བོད་ལུགས་ཀྱི་ལྕགས་སྨྱུག་གསར་གཏོད་པ་ཐུབ་བསྟན་ཤེས་རབ།
2018.05.12 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 84
གཞུང་ཞབས་པའི་བྱ་བའི་ལས་རྐང་ནས་བུད་དེ་ནང་ལོགས་སུ་བོད་ཀྱི་ལྕགས་སྨྱུག་གསར་གཏོད་ཀྱི་མཉམ་ལས་རོགས་པ་འཚོལ་བར་ཕྱིན་ཞིང་། དེའི་རྗེས་བརྡ་ཁྱབ་ཀུང་ཟི་བཙུགས་ཏེ་ཡུལ་མིའི་ལས་ཞུགས་ལ་སྐུལ་ཁྲིད་བྱས་པས། ཁྱིམ་མི་དང་ཉེ་མིའི་སེམས་སུ་ཐུབ་བསྟན་ཤེས་རབ་ནི་དཀའ་སྡུག་མྱོང་བར་དགའ་བའི་མི་ཞིག་ཏུ་གྱུར། འོན་ཀྱང་དཀའ་སྡུག་གི་འབྲས་བུ་ནི་མི་ཚང་མས་མཐེ་བོང་བསྒྲེང་བཞིན།  ཁོ་ནི་ཕུགས་བསམ་དང་སྙིང་རུས་ལྡན་པའི་ན་གཞོན་འཇོན་ཐང་ཅན་ཞིག་རེད་ཞེས་བསྟོད་བསྔགས་བྱེད་པ་རེད།
 ཐུབ་བསྟན་ཤེས་རབ་ནི་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་དུ་སྐྱེས་ཤིང་། ཆུང་དུས་ནས་ཁྱིམ་ཚང་གི་སློབ་གསོའི་ཤུགས་རྐྱེན་ལས་བོད་ཀྱི་ཡིག་གཟུགས་ལ་ཤིན་ཏུ་དགའ་བོ་ཡོད། བྱིས་པའི་སྐབས་སུ་ཡི་གེ་འབྲི་སྦྱོང་བྱེད་སྐབས་རྒྱུན་པར་སྣག་ཚའི་མི་འདང་བ་དང་། ཚོང་ར་ནས་ལྕགས་སྨྱུག་ཉོས་ཚེ་སྨྱུག་ལྕེ་གཅོད་དགོས་པར་མ་ཟད།     ཡི་གེའི་གསེག་ཚད་ཀྱང་མི་འདྲ་ལ། བོད་ཀྱི་ཡིག་གཟུགས་སྦྱོང་བར་གསེག་ཚད་མི་འདྲ་བའི་ལྕགས་སྨྱུག་གཉིས་དགོས་ཀྱི་ཡོད། གལ་ཏེ་ལྕགས་སྨྱུག་གི་སྣག་ཚ་འཛད་རྒྱུ་མེད་པ་དང་ལྕགས་སྨྱུག་གཅིག་གིས་དབུ་ཅན་དང་དབུ་མེད་གཉིས་པོ་འབྲི་ཐུབ་ན་ཅི་མ་རུང་སྙམ། ཐུབ་བསྟན་ཤེས་རབ་ཆུང་ངུའི་དུས་ཀྱི་སྨྱུག་གུ་འདི་ལྟ་བུ་ཞིག་བཀོལ་སྤྱོད་བྱས་མྱོང་།
ཉིས་སྟོང་བཅུ་གཅིག་ལོར་སློབ་གྲྭ་ཆེན་མོ་མཐར་ཕྱིན་རྗེས། ཐུབ་བསྟན་ཤེས་རབ་ཀྱིས་ཁྱིམ་མིའི་རེ་འདུན་ལྟར་གཞུང་ཞབས་པའི་བྱ་བ་བསྒྲུབས། འོན་ཀྱང་དེ་ནི་ཁོ་རང་གིས་རེ་སྙེག་གི་འཚོ་བ་དང་གཏན་ནས་མི་འདྲ་ལ། ཆུང་དུས་ཀྱི་ཕུགས་བསམ་དྭངས་མ་དེ་རྒྱུན་པར་ཁོས་དྲན་ཤེས་ཀྱི་ངོས་སུ་རྒྱུ་བར་བྱེད། ལོ་གཉིས་ཀྱི་རྗེས་སུ། ཁོ་རང་ད་གཟོད་གཞུང་ཞབས་པའི་བྱ་བའི་ལས་རྐང་ནས་ཕྱིར་འབུད་པར་ཐག་བཅད་ཅིང་། རང་ཉིད་གཅིག་པུ་ལྷ་སའི་ཕྱོགས་སུ་འགྲིམས་སྟེ། བོད་ཀྱི་ཡིག་གཟུགས་འབྲི་བྱེད་ཀྱི་ལྕགས་སྨྱུག་གསར་བ་ཞིག་བཟོས།
