དམངས་གཉེར་ཁེ་ལས་པ་སྐལ་བཟང་ཐུབ་བསྟན་གྱི་རླབས་ཆེའི་དབུལ་སྐྱོར་བྱ་སྤྱོད།
2018.01.09 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 48

དམངས་གཉེར་ཁེ་ལས་པ་སྐལ་བཟང་ཐུབ་བསྟན་གྱིས་ལས་རྐང་ཤོར་བའི་བཟོ་པ་ལྔ་བཅུ་ལྷག་དང་ཞིང་སྡེའི་ངལ་རྩོལ་པ་ལྷག་མ་བརྒྱ་ལྷག་ལ་རོགས་སྐྱོར་དང་། དབུལ་ཕོངས་ཁྱིམ་ཚང་གི་མི་སུམ་ཅུ་བཀོད་སྒྲིག་བྱས་པ་དང་། ཁོས་ལོ་རེར་དབུལ་ཕོངས་མི་གྲངས་སུམ་བརྒྱ་ལྷག་རྩ་འཛུགས་བྱས་ཏེ། འགན་གཙང་ལེན་གྱི་རྩྭ་སར་དབྱར་རྩྭ་དགུན་འབུ་བརྐོས་པས། དབུལ་ཕོངས་ཁྱིམ་ཚང་གི་ལོ་རེའི་ཡོང་སྒོ་སྒོར་མོ་སྟོང་ལྔ་ལྷག་འཕར་སྣོན་བྱུང་།

ཉིས་སྟོང་བཅུ་ལོ་ནས་ཉིས་སྟོང་བཅུ་དྲུག་ལོའི་བར་སྔ་གཞུག་ཏུ་ཞིན་ཧེ་རྫོང་གི་སློབ་གྲྭ་ལ་སྒོར་མོ་འབུམ་བདུན་ལྷག་ཞལ་འདེབས་སུ་ཕུལ་བ་དང་། དབུལ་ཕོངས་ཁྱིམ་ཚང་ལ་རོགས་རམ་བྱས་ནས་ཐོན་སྐྱེད་དང་འཚོ་བའི་གནད་དོན་ཐག་གཅོད་བྱས་ཤིང་། རོགས་སྐྱོར་མ་དངུལ་སྒོར་མོ་འབུམ་གཅིག་ལྷག་ལ་སླེབས།

ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མ་དབུལ་ཐར་བྱེད་རྒྱུ་དེ་དམངས་འཚོའི་བཟོ་འགོད་ཨང་དང་པོར་བརྩིས་ཏེ་ནན་ཏན་གྱིས་སྐུལ་འདེད་བྱེད་པའི་བརྒྱུད་རིམ་ཁྲོད། དམངས་གཉེར་ཁེ་ལས་པས་ཇི་ལྟར་སྤྱི་ཚོགས་ལ་འགན་ཁུར་བ་དང་རང་ཉིད་ཀྱི་སྟོབས་ཤུགས་འབུལ་དགོས་ཞེས་ན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་གི་སྐལ་བཟང་ཐུབ་བསྟན་ལ་རང་གི་བསམ་ཚུལ་མང་པོ་ཞིག་ཀྱང་བྱུང་མྱོང་།

ད་ལོར་ལོ་ཞེ་བརྒྱད་ཡིན་པའི་སྐལ་བཟང་ཐུབ་བསྟན་ནི་ཞིན་ཧེ་རྫོང་རྩི་ཀོར་ཐང་གྲོང་རྡལ་ན་དོང་སྡེ་བ་རུ་སྐྱེས། སྔོན་ཆད་ཁྱིམ་ཚང་གི་ཆ་རྐྱེན་ཞན་པ་དང་། ཁོ་རང་ལོ་བཅུ་དགུ་ཡིན་པའི་སྐབས་དེར། གཞན་ལ་སྒོར་མོ་བསྐྱིས་ནས་ཚོང་ཁང་ཆུང་ཆུང་ཞིག་གི་སྒོ་ཕྱེས། སྐལ་བཟང་ཐུབ་བསྟན་གྱིས་ཁོས་དང་ཐོག་མྱངས་པའི་དཀའ་སྡུག་ལ་ཕྱིར་དྲན་བྱེད་བཞིན་བཤད་རྒྱུར། ཉིན་གཅིག་ལ་སྒོར་མོ་ལྔ་བཅུ་ཡི་ཡོང་སྒོ་ཡོད་ན། ཟླ་གཅིག་ལ་སྒོར་མོ་སྟོང་གཅིག་དང་ལྔ་བརྒྱའི་ཡོང་སྒོ་ཡོད་པ་རེད་ཟེར།

