ཨ་བྷོ་ཆོས་སྒྲོན་ནི་བརྩེ་བ་རྣལ་མས་མི་ལ་སེམས་འགུལ་ཐེབས་སུ་འཇུག་མཁན་ཞིག་རེད།
2018.04.10 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 41
 ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་ཤར་མདའ་གྲོང་རྡལ་སྟོན་མཚེས་ཤུལ་སྡེ་བ་རུ་འཚོ་བ་རོལ་བཞིན་པའི་ཨ་བྷོ་ཆོས་སྒྲོན་ནི་སེམས་པ་བཟང་བའི་བོད་རིགས་བུ་མོ་ཞིག་ཡིན། ཁོ་མོ་ནི་ནམ་རྒྱུན་ཁྱིམ་ལས་ཙག་ཙིག་དང་ཞིང་ལས། ཁྱིམ་མིར་བདག་སྐྱོང་བྱེད་པ་བཅས་ཀྱི་ལས་ལ་བྲེལ་ནས་ཡོད་ནའང་ཁྱིམ་ཚང་གང་པོར་བདེ་སྐྱིད་ཀྱིས་ཁེངས་ཡོད། ཨ་བྷོ་ཆོས་སྒྲོན་གྱི་སེམས་སུ་དུས་ནམ་ཡང་གཞན་ལ་ཕན་འདོགས་པ་དང་འཆམ་མཐུན་མཉམ་གནས་བྱེད་རྒྱུ་ནི་མི་ཚེ་འདིའི་དམ་བཅའ་ཞིག་ཏུ་རྩི་བཞིན་ཡོད། ཁོ་མོ་ཁྱིམ་མི་ཉེ་འབྲེལ་དང་ཁྱིམ་མཚེས་ལ་འབྲེལ་བ་བཟང་པོ་ཡོད་པར་མ་ཟད། ད་དུང་ཉེ་འགྲམ་གྱི་མི་སུ་ཞིག་ལ་རོགས་རམ་བྱེད་དགོས་ཚེ་རང་ནུས་ཅི་ལྕོགས་ཀྱིས་རོགས་བྱེད་མཁན་ཞིག་ཡིན་པས། ཁོ་མོའི་གཤིས་ཀ་དང་སྤྱོད་པར་གྲོང་པ་ཁྱིམ་མཚེས་ཡོངས་ནས་བསྟོད་པའི་མཐེ་བོང་སྒྲེང་གིན་ཡོད། ཁྱོ་གས་ལོ་ངོ6རིང་གཡུ་རེ་སྡེ་བ་རུ་སྡེ་དཔོན་ཁུར་པའི་དུས་ཡུན་ནང་། སྡེ་བ་རུ་ལམ་ལས་པ་དང་ཟམ་པ་འཕེན་པའི་ལས་ཀ་གང་ཞིག་ཡིན་རུང་། ཨ་བྷོ་ཆོས་སྒྲོན་རང་གི་ཁྱོ་ག་དང་འགྲོགས་ནས་འོས་འགན་ངལ་རྩོལ་ནང་ཞུགས་ཏེ་སྡེ་དམངས་ལ་རོགས་བྱེད་ཀྱིན་ཡོད།
2006ལོར། བྱིས་པ་ཚོར་སློབ་གསོ་བཟང་པོ་ཐོབ་ཆེད། ཨ་བྷོ་ཆོས་སྒྲོན་ཁྱིམ་མི་གང་པོ་ཤར་མདའ་གྲོང་རྡལ་དུ་གནས་སྤར་བ་དང་། མི་གཞན་གྱིས་ངོ་སྤྲོད་བྱས་པ་བརྒྱུད་ས་གནས་དེའི་མིང་ལ་ཕུན་ཚོགས་ཆོས་སྒྲོན་ཟེར་བའི་བུ་མོ་ཞིག་གི་ཁང་པ་གླ་ཐུབ་པ་བྱུང་། ལོ་ངོ་གཉིས་ཀྱི་རྗེས་སུ་ཁོ་མོ་ཕུན་ཚོགས་ཆོས་སྒྲོན་ཚང་ནས་ཡུལ་གཞན་ལ་གནས་སྤར་རུང་ཁྱིམ་ཚང་གཉིས་ཀྱི་འབྲེལ་བ་ཆད་མེད་པར་རྒྱུན་དུ་ཕན་ཚུན་འགྲོ་འོང་དང་འབྲེལ་གཏུག་བྱེད་བཞིན་ཡོད།
