བོད་རིགས་ན་གཞོན་སྐལ་བཟང་འཕྲིན་ལས་ཀྱི་ལས་སྐྲུན་གཏམ་རྒྱུད།
2018.06.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 93

 “མཁའ་དབྱིངས་ཀྱི་ཡུས་ཧྲུའུ”ཞེས་པའི་དྲ་ཐོག་ཚོང་རའི་སྒོ་ཕྱེས་པ་ན། བོད་ཀྱི་རིག་གནས་ལག་ཤེས་ཐོན་རྫས་དང་། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁྱད་ཐོན། བོད་ཡུལ་གྱི་གནའ་རྫས། བོད་ཀྱི་རྒྱན་གོས་སོགས་ཐོན་རྫས་མང་པོ་མིག་ལམ་དུ་མངོན་ཡོང་བ་དང་། བོད་ཀྱི་ན་གཞོན་སྐལ་བཟང་འཕྲིན་ལས་ཀྱིས་བསྒྲུབས་པའི་གློག་རྡུལ་ཚོང་རའི་འཕྲིན་སྟེགས་ཀྱི་སྒོ་ཕྱེས་པ་དེས་བོད་ཡུལ་གྱི་དངོས་རྫས་རྩ་ཆེན་མང་པོ་གཞན་གྱིས་ཤེས་ཐུབ་ཀྱིན་མེད་པའི་རྣམ་པར་འགྱུར་ལྡོག་བྱུང་བ་དང་། དེས་ཡུས་ཧྲུའུ་ཡི་ཁྱད་ཆོས་ལྡན་པའི་ཐོན་རྫས་དང་རྒྱལ་ནང་གི་ཚོང་རའི་འབྲེལ་བ་ཐག་ཇེ་ཉེར་བཏང་། ཡིན་ནའང་། ལོ་ངོ་དྲུག་གི་སྔོན་ལ་སྐལ་བཟང་འཕྲིན་ལས་ནི་ལས་སྐྲུན་གྱི་སྒོ་ཐེམ་ཐོག་མར་འགྲིམས་མཁན་ཞིག་རེད།

ད་ལོ་ལོ་ན་སུམ་ཅུར་སོན་པའི་སྐལ་བཟང་འཕྲིན་ལས་ནི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་མི་ཡིན་པ་དང་། ལོ་བརྒྱད་ཀྱི་སྟེང་ཨ་ཕ་ཚེ་ལས་འདས་རྗེས། ཁོ་རང་གིས་ཕུ་ནུ་མིང་སྲིང་བཅུ་བོ་དང་གཅིག་ལ་གཅིག་བརྟེན་གྱིས་འཚོ་བ་རོལ་ཞིང་། ཆུང་དུས་ནས་འཚོ་བའི་སྐྱིད་སྡུག་རྟོགས་པའི་སྐལ་བཟང་འཕྲིན་ལས་ཀྱིས་འབད་བརྩོན་བྱས་ནས་རང་ཁ་རང་གསོ་བྱེད་དགོས་པ་ཤེས་ཡོད། སློབ་གྲྭ་ཆེན་མོར་རྒྱུགས་འཕྲོད་རྗེས། ཁོས་རང་ལ་ལྷན་སྐྱེས་སུ་ཡོད་པའི་སྐད་ངག་སྙན་མོར་བརྟེན་ནས། ཉིན་དཀར་སློབ་གྲྭའི་སློབ་ཁྲིད་ལ་ཆགས་མེད་དུ་ཞུགས་པ་དང་། དགོང་མོར་བོད་ཀྱི་གླུ་གར་འཁྲབ་སྟོན་བྱེད་ས་སོགས་སུ་སོང་ནས་གླུ་དབྱངས་བླངས་ཏེ། ཡོང་སྒོ་དེ་ཡིས་ཁོ་རང་སློབ་གྲྭ་ཆེན་མོ་མཐར་ཕྱིན་དུ་བཅུག