དེའི་རྗེས་ཀྱི་ལོ་འགར། ཀླད་པ་མྱུར་ཞིང་དཀའ་སྡུག་ཐེག་ཐུབ་པའི་སྐལ་བཟང་ཐུབ་བསྟན་གྱིས་དབྱར་རྩྭ་དགུན་འབུའི་ཚོང་བརྒྱབ་ནས་ཁྱིམ་ཚང་ཕྱུག་པོར་གྱུར་རྗེས། སྔ་གཞུག་ཏུ་ཞིན་ཧེ་ནས་མགྲོན་ཁང་ཞིག་དང་དབྱར་རྩྭ་དགུན་འབུའི་ཀུང་ཟི་ཞིག་གཉེར་བ་མ་ཟད། ཞིན་ཧེ་རྫོང་གི་དབྱར་རྩྭ་དགུན་འབུ་ཕྱོགས་བསྡུས་ཉོ་ཚོང་ཚོང་ར་ཐོག་མ་བསྐྱར་སྐྲུན་བྱས། ཉིས་སྟོང་བཅུ་བཞི་ལོར། སྐལ་བཟང་ཐུབ་བསྟན་གྱིས་མཚོ་སྔོན་མེན་ཅིན་ནུས་ཁུངས་གསར་པ་འཕེལ་རྒྱས་དངུལ་གཏོང་ཚད་ཡོད་འགན་འཁྲི་ཀུང་ཟི་ཞེས་པ་ཞིག་བཙུགས། ལོ་མང་པོའི་རིང་གི་ལས་སྐྲུན་བརྒྱུད་རིམ་ཁྲོད། ཁོས་རང་གི་མྱོང་ཚོར་ཅིག་གླེང་བ་ནི། མི་གཅིག་ཕྱུག་པོར་གྱུར་ན་ཕྱུག་པོར་མི་བརྩི། ཉེ་འགྲམ་གྱི་མིའི་སྣེ་ཁྲིད་དེ་མཉམ་དུ་ཕྱུག་པོར་གྱུར་ན་ད་གཟོད་ཕྱུག་པོར་བརྩི་བ་ཡིན་ཟེར།

ཁྲ་ལྡང་སྡེ་བའི་སྡེ་མི་རིན་ཆེན་རྒྱལ་ཡི་ཁྱིམ་ཚང་དབུལ་པོ་ཡིན་པས། སྐལ་བཟང་ཐུབ་བསྟན་གྱིས་ཁོས་རླངས་འཁོར་བསྐོར་ཤེས་པ་ཐོས་རྗེས། ཁོ་རང་ཀུང་ཟི་རུ་བོས་ནས་རླངས་འཁོར་བསྐོར་དུ་བཅུག་ཅིང་། དེའི་རྗེས་ནས་མ་དངུལ་གྱིས་རོགས་སྐྱོར་བྱས་ཏེ་ཚོང་ཁང་ཞིག་གི་སྒོ་ཡང་ཕྱེས། སྐལ་བཟང་ཐུབ་བསྟན་གྱི་རོགས་སྐྱོར་འོག་ཏུ། རིན་ཆེན་རྒྱལ་གྱིས་བསྐྱིས་དངུལ་མཐའ་དག་ཕྱིར་སྤྲད་པར་མ་ཟད། རང་ཉིད་ཀྱིས་ཀྱང་མགྲོན་ཁང་ཞིག་གི་སྒོ་ཕྱེས་བ་དང་། ཁྱིམ་ཚང་གང་པོའི་འཚོ་བའང་ཇེ་ལེགས་ནས་ཇེ་ལེགས་སུ་སོང་།
ཀུང་ཟི་བཙུགས་པའི་རྗེས་སུ། སྐལ་བཟང་ཐུབ་བསྟན་གྱི་རོགས་སྐྱོར་ལམ་བུ་སྔར་ལས་ཡངས་པོར་གྱུར། ཐེངས་རེ་རེར་ལས་བཟོ་བ་བསྡུ་ལེན་བྱེད་པའི་དུས་སུ། ཁོས་ཐོག་མར་ཁྱིམ་ཚང་དབུལ་པོ་ཡིན་པ་དང་ཡར་ཐོན་གྱི་བསམ་པ་ཡོད་པའི་མི་དམིགས་བསལ་གྱིས་བསྡུ་ལེན་བྱེད་བཞིན་ཡོད།