2014ལོར། ཕུན་ཚོགས་ཆོས་སྒྲོན་གྱི་ཁྱིམ་ལ་བཀྲ་མི་ཤིས་པའི་དོན་དག་གཅིག་རྗེས་གཉིས་མཐུད་དུ་བྱུང་། བུ་ཆེ་བ་སྟབས་མ་ལེགས་པར་རླངས་འཁོར་གྱི་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་བ་དང་མོ་རང་ཉིད་ལའང་ནད་ལྕི་མོ་ཞིག་བྱུང་། ལོ་ན22ཙམ་ལ་སོན་པའི་བུ་གཉིས་པ་ཨ་བྷོ་བཀྲ་ཤིས་ལ་སྨན་ཁང་དུ་བརྟག་དཔྱད་བྱེད་སྐབས། གཅིན་དུག་གི་ནད་ཕོག་ཡོད་པ་ཤེས་ནས་གཤག་བཅོས་བྱེད་དགོས་པར་མ་ཟད་མཁལ་མ་བརྗེ་དགོས། མུ་གེའི་སྟེང་ལ་ཟླ་ལྷག་ཅེས་པའི་དཔེ་ལྟར་ཁྱིམ་ཚང་དེ་ནི་སྔར་འཕྲད་མ་མྱོང་བའི་དཀའ་ཁག་ལ་འཕྲད་སོང་།
ཕུན་ཚོགས་ཆོས་སྒྲོན་གྱི་ཁྱོ་ག་དང་ཨ་བྷོ་བཀྲ་ཤིས་ཀྱི་ཕུ་ནུ་མིང་སྲིང་རྣམས་སྨན་ཁང་དུ་འོངས་ནས་མཁལ་མ་བརྗེ་སྤོར་ལ་བརྟག་དཔྱད་བྱས་རུང་སྦྱོར་སྡེབ་མཐུན་པ་གཅིག་ཀྱང་མ་བྱུང་།
སྨན་རིན་མཐོ་བ་དང་མཁལ་མ་བརྗེ་ཐབས་མེད་པས་ཕུན་ཚོགས་ཆོས་སྒྲོན་ལ་སྡུག་བསྔལ་གྱིས་མནར་ཅིང་། མོས་རྒྱུན་པར་དོན་དག་ཅི་ཡོད་ཚང་མ་ངག་དབང་ཆོས་སྒྲོན་ལ་བཤད་ཀྱིན་ཡོད་པ་དང་། ཨ་བྷོ་ཆོས་སྒྲོན་ཡང་དོན་དེར་སེམས་ཁྲལ་བྱུང་ནས་ཡང་དང་བསྐྱར་དུ་ཁོ་མོར་སེམས་གསོ་དང་སྐུལ་མ་གཏོང་གིན་ཡོད།
2015ལོར། ཨ་བྷོ་ཆོས་སྒྲོན་གྱིས་སྤོབས་པ་ཆེན་པོས་ཨ་བྷོ་བཀྲ་ཤིས་ལ་མཁལ་མའི་སྦྱིན་པ་གཏོང་རྒྱུའི་སེམས་ཐག་བཅད་པ་རེད། ཁོ་མོས་ཁྱོ་ག་དང་ཁྱིམ་མིར་གསང་ནས་སྨན་ཁང་དུ་མཁལ་མ་བརྗེ་སྤོར་འཚམ་མིན་ལ་བརྟག་དཔྱད་བྱེད་དུ་སོང་། ཡིད་ལའང་དྲན་མ་མྱོང་བ་ནི་ཁོ་མོའི་མཁལ་མ་ཨ་བྷོ་བཀྲ་ཤིས་དང་བརྗེ་ཐུབ་པ་བྱུང་།
ཨ་བྷོ་ཆོས་སྒྲོན་གྱིས་ཐེ་ཚོམ་ཅི་ཡང་མེད་པར་རང་གི་ཁྱོ་ག་དང་བཟའ་མི་ཚོར་ཨ་བྷོ་བཀྲ་ཤིས་ལ་མཁལ་མ་གནང་སྦྱིན་བྱེད་རྒྱུའི་གནས་ཚུལ་བཤད་པ་ན། ཁྱོ་ག་ཁོང་ཁྲོ་ལངས་པ་དང་བཟའ་མི་ཚང་མའི་སེམས་སུ་རང་ཉིད་དང་ཉེ་འབྲེལ་ཅི་ཡང་མེད་པའི་མི་ལ་རང་གི་དབང་པོ་བཅད་ནས་སྟེར་བའི་གནས་ཚུལ་དེར་འཐད་པ་མ་བྱུང་།
ཁྱིམ་མིས་སེམས་ཁྲལ་དང་འཐད་མདོག་མ་བསྟན་པའི་གནས་ཚུལ་འོག ཨ་བྷོ་ཆོས་སྒྲོན་གྱི་དྲན་ཚུལ་དེ་རེ་ཞིག་འགལ་ཟླའི་གནས་སུ་ལྷུང་མོད། འོན་ཀྱང་འདང་གང་མང་བརྒྱབ་རྗེས་ཨ་བྷོ་ཆོས་སྒྲོན་གྱིས་རོགས་བྱེད་རྒྱུའི་སེམས་ཐག་བཅད་པ་རེད། ཉེ་འགྲམ་གྱི་མི་ལ་རོགས་བྱེད་རྒྱུ་ནི་ང་ཚོ་འཇིག་རྟེན་འདིར་འཚོ་སྡོད་བྱེད་པའི་འོས་འགན་ཞིག་ཡིན། ཁོ་མོའི་གཞན་ལས་ལྷག་པའི་བསམ་པ་དང་བརྩོན་སེམས་ཀྱིས་ཁྱོ་གར་སེམས་འགུལ་ཐེབས་སུ་བཅུག་ནས་རྒྱབ་སྐྱོར་ཐོབ་པ་རེད། མཇུག་མཐར་ཁྱོ་གའི་འགྲོ་རོགས་འོག་ཕུན་ཚོགས་ཆོས་སྒྲོན་ཚང་ལ་མཁལ་མ་སྦྱིན་དུ་སོང་།