2011ལོར་སློབ་གྲྭ་ཆེན་མོ་ནས་སློབ་མཐར་ཕྱིན་རྗེས། སྐལ་བཟང་འཕྲིན་ལས་ཀྱི་མདུན་དུ་ལམ་བུ་གཉིས་ཡོད་དེ། གཅིག་ནི་ནང་ལོག་ནས་འདུག་རྒྱུ་དེ་ཡིན་ལ། གཞན་ཞིག་ནི་ཕྱིར་ཕ་ཡུལ་ཡུས་ཧྲུའུ་རུ་ལོག་རྒྱུ་དེ་རེད། ཡིན་ཡང་། ས་འགུལ་བརྒྱུགས་པའི་རྗེས་ཀྱི་ཡུས་ཧྲུའུ་ནི་གྱང་ཆག་སྐྱ་རལ་དུ་གྱུར་ཡོད་པས། སྐལ་བཟང་འཕྲིན་ལས་ཀྱིས་ཕྱིར་ཕ་ཡུལ་ཡུས་ཧྲུའུ་རུ་ལོག་ནས་ཡུས་ཧྲུའུ་བསྐྱར་འཛུགས་ཁྲོད་ཞུགས་རྒྱུའི་སེམས་ཐག་བཅད། སྐལ་བཟང་འཕྲིན་ལས་ཀྱིས་བཤད་རྒྱུར། ས་འགུལ་ཆེན་མོ་བརྒྱུགས་རྗེས། ཡུས་ཧྲུའུ་ཡི་རྣམ་པ་ཡིད་སྐྱོ་བ་ཞིག་ཏུ་མངོན་ལ། ནང་ལོག་ཏུ་ཡོད་པའི་སློབ་གྲྭ་ཆེན་མོ་བ་མང་ཆེ་བ་ཕྱིར་ཕ་ཡུལ་དུ་ལོག་པའི་ཡིད་ཆེས་མེད་པ་རེད། ངས་ཚང་མ་མཉམ་གཅིག་ཏུ་བསྡུས་ནས་ལས་དོན་ཞིག་གཉེར་འདོད་པ་དང་། ལས་དོན་གཉེར་ས་དེ་ཡུས་ཧྲུའུ་ཡིན་ན་ཆེས་བཟང་བར་བསམ་བློ་བཏང་མྱོང་ཟེར། ཕྱིར་ཡུས་ཧྲུའུ་ལ་ལོག་རྗེས། སྐལ་བཟང་འཕྲིན་ལས་བོད་ཀྱི་ཁང་བར་མཛེས་སྤྲས་བྱེད་མཁན་གྱི་ཚོང་བ་སྐོར་ཞིག་དང་འཕྲད་པ་དང་། ཁོས་དུས་ཡུན་ཙམ་ཞིག་གི་རིང་ལ་ཁོ་ཚོའི་རྗེས་དེད་དེ་ཁང་བ་མཛེས་སྤྲས་ལ་སློབ་སྦྱོང་བྱས་རྗེས། ལག་རྩལ་ཞིག་ཀྱང་རང་རྒྱུད་ལ་འབྱོར། དེའི་འཕྲོར་ཁོས་རང་ཉིས་ཀྱིས་བསགས་པའི་སྒོར་མོས་སྒྲིག་ཆས་ཉོས་པ་དང་། ཁང་བ་ཞིག་ཀྱང་གླས་ཏེ། བོད་ལུགས་ཀྱི་ཁང་བ་མཛེས་སྤྲས་བྱེད་མགོ་བརྩམས། ལོ་དེར་སྐལ་བཟང་འཕྲིན་ལས་ཀྱིས་ལས་སྐྲུན་གྱི་གོམ་པ་དང་པོ་སྤོས།
ལས་ཀ་དེའི་མགོ་རྩོམ་སྐབས་དཀའ་ངལ་ཤིན་ཏུ་ཆེ་བ་དང་། གཞུང་ལས་ཁང་ནི་སྦྲ་གུར་གྱི་ནང་དུ་བྱས་ལ། ཅོག་ཙེ་གཉིས་དང་གློག་ཀླད་གཉིས་མ་གཏོགས་མེད། དེ་འདྲའི་དཀའ་སྡུག་གི་ཁོར་ཡུག་འོག་ཏུ། སྐལ་བཟང་འཕྲིན་ལས་ཀྱིས་ཐེངས་དང་པོར་ཡོང་སྒོ་ཞིག་བླངས། ཡུས་ཧྲུའུ་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་བྱ་བ་ཕལ་ཆེར་མཇུག་རྫོགས་རྗེས། སྐལ་བཟང་འཕྲིན་ལས་ཀྱིས་ལས་གཉེར་ཁ་ཕྱོགས་དེ་མྱུར་མོར་ནང་ལོག་གི་ཚོང་རའི་ནང་དུ་བོད་ཀྱི་རྒྱན་ཆ་བརྗེ་རེས་བྱེད་པའི་ཕྱོགས་ལ་འཁོར། བོད་ཀྱི་རྒྱན་ཆ་ཉོ་བསྡུ་བྱེད་པའི་བྱ་བ་དེ་ཡང་ཧ་ཅང་དཀའ་ཚེགས་ཆེ་བ་ཞིག་རེད། མཚམས་ལན་རེར་སྤོས་བྱུར་ཕྲེང་བ་ཞིག་གི་ཆེད་དུའང་ཉིན་འགའ་ཤས་ཀྱི་ལམ་ལ་འགྲོ་དགོས། སྐལ་བཟང་འཕྲིན་ལས་ཀྱིས་ས་དེའི་སློབ་གྲྭ་ཆེན་མོ་འགའ་ཤས་ཀྱི་སྣེ་ཁྲིད་དེ་ཁྱབ་ཁོངས་གསར་བ་དེ་ནས་འབད་བརྩོན་བྱེད་མགོ་བརྩམས་པ་དང་། ནང་ལོག་གི་འགྲུལ་བ་དང་འབྲེལ་འདྲིས་བྱེད་པའི་གོ་རིམ་ཁྲོད། སྐལ་བཟང་འཕྲིན་ལས་ཀྱིས་རྒྱལ་ནང་གི་ཚོང་རའི་ནང་ཡུས་ཧྲུའུ་ཡི་ཁྱད་ཆོས་ལྡན་པའི་ཐོན་རྫས་ཀྱི་དགོས་མཁོ་ཡོད་པ་གསལ་རྟོགས་བྱུང་བ་དང་། མི་ཤིན་ཏུ་མང་པོ་ཞིག་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ལུས་ཟུངས་གསོ་སྤྱད་ཀྱི་ཐོན་རྫས་དང་། སྤུས་དག་པའི་བོད་ཀྱི་རྒྱན་ཆ་སོགས་ལ་སྤྲོ་བ་ཡོད་ཀྱང་ཉོ་ས་མེད་པའི་གནས་ཚུལ་ལ་གཞིགས་ཏེ། སྐལ་བཟང་འཕྲིན་ལས་ཀྱིས་ཚོང་རྒྱག་པའི་གོ་སྐབས་གསར་བ་ཞིག་ཡོད་པ་མཐོང་།