སྐལ་བཟང་ཐུབ་བསྟན་གྱིས་བཤད་རྒྱུར། འབྲོག་པ་ལ་རྩྭ་ར་ཡོད་ཅིང་། ནོར་ལུག་ཡོད། ངས་ལོ་རེར་ད་དུང་དབུལ་ཕོངས་ཁྱིམ་ཚང་སུམ་བརྒྱ་ལྷག་རྩ་འཛུགས་བྱས་ཏེ་དབྱར་རྩྭ་དགུན་འབུ་བརྐོས་པ་དང་། དེ་ལྟར་བྱས་ན་ལོ་རེར་ཉུང་མཐའ་ཡང་ཡོང་སྒོ་སྒོར་མོ་སྟོང་ལྔ་ལྷག་འཕར་སྣོན་འབྱུང་ཐུབ་ཟེར།

རྫོང་མཁར་གྱི་མི་མང་པོ་ཞིག་གི་འཚོ་བ་དེ་འདྲ་ཕྱུག་པོ་མིན་པ་མཐོང་བས། ཉིས་སྟོང་བཅུ་བཞི་ལོ་ནས་མགོ་བརྩམས་ཏེ། སྐལ་བཟང་ཐུབ་བསྟན་གྱིས་ལོ་རེའི་དབྱར་རྩྭ་དགུན་འབུ་བརྐོ་བའི་དུས་ཚིགས་སུ་གོ་སྐབས་དམ་འཛིན་སྒོས་རྫོང་མཁར་ཉེ་འདབས་ཀྱི་ལས་ཀ་མེད་པའི་མི་རྣམས་རྩ་འཛུགས་བྱས་ཏེ། ཁོའི་དབྱར་རྩྭ་དགུན་འབུའི་ཉོ་ཚོང་ཁྲོམ་རར་ཡོང་དུ་བཅུག་ནས་གསར་དུ་བརྐོས་པའི་དབྱར་རྩྭ་དགུན་འབུའི་ས་ཤུན་ཕྱིས་སུ་བཅུག་པ་དང་། ཁོ་ཚོར་དུས་ཚོད་རེར་སྒོར་མོ་བཅོ་ལྔ་ལྷག་གི་གླ་ཆ་བྱིན། ལོ་འགའི་འཕེལ་རྒྱས་བརྒྱུད་དེ། དཔུང་ཁག་དེ་རང་ཤུགས་ཀྱིས་གཞི་ཁྱོན་ལྡན་པ་ཞིག་ཏུ་ཆགས་ཤིང་། མི་མང་བའི་དུས་སུ། མི་བདུན་བརྒྱ་ཡས་མས་ལ་སླེབས་ཐུབ། ཉིས་སྟོང་བཅུ་དྲུག་ལོར། སྐལ་བཟང་ཐུབ་བསྟན་གྱིས་དབྱར་རྩྭ་དགུན་འབུའི་ས་ཤུན་ཕྱིས་པའི་རིན་པ་ཁོ་ནར་སྒོར་མོ་ས་ཡ་ཁ་ཤས་ཀྱི་འགྲོ་སོང་བཏང་ཡོད།

སྐལ་བཟང་ཐུབ་བསྟན་གྱིས་རིམ་བཞིན་དབུལ་ཕོངས་གནད་དོན་རྩ་བ་ནས་ཐག་གཅོད་དགོས་པར་འདོད་ཅིང་། དེ་ལ་བྱིས་པའི་སློབ་གསོ་ནས་མགོ་འཛིན་དགོས་པར་བསམ།

ཉིས་སྟོང་བཅུ་ལོའི་ཟླ་ལྔ་བར། སྐལ་བཟང་ཐུབ་བསྟན་གྱིས་རྫོང་སློབ་གསོ་ཅུའུ་ཡི་མགོ་ཁྲིད་བཙལ་ནས། རང་ཉིད་ཀྱིས་རྫོང་ཐོག་གི་ཁྱིམ་ཚང་དབུལ་པོ་དག་གི་བྱིས་པ་ལ་རོགས་རམ་ཙམ་བྱེད་ཐུབ་པའི་རེ་བ་བཅངས། ཁོས་ལོ་རེར་སྒོར་མོ་འབུམ་གཅིག་གིས་རོགས་སྐྱོར་བྱེད་བཞིན་པ་དང་། སློབ་གསོ་ཅུའུ་ཡིས་བཀོད་སྒྲིག་བགོ་བཤའ་བྱས་ནས་སྒོར་མོ་དེ་དག་བྱིས་པ་དྭ་ཕྲུག་དང་། སྤྱོད་ཡོན་གཉིས་ལྡན་གྱི་སློབ་མའི་ཕྱོགས་ལ་ཆེད་དམིགས་ཀྱིས་བཀོལ་བ་རེད།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།