རྨ་ཆུའི་འགྲམ་རྒྱུད་ཀྱི་སྨན་ཐང་རྒྱུད་འཛིན་པ་བསོད་ནམས་དབང་རྒྱལ་གྱི་མི་ཚེའི་གཏམ་རྒྱུད།
2018.02.11 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 53

རྡོ་རྒྱལ་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཡུལ་སྐོར་ཅུའུ་ཡི་ལས་བྱེད་མི་སྣ་ཞིག་ཡིན་པ་དང་། དུས་རྒྱུན་གཞི་རིམ་དུ་ཡུལ་སྐོར་དྲིལ་སྒྲོག་བྱ་བ་སྒྲུབ་མྱོང་མཁན་ཞིག་ཡིན། རྡོ་རྒྱལ་དང་ཁ་བརྡ་བྱེད་སྐབས་གསར་འགོད་པས་ཉིས་སྟོང་བཅུ་བདུན་ལོར་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་ཚོང་རྫས་འགྲན་སྡུར་ཆེན་མོའི་གསེར་གྱི་རྟགས་མ་ཐོབ་པའི་མི་གཉིས་ཡོད་པ་ཤེས། དེ་ནི་མཚོ་སྔོན་ཞིང་ཆེན་ལ་མཚོན་ནས་བཤད་ན། གསེར་གྱི་རྟགས་མ་དེ་གཉིས་བོ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མི་སྣར་ཐོབ་པ་ཞིག་ཡིན་པས། ཁོར་སྤོབས་པ་ཞིག་ཀྱང་སྐྱེས་བཞིན་ཡོད་པ་རེད། གསར་འགོད་པས་གསེར་གྱི་རྟགས་མ་ཐོབ་པའི་མི་སྣར་བཅར་འདྲི་བྱེད་འདོད་པའི་སྐོར་གླེང་སྐབས། ཁོ་གསར་འགོད་པ་དང་མཉམ་དུ་བཅར་འདྲི་བྱེད་སར་བསྐྱོད།

བསོད་ནམས་དབང་རྒྱལ་ནི་ཁྲི་ཀ་རྫོང་གི་སྨན་ཐང་རྒྱུད་འཛིན་བྱེད་མཁན་གྱི་སྒྱུ་རྩལ་པ་ཞིག་ཡིན་པ་དང་། འཕྲང་དམར་གྲོང་རྡལ་དུ་སྐྱེས་པའི་བསོད་ནམས་དབང་རྒྱལ་གྱིས་ཆུང་དུས་ནས་རང་གི་ཨ་ཕ་བློ་བཟང་རྒྱ་མཚོའི་མདུན་ནས་ཐང་ཀ་འབྲི་སྲོལ་ལ་སློབ་སྦྱོང་བྱས། ཁོར་མཚོན་ནས་བཤད་ན། ཐོག་མར་ཐང་ཀ་འབྲི་སྲོལ་ལ་སློབ་སྦྱོང་བྱས་པ་དེ་ནི་རང་ཉིད་ཀྱི་དགའ་ཕྱོགས་ཁོ་ན་ཞིག་ཡིན། ཆུང་དུས་སུ། ཨ་ཕས་དུས་རྒྱུན་སྨྱུ་གུ་ཐོགས་ནས་རས་ཀྱི་སྟེང་རི་མོ་འབྲི་ལ། ཁོས་རང་གི་ཨ་ཕས་བྲིས་པའི་རི་མོའི་ནང་དོན་མི་གོ་ཡང་། ཚོན་མདོག་སྣ་ཚོགས་དེ་དག་དང་རྡོའི་རྒྱུ་ཆ་རྡོར་བྱེད་ཀྱི་སྣོད་དེ་དག་ལ་ཁོ་རང་ཧ་ཅང་དགའ་པོ་བྱེད་ཀྱིན་ཡོད། དེ་ནས་ཁོ་རང་གིས་དུས་རྒྱུན་དུ་ཨ་ཕའི་མཛུབ་སྟོན་གྱི་འོག་ཏུ། ཚོན་མདོག་མི་འདྲ་བའི་རྡོ་ཡི་རྒྱུ་ཆ་དག་སྣོད་ཀྱི་ནང་དུ་བཞག་སྟེ། དལ་མོའི་སྒོ་ནས་རྒྱུ་ཆ་རྡོར་གྱི་ཡོད་པ་རེད། གཏེར་རྡོའི་མ་བཅོས་རྒྱུ་ཆ་སྲ་ཞིང་མཁྲེགས་པ་དང་། རྒྱུ་ཆ་དེ་དག་རྡོ་གཏན་གྱི་ནང་དུ་ཐལ་རྡུལ་རུ་བཏང་རྗེས། ཨ་ཕའི་རི་མོ་འབྲི་སྤྱད་ཀྱི་རྒྱུ་ཆ་སྣ་ཚོགས་སུ་གྱུར་བ་ཡིན།