ལྕགས་སྨྱུག་ཐོན་སྐྱེད་བྱེད་པའི་མཉམ་ལས་བཟོ་གྲྭ་ཞིག་འཚོལ་ཆེད། ཐུབ་བསྟན་ཤེས་རབ་ནང་ལོག་ཏུ་སོང་ནས་ལྕགས་སྨྱུག་ཐོན་སྐྱེད་བྱེད་པའི་བཟོ་གྲྭ་ཡོད་ཚད་ལ་ཕལ་ཆེར་སོང་ཚར་ཞིང་། བོད་ཀྱི་ཡིག་གཟུགས་འབྲི་བྱེད་ཀྱི་ལྕགས་སྨྱུག་བཟོ་བར་ཁོ་ཚོར་ཆ་རྒྱུས་མེད་སྟབས། སྒྲིག་ཆས་གསར་བ་དང་ལག་རྩལ་མི་སྣ་གསར་བ་དགོས་པས། དེ་དག་ལ་མ་བངུལ་བཏང་ནས་བོད་ཀྱི་ལྕགས་སྨྱུག་ཐོན་སྐྱེད་བྱེད་མཁན་གྱི་བཟོ་གྲྭ་གཅིག་ཀྱང་མ་བྱུང་། ཡིན་ཡང་ཕྱོགས་གང་སར་འབྲེལ་གཏུག་ཡང་ཡང་བྱས་མཐར། ཀོང་ཀྲུག་གི་བཟོ་གྲྭ་ཞིག་གིས་ཐུབ་བསྟན་ཤེས་རབ་ཀྱི་ལས་སྒོ་གསར་སྤེལ་གྱི་ཆོད་སེམས་དང་བོད་ཀྱི་རིག་གནས་ཀྱི་སྤྲོ་སེམས་རྟོགས་ཏེ།  ལོ་གཅིག་དང་ཕྱེད་ཀའི་རྗེས་སུ་བོད་ཀྱི་ཡིག་གཟུགས་འབྲི་བའི་ཁྱད་ཆོས་དང་འཚམས་པའི་ལྕགས་སྨྱུག་ཅིག་གསར་གཏོད་བྱས་ཤིང་། མིང་ལ་ཤེས་རབ་རལ་གྲི་ཞེས་བཏགས། ལྕགས་སྨྱུག་དེས་སྤྱིར་བཏང་བོད་ཀྱི་སྨྱུག་གུ་དང་བསྡུར་ན་བཀོལ་ཡུན་རིང་ཞིང་བོད་ཡིག་ཡིག་གཟུགས་ཀྱི་སྲོལ་རྒྱུན་རང་བཞིན་རྒྱུན་སྲུང་ཐད་ཀྱི་གནད་དོན་ནུས་ཡོད་སྒོས་ཐག་གཅོད་བྱས་པ་དང་། རྒྱལ་ཁབ་ཀྱིས་དངོས་སྤྱོད་རྣམ་པ་གསར་བའི་ཆེད་ཁེ་ཐོབ།
ཉིས་སྟོང་བཅོ་ལྔ་ལོའི་ཟླ་དང་པོར། ཐུབ་བསྟན་ཤེས་རབ་ཀྱིས་རང་གི་ཚོགས་པའི་སྣེ་ཁྲིད་དེ་བོད་ལྗོངས་བོད་ཡིག་རིག་གནས་རྒྱུད་སྒྲོག་ཚད་ཡོད་ཀུང་ཟི་བཙུགས། ཉིས་སྟོང་བཅུ་དྲུག་ལོར་ལྷ་ས་གྲོང་ཁྱེར་གྱི་སྐབས་གཉིས་པའི་ན་གཞོན་གྱིས་ལས་སྒོ་གསར་སྤེལ་འགྲན་བསྡུར་ཁྲོད། ཐུབ་བསྟན་ཤེས་རབ་དང་ཁོའི་ཚོགས་པའི་ཤེས་རབ་རལ་གྲིའི་བོད་ཡིག་ལྕགས་སྨྱུག་གིས་ཨང་དང་པོ་བླངས་བ་དང་། དུས་མཉམ་དུ་སྒོར་འབུམ་གཉིས་ཀྱི་ལས་སྒོ་གསར་སྤེལ་བྱ་དགའ་ཐོབ། མིག་སྔར། ཐུབ་བསྟན་ཤེས་རབ་ཀྱི་ཀུང་ཟིས་སློབ་ཆེན་སློབ་མ་ལྔ་ཡི་ལས་ཞུགས་དང་ལས་སྒུག་ན་གཞོན་ཉི་ཤུ་ལྷག་གི་ལས་ཞུགས་ཐག་གཅོད་བྱས། མལ་གྲོ་གུང་དཀར་རྫོང་དུ། ཁོས་གནད་ཕིགས་དབུལ་སྐྱོར་གྱི་ཐད་ནས་སྣ་འཛོམས་བརྡ་ཁྱབ་ཀུང་ཟི་ཞིག་བཙུགས་ཏེ། ལས་སྒུག་ན་གཞོན་བརྒྱད་ཀྱི་ལས་ཞུགས་ཐག་བཅད་པ་དང་དབུལ་བོ་ཁྱིམ་ཚང་བརྒྱ་དང་ང་དགུ་ལ་ཁེ་སྤོག་བགོ་བཤའ་བརྒྱབ།
རང་ཉིད་ཀྱི་འབད་བརྩོན་དང་སྙིང་རུས་ལ་བརྟེན་ནས། ཐུབ་བསྟན་ཤེས་རབ་ཀྱིས་དཀའ་སྡུག་གི་ཁྲོད་ནས་འཚོ་བར་བཀྲག་མདངས་མངོན་ཞིང་། ཕ་ཡུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་ཡུལ་མི་ཚོའི་ལས་ཞུགས་ལ་སྐུལ་ཁྲིད་བྱེད་པའི་སེམས་འདུན་མངོན་འགྱུར་བྱས། 
ལོ་ཙཱ་བ། རྟ་མགྲིན་སྐྱབས།