ཉིས་སྟོང་བཅུ་བཞི་ལོའི་ཟླ་བདུན་པའི་ཚེས་དགུ་ཉིན། མི་ཚང་མས་ལས་སྐྲུན་བྱེད་པ་དང་། མང་ཚོགས་ཁྲི་སྟོང་མང་པོས་གསར་སྐྲུན་བྱེད་པའི་སྲིད་ཇུས་ཀྱི་སྐུལ་འདེད་འོག་ཏུ། ཁོ་དང་མཉམ་ལས་གྲོགས་པོ་དྲུག་གིས་མཉམ་གཅིག་ཏུ“ཡུས་ཧྲུའུ་ན་གཞོན་ལས་སྐྲུན་ཉོ་ཚོང་ཚད་ཡོད་ཀུང་ཟི”ཞེས་པ་ཞིག་གསར་དུ་བཙུགས་པ་དང་། ཀུང་ཟི་ཡི་ལས་གཉེར་ཁྱབ་ཁོངས་དེ་ཡུས་ཧྲུའུ་ཡི་ཁྱད་ཆོས་ལྡན་པའི་ལག་ཤེས་བཟོ་རྩལ་ཐོན་རྫས་དང་། ཁྱད་ཆོས་ལྡན་པའི་ཞིང་ཕྱུགས་ཐོན་རྫས་ཀྱི་བརྗེ་རེས་བར་དུ་རྒྱ་བསྐྱེད། ལོ་གཅིག་གི་རྗེས་སུ། གུང་གཞོན་ཚོགས་པ་ཡུས་ཧྲུའུ་ཁུལ་ཨུ་ཡོན་ལྷན་ཁང་དང་ཡུས་ཧྲུའུ་ཁུལ་དབུལ་སྐྱོར་ཅུའུ་ཡིས་རྒྱབ་སྐྱོར་དང་ཁས་ལེན་བྱས་འོག ཀུང་ཟི་དེ་ཡིས་ཡུས་ཧྲུའུ་ན་གཞོན་གསར་སྐྲུན་རྟེན་གཞི་ཞེས་པའི་སྒོ་བྱང་བཀལ་ཏེ། སྐལ་བཟང་འཕྲིན་ལས་ཀྱི་ལག་ཏུ་རིན་སྟེར་མི་དགོས་པར་མུས་གྲུ་བཞི་མ་ཉིས་བརྒྱ་ལྷག་ཡོད་པའི་གཞུང་ལས་ཁང་ཞིག་དང་། ན་གཞོན་གསར་སྐྲུན་དབུལ་སྐྱོར་འགུལ་སྐྱོད་ལས་གཞིའི་སྐྱེད་ཀ་མེད་པའི་བསྐྱི་དངུལ་ཞིག་ཐོན་པ་དང་། ཁོ་རང་ཉིད་ལའང་མཚོ་སྔོན་ཞིང་ཆེན་གྱི་རོང་འབྲོག་ཁུལ་གྱི་ན་གཞོན་ཕྱུག་བསྒྱུར་སྣེ་ཁྲིད་པའི་གཟི་བརྗིད་མཚན་སྙན་གནང་།