བློ་བཟང་རྒྱ་མཚོས་རང་གི་བུ་ཕྲུག་གིས་སེམས་ཞིབ་མོས་བྱ་བ་དེ་དག་སྒྲུབ་བཞིན་པ་མཐོང་སྐབས། སེམས་ཞིབ་མོས་ཁོ་ལ་རི་མོ་འབྲི་བའི་ལག་རྩལ་ཡང་བསླབ་མགོ་ཚུགས། སྐབས་དེ་ནས་བཟུང་། བསོད་ནམས་དབང་རྒྱལ་དང་ཐང་ཀའི་བར་ལ་འབྲེལ་ཐག་ཟབ་མོ་བྱུང་བ་རེད། ཡིན་ནའང་། བསམ་ཡུལ་འདས་པ་ཞིག་ལ་ཁོ་རང་སྨན་ཐང་འབྲི་མཁན་གྱི་རྒྱུད་འཛིན་པ་ཞིག་བྱེད་ཐུབ་པ་བྱུང་བ་དེ་རེད།

བསོད་ནམས་དབང་རྒྱལ་གྱི་དགེ་རྒན་གྱི་ཁྲིད་རྒྱུན་དེད་ན། དེ་ཡང་བཤད་རྒྱུ་ཅན་ཞིག་ཡིན་པ་རེད། ཁོའི་ཨ་ཕའི་དགེ་རྒན་གྱི་མཚན་ལ་བྱམས་པ་རྒྱ་མཚོ་ཟེར་བ་དང་། ཁོ་ནི་ཐང་ཀའི་འབྲི་རྩལ་ཁོང་དུ་ཆུད་པའི་གྲྭ་བ་ཞིག་ཡིན་པ་དང་། ཚེ་གང་བོར་དགོན་པའི་ནང་སློབ་སྦྱོང་བྱས་ནས་སྡོད་མཁན་ཞིག་ཡིན་པས། ཐང་ཀའི་འབྲི་རྩལ་ལ་བྱང་ཆུབ་ཡོད་པ་རེད།

བསོད་ནམས་དབང་རྒྱལ་གྱིས་བཤད་རྒྱུར། ངའི་ཨ་ཕའི་དགེ་རྒན་བྱམས་པ་རྒྱ་མཚོས་སྔོན་ཆད་ཕྱིར་དྲན་བྱས་པ་ལྟར་ན། ཁོའི་དགེ་རྒན་བཙུན་དགའ་ནི་སློབ་ལ་དགའ་བའི་བཙུན་པ་ཞིག་ཡིན་པ་དང་། ལོ་ཞིག་ལ། ཁོ་རང་རྐང་ཐང་གིས་མཚོ་སྔོན་ནས་ལྷ་སར་ཐང་ཀ་འབྲི་རྩལ་སློབ་སྦྱོང་བྱེད་དུ་སོང་བ་དང་། ལམ་ཕྱེད་ལ་ཐོན་སྐབས་སྒོར་མོ་བཀོལ་ཚར་བས། ཕྱོགས་གཅིག་ནས་གཞན་ལ་ཕྱུགས་འཚོ་རོགས་བྱས་པ་དང་། ཕྱོགས་གཞན་ཞིག་ནས་ལམ་གླ་གསོག་པས། མཐའ་མར་ལྷ་སར་ཐོན་པ་དང་། དགེ་རྒན་ལ་བརྟེན་ནས་ལག་རྩལ་སྦྱངས་མགོ་བརྩམས། ལོ་བཅུ་ཕྲག་འགའ་འགོར་རྗེས། བཙུན་དགའ་ཡིས་ཐང་ཀ་འབྲི་རྩལ་ཡག་པོ་བསླབས་ནས་ཕྱིར་ཕ་ཡུལ་མཚོ་སྔོན་ལ་ལོག་པ་དང་། དེའི་འཕྲོར་རང་གིས་སྦྱངས་པའི་ཤེས་བྱ་མཐའ་དག་རང་གི་སློབ་མར་ཁྲིད་ཟེར།

