས་སུ་ཆེས་གསལ་བར་སྣང་ཡོད་པ་ནི“རྫོང་རི་སྐྱེ་ཁམས་རིག་གནས་སྲུང་སྐྱོབ་མཐུན་ཚོགས”ཞེས་པའི་ཡིག་འབྲུ་ཆེན་པོ་དང་འདྲ་པར་དག་རེད། དེ་དག་ནི་ལོ་འདི་དག་གི་རིང་ལ་ཁོས་ཁོར་ཡུག་སྲུང་སྐྱོབ་དང་བླངས་བ་དང་མཉམ་དུ་སྤེལ་བའི་བྱ་འགུལ་གྱི་འདྲ་པར་རེད། 2010ལོ་ནས་བཟུང་། མགོ་ལོག་དང་ཡུས་ཧྲུའུ། མཚོ་སྔོན་པོ། སྤྲེལ་རྫོང་དགོན་པ། ཨ་མྱེས་རྨ་ཆེན་བཅས་ཀྱི་ས་གནས་དག་གིས་སྐལ་བཟང་ཚེ་རིང་དང་དང་བླངས་བ་རྣམས་སོང་བའི་ས་ཆ་སོ་སོར་ཟིན་ཐོ་བཀོད་ཡོད།

སྐལ་བཟང་ཚེ་རིང་གིས་མཚམས་སྦྱོར་བྱས་པ་ལྟར་ན། དང་ཐོག་ཁོས་འདྲ་པར་དེ་དག་གྱང་ངོས་སུ་སྦྱོར་དོན་ནི་མང་ཚོགས་རྣམས་ལ་ནད་ལ་བལྟ་བ་དང་མཉམ་དུ་ཚང་མ་ཁོར་ཡུག་སྲུང་སྐྱོབ་ཀྱི་ཤེས་བྱ་དྲིལ་སྒྲོག་བྱེད་འདོད་པས་ཡིན་ལ། ཚང་མར་སྐྱེ་ཁམས་སྲུང་སྐྱོབ་ཀྱི་གལ་ཆེན་རང་བཞིན་ཤེས་སུ་འཇུག་རྒྱུ་དེ་ཡིན། ངའི་ཕ་ཡུལ་ལ“རྫོང་རི་རིག་གནས་ཀྱི་ཕ་ས”ཞེས་པའི་མཚན་སྙན་ཐོབ་ཡོད་པ་དང་། རིག་གནས་བརྒྱུད་སྒྲོག་བྱས་ཏེ་མི་རྣམས་ཀྱིས་སྐྱེ་ཁམས་ལ་དོ་ཁུར་དང་སྲུང་སྐྱོབ་བྱེད་པ་ནི་མཐུན་ཚོགས་དང་ཐོག་འཛུགས་པའི་སེམས་འདུན་ཡིན་ཟེར།

ཉེ་བའི་ལོ་འགའི་རིང་ལ། སྐལ་བཟང་ཚེ་རིང་གིས་ཁོར་ཡུག་སྲུང་སྐྱོབ་དང་བླངས་རུ་ཁག་མུ་མཐུད་དུ་འཕེལ་རྒྱས་སུ་བཏང་བ་དང་། སྲུང་སྐྱོབ་མཐུན་ཚོགས་སུ་རང་སྡེ་བའི་མི་སྣ་ལས་གཞན་ད་དུང་ཉེ་འགྲམ་གྱི་སྡེ་བ་འགའི་མི་མང་པོ་ཡོད།