ཕུན་ཚོགས་ཆོས་སྒྲོན་གྱིས་ཨ་བྷོ་ཆོས་སྒྲོན་རང་ཁྱིམ་དུ་ཡོང་དོན་ཤེས་རྗེས། སེམས་པ་རབ་ཏུ་དགའ་ཞིང་མིག་ཆུ་ཡང་རང་དབང་མེད་པར་བཞུར་སོང་། ཕུན་ཚོགས་ཆོས་སྒྲོན་བཟའ་མི་གང་པོ་དོན་དེར་སེམས་འགུལ་ཐེབས་རུང་ཉེན་ཁར་དམིགས་ནས་འཐད་པ་མ་བྱུང་། ཡིན་ཡང་ཨ་བྷོ་ཆོས་སྒྲོན་གྱི་བསམ་ཚུལ་ལ་འགྱུར་བ་ཅི་ཡང་མ་བྱུང་བར་ངས་མཁལ་མ་སྦྱིན་དོན་ནི་བྱིས་པ་བདེ་ཐང་ངང་འཚོ་ཐུབ་རྒྱུ་དེ་ཡིན། ངས་བྱིས་པའི་སྲོག་སྐྱོབ་ཐུབ་ན་ངེས་པར་སྲོག་སྐྱོབ་ངེས་ཡིན་ཞེས་བཤད།
མཇུག་མཐར། 2017ལོའི་ཟླ5པར། ཨ་བྷོ་ཆོས་སྒྲོན་དང་ཕུན་ཚོགས་ཆོས་སྒྲོན་བཟའ་མི་གང་པོ་སི་ཁྲོན་ཧྭ་ཞི་སྨན་ཁང་དུ་སོང་ནས་བདེ་བླག་ངང་མཁལ་མ་བརྗེ་སྤོར་གྱི་གཤག་བཅོས་བྱས་སོང་། གཤག་བཅོས་བྱས་རྗེས་ཨ་བྷོ་བཀྲ་ཤིས་དགའ་སྤྲོ་དང་བཅས་ཨ་བྷོ་ཆོས་སྒྲོན་གྱི་ལག་པར་དམ་པོར་འཇུས་ནས་བཤད་རྒྱུར། ཁྱོད་ནི་ངའི་ཨ་མ་ཡིན་ལ། ངེད་ཚང་གི་དྲིན་ཆེན་ཡིན་ཟེར་ཞོར་མིག་མཐའ་མཆི་མས་ཁེངས་སོང་། མཁལ་མ་བརྗེ་སྤོར་གཤག་བཅོས་བྱས་ནས་ལུས་པོ་སླར་གསོ་བྱུང་རག་བར་དུ་ཨ་བྷོ་ཆོས་སྒྲོན་གྱིས་ཕུན་ཚོགས་ཆོས་སྒྲོན་ཚང་ལ་སྒོར་མོ་སོགས་དཀའ་ངལ་ཆེ་བའི་རེ་བ་བཏོན་མ་མྱོང་བར་མ་ཟད། རང་སྟེང་ནས་ཨ་བྷོ་བཀྲ་ཤིས་ལ་སྨན་རིན་སྒོར་ཁྲི2ལྷག་བཏང་བ་རེད།
ཨ་བྷོ་ཆོས་སྒྲོན་གྱི་བྱམས་དང་སྙིང་རྗེའི་ལྟ་ཚུལ་ནི་དགེ་བ་སྒྲུབ་པ་དང་ཚོགས་གསོག་པ་དེ་འཇིག་རྟེན་འགྲོ་ལུགས་ཀྱི་གདམ་ངག་ཅིག་རེད། ཁོ་མོས་རང་དང་ཤ་ཁྲག་གི་འབྲེལ་བ་ཅི་ཡང་མེད་པའི་བོད་རིགས་ན་གཞོན་ཞིག་ལ་མཁལ་མ་སྦྱིན་པའི་དོན་དེར་ས་དེ་གའི་མི་རྣམས་ཀྱི་བསྟོད་པ་དང་ཁས་ལེན་ཐོབ་པར་མ་ཟད། རྒྱལ་ཡོངས་མི་དམངས་ཀྱི་གོང་བཀུར་ཐོབ་ནས2017ལོའི་ཟླ11པར་ཨ་བྷོ་ཆོས་སྒྲོན་ལ་རྒྱལ་ཡོངས་སྐབས་དྲུག་པའི་ཀུན་སྤྱོད་དཔེ་ལེགས་ཀྱི་མིང་འདོན་བྱ་དགའ་ཐོབ། 
རྩོམ་སྒྲིག་པ། རྟ་མགྲིན་སྐྱབས།