སྔོན་རབས་པའི་དཀའ་སྡུག་གི་སློབ་སྦྱོང་བརྒྱུད་རིམ་ལ་རྒྱུས་ལོན་བྱུང་རྗེས། བསོད་ནམས་དབང་རྒྱལ་གྱིས་སྔར་ལས་འབད་བརྩོན་བྱས། ཁོ་རང་སྔ་གཞུག་ཏུ་ཀན་ལྷོ་དང་། ལྷ་ས་སོགས་སུ་སོང་ནས་དགེ་རྒན་ལ་བསྟེན་པ་དང་། མ་ལག་ཚང་བའི་སྒོ་ནས་ཐང་ཀ་འབྲི་སྲོལ་ལ་སློབ་སྦྱོང་བྱས་པར་མ་ཟད། ཐང་ཀ་འབྲི་བའི་ལག་རྩལ་སྔར་ལས་ཇེ་བཟང་དུ་སོང་། ཕྱིར་ཟི་ལིང་དུ་ཡོང་དུས། ཁོ་དང་ཐང་ཀ་སྒྱུ་རྩལ་པ་མང་པོས་མཉམ་དུ་གསར་དུ་འཛུགས་སྐྲུན་བྱས་པའི་དགོན་པའི་ནང་ཐང་ཀའི་ལྡེབས་རིས་བྲིས། ཁོམ་པ་ཡོད་དུས། ཚང་མ་མཉམ་དུ་བསྡད་དེ། རང་ཉིད་ཀྱིས་ཐང་ཀ་བྲིས་བའི་སེམས་ཚོར་གླེང་། ཤེས་མེད་ཚོར་མེད་ཀྱི་ངང་ནས་ཁོས་དམངས་ཁྲོད་ཀྱི་སྒྱུ་རྩལ་པ་དག་གི་འཇོན་ཐང་རྟོགས་པ་དང་། དེ་དག་གིས་རང་ཉིད་ཀྱི་ཐང་ཀ་འབྲི་བའི་ཆུ་ཚད་ཀྱང་མཐོར་འདེགས་ཆེན་པོ་བྱུང་།
དེ་རིང་། བསོད་ནམས་དབང་རྒྱལ་ལ་བྱ་དགའ་མང་པོ་ཐོབ་པ་དང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་གཟུགས་འདས་ཤུལ་བཞག་རིག་གནས་སྟེ་ཐང་ཀ་རྒྱུད་འཛིན་པར་ཡང་བདམས། དུས་དེར། སྔར་ལས་ལྷག་པའི་སྒོ་ནས་སྨན་ཐང་ལག་རྩལ་རྒྱུད་འཛིན་བྱེད་ཆེད། ཁོས་རང་ཉིད་ཀྱི་ཀུང་ཟི་ཞིག་ཐོ་འགོད་བྱས་པ་དང་། སློབ་མ་བསྡུ་ལེན་བྱས་ནས་རང་གི་ཉམས་མྱོང་ཆ་ཚང་བའི་སྒོ་ནས་བརྒྱུད་སྒྲོག་བྱས། ད་ལྟ། ཁོས་རང་གི་སློབ་མར་རེ་བ་ནན་མོ་བཏོན་པ་དང་། ཐང་ཀ་འབྲི་སྐབས་སྔར་བཞིན་མ་བཅོས་གཏེར་རྡོའི་རྒྱུ་ཆ་བཀོལ་སྤྱོད་དང་། སྲོལ་རྒྱུན་གྱི་ཐང་ཀ་འབྲི་སྲོལ་རྒྱུན་འཛིན་བྱས། ཁོས་སྲོལ་རྒྱུན་གྱི་ཐང་ཀ་འབྲི་སྲོལ་རྒྱུན་འཛིན་བྱེད་དགོས་པའི་རྒྱུ་རྐྱེན་གླེང་དགོས་ན། ཁོའི་དགེ་རྒན་གཞན་ཞིག་གླེང་དགོས།