ཁོར་ཡུག་གསར་བ་ནས་སྐལ་བཟང་འཕྲིན་ལས་ཀྱི་ལས་སྐྲུན་སྙིང་སྟོབས་སྔར་ལས་ཇེ་ཆེར་གྱུར་བ་དང་། ཁོས་ཚོང་ལས་ཀྱི་ལམ་ཁ་དེ་གློག་རྡུལ་ཚོང་དོན་ལ་ཕྱོགས། ཁོས་བཤད་རྒྱུར། ང་ཚོས་མཉམ་འབྲེལ་དྲ་བ་བཀོལ་ནས་ཡུས་ཧྲུའུ་ཡི་ཁྱད་ཆོས་ལྡན་པའི་ཐོན་རྫས་ཡོངས་དང་། རང་ཉིད་ཀྱི་ཕ་ཡུལ་དེ་རྒྱལ་ཡོངས་དང་། ཐ་ན་འཛམ་གླིང་ལ་ཁྱབ་སྒྲོག་བྱེད་རྒྱུའི་འཆར་གཞི་ཡོད་ཟེར། སྐལ་བཟང་འཕྲིན་ལས་ཀྱིས་ཡུས་ཧྲུའུ་ལ་ཁྱད་ཆོས་ལྡན་པའི་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་། ཚོང་རའི་གསར་སྤེལ་གྱི་མདུན་ལྗོངས་རྒྱ་ཆེ་ཡང་། ས་གནས་རང་གི་ཚོང་རའི་གཞི་ཁྱོན་ཤིན་ཏུ་ཆུང་བས། མཉམ་འབྲེལ་དྲ་བའི་ཁྱད་སྟོབས་ལ་བརྟེན་ནས། ལག་ཤེས་པའི་སྙིང་སྟོབས་འདོན་སྤེལ་བྱས་ཏེ། ཁྱད་ཆོས་ལྡན་པའི་ཚོང་རྫས་ཐོན་ལས་ཇེ་ཡག་དང་། ཇེ་ཞིབ་ཏུ་བཏང་ནས་ལས་ན། ཡུས་ཧྲུའུ་ཡི་ཁྱད་ཆོས་ལྡན་པའི་ཐོན་རྫས་ཕྱི་ལ་བསྐྱོད་པར་ཡར་སྐུལ་བྱེད་ཐུབ་པར་འདོད།

ཉིས་སྟོང་བཅོ་ལྔ་ལོར། གསར་སྐྲུན་རྟེན་གཞི་དེས་བསྐྲུན་པའི་ཡུས་ཧྲུའུ་ཡི་མཉམ་འབྲེལ་དྲ་རྒྱའི་སྒོ་མོ་སྟེ། “མཁའ་དབྱིངས་ཀྱི་ཡུས་ཧྲུའུ”གློག་རྡུལ་ཚོང་རའི་སྟེགས་བུ་དངོས་སུ་འཛུགས་སྒྲུབ་བྱས། ས་དེའི་གློག་རྡུལ་ཚོང་རྟགས་བསྐྲུན་ཆེད། སྐལ་བཟང་འཕྲིན་ལས་ཀྱི་ཚོགས་པས་མཁའ་དབྱིངས་ཀྱི་ཡུས་ཧྲུའུ་ཡི་ཚོང་རྟགས་ཐོ་འགོད་བྱས་ཏེ། ཚོང་ར་ཆུང་ཆུང་ཞིག་གཉེར་ཏེ། ལས་སྐྲུན་བྱེད་འདོད་ཡོད་པའི་ན་གཞོན་མང་པོ་ཀུང་ཟི་དེའི་ཡན་ལག་ཚོང་བར་གྱུར། གློག་རྡུལ་ཚོང་རའི་སྟེགས་བུ་བརྒྱུད་དེ་དབྱར་རྩྭ་དགུན་འབུ་དང་། བོད་ཀྱི་རིག་གནས་ཐོན་རྫས། ལག་བཟོས་ཐོན་རྫས། ཞིང་ཕྱུགས་ཐོན་རྫས་སོགས་ཡུས་ཧྲུའུ་ཡི་ཁྱད་ཆོས་ལྡན་པའི་ཐོན་རྫས་ལ་ཐུམ་བརྒྱབ་ནས་ཕྱིར་འཚོང་བྱས།