ལོ་རེའི་དབྱར་ཁར། སྐལ་བཟང་ཚེ་རིང་གིས་མི་རྣམས་ཀྱི་སྣེ་ཁྲིད་དེ་ཁོར་ཡུག་སྲུང་སྐྱོབ་ཀྱི་དང་བླངས་བྱ་འགུལ་ཐེངས་མང་པོར་སྤེལ། ཉུང་དུས་མི་བཅུ་ཕྲག་འགའ་རེ་དང་མང་དུས་མི་བརྒྱ་ལྷག་ཡོད། གངས་རིའི་འདབས་དང་ཆུ་བོའི་འགྲམ། སློབ་གྲྭ་བཅས་གནས་གང་དུ་ཐོན་ཚེ། ཁོ་ཚོས་གད་སྙིགས་འཐུ་བ་དང་། ས་གནས་ཀྱི་མི་རྣམས་ལ་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འདུ་ཤེས་དྲིལ་སྒྲོག་བྱེད་ཀྱིན་ཡོད་ལ། མི་རྣམས་ལ་ཆུ་ཁུངས་སྲུང་སྐྱོབ་ལ་གདེང་འཇོག་བྱེད་དགོས་པའི་གལ་ཆེན་རང་བཞིན་ཤེས་སུ་བཅུག ཕྱིར་ཡོང་སྐབས། གད་སྙིགས་རླངས་འཁོར་བཀང་རེ་ཡོད་པ་དག་རྫོང་མཁར་གྱི་གད་སྙིགས་ཐག་གཅོད་བཟོ་གྲྭ་རུ་བསྐྱལ་བཞིན་ཡོད། གནས་ཞིག་ཏུ་ཐོན་ཚེ། ཁོས་ད་དུང་ས་གནས་ཀྱི་དམངས་སྲོལ་ཁོར་ཡུག་སྲུང་སྐྱོབ་ཀྱི་འབྲེལ་ཡོད་རྒྱུ་ཆ་འཚོལ་བསྡུ་བྱས་ཏེ། དྲིལ་སྒྲོག་དེབ་ཆུང་དང་དྲིལ་སྒྲོག་བྱང་བུ་ལས་བཞིན་ཡོད། ཁོ་རང་ཉིད་ཀྱིས་ལོ་མང་པོའི་རིང་ཁོར་ཡུག་སྲུང་སྐྱོབ་བྱས་པའི་མྱོང་ཚོར་སྙན་ཞུ་དང་དཔྱད་རྩོམ་འབྲི་བཞིན་ཡོད་པ་མ་ཟད། ཕ་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་གློག་བརྙན་འཁྲབ་གཞུང«ལྗང་ཐིགས»པར་དུ་བསྐྲུན།

“དཀའ་སྤྱད་སྡུག་རུས་བྱས་ན་གྲུབ་འབྲས་ལེགས་པོ་འབྱུང་། ལོ་འདི་དག་གི་རིང་ལ། ང་ཚོས་སེམས་ཞིབ་མོས་ཆུ་མགོ་སྐམ་ལ་ཉེ་བ་འགའ་སྲུང་སྐྱོབ་བྱས་པ་ལས། ད་ལྟ་ཆུ་མགོ་བདུན་དུ་ཆུ་ཕྱིར་བུད་བྱུང་། དེ་ནི་ང་རང་ཆེས་དགའ་བའི་དོན་དག་ཅིག་རེད།”

རང་ཉིད་ཀྱི་ཡོང་སྒོ་ཅུང་ཙམ་ཡོད་པ་དེས་དང་བླངས་བྱ་འགུལ་ཐེངས་མང་པོ་སྤེལ་བས། ཕ་ཡུལ་གྱི་མང་ཚོགས་དང་། རྫོང་ཡོངས་ཀྱི་ཁྱབ་ཁོངས་ནང་གི་དང་བླངས་བ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཁྲོད་ཞུགས་པར་སྣེ་ཁྲིད་བྱས་པས། སྐལ་བཟང་ཚེ་རིང་གིས་ཁོའི་ཕུགས་འདུན་རེ་རེ་བཞིན་ལེགས་འགྲུབ་འབྱུང་བཞིན་ཡོད་ལ། ཁོས་རེ་བར་ཕ་ཡུལ་གྱི་ནམ་མཁའ་གཡའ་དག་པ་དང་ཆུ་བོ་དྭངས་ཤིང་གཙང་བ། འདབ་ཆགས་རང་འདོད་སྒོས་གར་དུ་རྩེན་པའི་རྣམ་པར་བསྒྱུར་རྒྱུ་དེ་རེད།

ལོ་ཙཱ་བ། ཤ་བོ་རིན་མཚོ།