ལོ་དེར། བོད་ལྗོངས་གཞིས་ཀ་རྩེ་རུ་སློབ་སྦྱོང་བྱེད་བཞིན་པའི་བསོད་ནམས་དབང་རྒྱལ་དགེ་རྒན་ཀ་ཆེན་བློ་བཟང་ཕུན་ཚོགས་དང་མཇལ་བ་དང་། ཁོ་ནི་རི་མོ་འབྲི་མཁན་གྱི་དགེ་རྒན་ཧ་ཅང་ནན་མོ་ཞིག་རེད། ཁོས་སྔོན་ཆད་རང་གི་སློབ་མར་ཚོང་ལས་རྐྱང་རྐྱང་ལ་དམིགས་ནས་ཐང་ཀ་མི་འབྲི་བའི་སློབ་གསོ་ཡང་བཏང་མྱོང་། ཐང་ཀ་འབྲི་ན་ངེས་པར་དུ་བློ་གཅིག་སེམས་གཅིག་གིས་འབྲི་དགོས་པ་དང་། སྨྱུག་ཁ་གཅིག་བསྐོར་ནའང་བརྩེ་སེམས་རྣལ་མ་བཀོལ་དགོས་ལ། ཚོན་མདོག་འདེམ་པ་དང་། འབྲི་རིས་ཇུས་འགོད་ཚང་མ་སྣང་མེད་དུ་གཏན་ནས་བསྐྱུར་མི་རུང་། དུས་དེ་ནས་བཟུང་སྟེ། བསོད་ནམས་དབང་རྒྱལ་གྱིས་སློབ་དཔོན་གྱི་མཛུབ་སྟོན་ཡིད་ལ་དམ་པོར་བཟུང་སྟེ། ཐང་ཀ་འབྲི་ན་སེམས་རྣལ་ལ་ཕབ་སྟེ་འབྲི་བཞིན་ཡོད་པར་མ་ཟད། ཐང་ཀ་རྩེར་སོན་པ་འབྲི་བར་ཡང་འབད་བརྩོན་བྱས། དུས་མཚུངས་སུ། ཁོས་རང་གི་ཕ་ཡུལ་མི་དམངས་ཀྱི་སྣེ་ཁྲིད་དེ་ཐང་ཀ་འབྲི་བའི་ལག་རྩལ་བསླབ་སྟེ། རང་གི་ནུས་ཚོད་ཀྱིས་སྡེ་དམངས་རྣམས་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པའི་ཐབས་ལམ་རྒྱ་སྐྱེད་པར་རོགས་རམ་བྱས།
རྨ་ཆུ་ནི་ནམ་ཡང་འཇགས་པ་མེད་པར་མདུན་ཕྱོགས་སུ་བཞུར་བཞིན་ཡོད་པ་དང་། རྨ་ཆུའི་འགྲམ་རྒྱུད་ཀྱི་སྨན་ཐང་རྒྱུད་འཛིན་པ་བསོད་ནམས་དབང་རྒྱལ་གྱིས་མུ་མཐུད་དུ་འབད་བརྩོན་གྱིས་རང་གི་དད་མོས་དང་། གཏམ་རྒྱུད། ད་དུང་མི་ཚེ་རི་མོར་འབྲི་བཞིན་ཡོད།

ལོ་ཙཱ། ཚེ་རིང་སྒྲོལ་མ།