ད་ལྟ། སྐལ་བཟང་འཕྲིན་ལས་དང་གྲོགས་པོ་ཚོས་བསྐྲུན་པའི“མཁའ་དབྱིངས་ཀྱི་ཡུས་ཧྲུའུ”ཞེས་པའི་གློག་རྡུལ་ཚོང་རའི་སྟེགས་བུ་དེ་རིམ་བཞིན་དྲང་ལམ་དུ་ཞུགས་པ་དང་། སྐལ་བཟང་འཕྲིན་ལས་དང་ཁོའི་ཚོགས་པའི་འབད་བརྩོན་གྱི་འོག་ཏུ། ཀུང་ཟི་དེས་ས་དེའི་གཞི་རྒྱ་ཅུང་ཆེ་བའི་ལག་ཤེས་བཟོ་རྩལ་ཐོན་རྫས་དང་། སྐྱེ་དངོས་སྨན་བཟོ། ས་གནས་རང་གི་ཐོན་རྫས་སོགས་ཁེ་ལས་དང་མཉམ་འབྲེལ་བྱེད་པའི་བྱ་བ་སྤེལ་ཏེ། ཡུས་ཧྲུའུ་ཡི་ཁྱད་ཆོས་ལྡན་པའི་ཚོང་རྫས་སྣ་ཁ་གོ་བདུན་རྒྱལ་ཡོངས་ཀྱི་ས་ཆ་སོ་སོར་ཕྱིར་འཚོང་བྱེད་རྒྱུ་རེད། སྐལ་བཟང་འཕྲིན་ལས་ཀྱིས་བཤད་རྒྱུར། ང་ཚོས་ཡུས་ཧྲུའུ་ཡི་ཁྱད་ཆོས་ལྡན་པའི་ཐོན་རྫས་ཁོ་ན་ཕྱིར་འཚོང་བྱེད་པ་མ་ཡིན་པར་སྔར་ལས་ལྷག་པའི་སྒོ་ནས་ཡུས་ཧྲུའུ་ཡི་རིག་གནས་ཀྱང་ཕྱི་ལ་མཚམས་སྦྱོར་བྱེད་རྒྱུ་ཡིན་ལ། མ་འོངས་པར་ང་ཚོས“མཁའ་དབྱིངས་ཀྱི་ཡུས་ཧྲུའུ”ཡི་སྟེགས་བུ་དེ་བརྒྱུད་ནས་ཡུས་ཧྲུའུ་ལ་གནས་སྐོར་དུ་ཡོང་མཁན་མང་པོ་འགུགས་རྒྱུ་ཡིན་པ་དང་། འདི་ལྟར་བྱས་ན་ད་གཟོད་ཡུས་ཧྲུའུ་ཡི་རིག་གནས་ཐོན་ལས་ལ་སྔར་ལས་གསོན་ཤུགས་ལྡན་ཐུབ་ཟེར།

སྐལ་བཟང་འཕྲིན་ལས་ཀྱིས་རང་ཉིད་སློབ་མའི་དུས་ནས་ད་ལྟའི་བར་དུ་འབད་བརྩོན་བྱས་པའི་བརྒྱུད་རིམ་ལ་ཕྱིར་དྲན་བྱས་རྗེས་དུས་རྒྱུན་ན་གཞོན་རྣམས་ལ་བཤད་རྒྱུར། ལས་སྐྲུན་བྱེད་ན་ངེས་པར་དུ་ཡིད་ཆེས་བརྟན་པོ་ཡོད་དགོས་པ་དང་། མུ་མཐུད་དུ་སློབ་སྦྱོང་དང་འབད་པ་ལྷུར་ལེན་བྱེད་དགོས། ཡིན་ཡང་། དུས་མཉམ་དུ་དམིགས་འབེན་གསལ་བོ་ཞིག་ཀྱང་ཡོད་དགོས། རྒྱུ་མཚན་ནི་ཁ་ཕྱོགས་མེད་ན་ས་གང་དུའང་ཐོན་མི་ཐུབ་པའི་རྐྱེན་གྱིས་རེད་ཟེར།

ལོ་ཙཱ། ཚེ་རིང་སྒྲོལ་མ།