དཔའ་ཆེན་རྒྱལ་ཐོན་བྱུང་།
2018.06.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 93

བཙུན་ཐར་རྒྱལ་ཁྱིམ་གྱི་སྒོར་བུད་མ་ཐག དཔའ་ཆེན་རྒྱལ་ཐོན་བྱུང་། ངེད་ཚང་ནས་ངལ་གསོ་ཅུང་ཙམ་བྱས་དང་ཞེས་སྡེ་བར་ཐོན་མ་ཐག་པའི་དཔའ་ཆེན་རྒྱལ་ལ་དེ་ལྟར་ལབ་པ་དང་། ངོ་འཕྲད་མ་ཐག ཕ་རོལ་པོའི་ལག་པར་འཇུས་ནས་ཁོའི་ཁྱིམ་ལ་འཐེན་བཞིན་འདུག དཔའ་ཆེན་རྒྱལ་ནི་ཞིན་ཧེ་རྫོང་ནོར་སྲིད་ཅུའུ་ཕྱི་དངུལ་གཞུང་སྒྲུབ་ཁང་གི་ལས་བྱེད་པ་ཞིག་ཡིན་ལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་རྩི་ཀོར་ཐང་གྲོང་རྡལ་ཁྲ་ལྡང་སྡེ་བར་སྡོད་པའི་ལས་བྱེད་མི་སྣ་ཞིག་ཀྱང་ཡིན།
ལོ་གསུམ་གྱི་སྔོན་ལ། ཁྲ་ལྡང་སྡེ་བའི་བཙུན་ཐར་རྒྱལ་ནི་སྡེ་བའི་ནང་དཀའ་ཁག་ཆེ་བའི་ཁྱིམ་ཚང་ཤིག་ཡིན་པ་དང་། སྐབས་དེར་བཙུན་ཐར་རྒྱལ་ཚང་ལ་ཁྱིམ་མི་ལྔ་ཡོད་པ་དང་། སྲིད་ཇུས་ཀྱི་ཁ་གསབ་ལ་བརྟེན་ནས་འཚོ་བ་རོལ་བཞིན་ཡོད་པ་རེད། གནད་ཕིགས་དབུལ་སྐྱོར་བྱ་བའི་མགོ་བརྩམས་རྗེས། བཙུན་ཐར་རྒྱལ་ཚང་ནི་སྡེ་བའི་ནང་གི་དཀའ་ངལ་ཆེ་བའི་ཁྱིམ་ཚང་དུ་གཏན་འཁེལ་བྱས། 

ལོ་ཉེར་དགུ་ལ་སོན་པའི་དཔའ་ཆེན་རྒྱལ་གྱིས་སྡེ་བའི་གནས་ཚུལ་རྟོགས་རྗེས་ཡ་མཚན་པར་གྱུར། དཔའ་ཆེན་རྒྱལ་གྱིས་བཤད་རྒྱུར། སྡེ་བ་འདིར་མ་ཡོང་བའི་སྔོན་ལ། ངས་ཁྲ་ལྡང་སྡེ་བ་ནི་རྫོང་མཁར་དང་སྤྱི་ལེ་བརྒྱད་ཅུ་ཡས་མས་སུ་ཡོད་པ་དང་། དབུལ་བོ་ཡིན་ཡང་དེ་འདྲ་དབུལ་བོ་དབུལ་རྐྱང་ཞིག་ཏུ་འགྱུར་མི་དགོས་པར་བསམ། དེར་དངོས་སུ་ཡོང་བ་ན་ད་གཟོད་སྡེ་བ་འདི་དབུལ་བོ་ཡིན་པ་ནི་ཁྱིམ་ཚང་སོ་སོར་བསྐྱིས་དངུལ་ཡོད་པ་དང་། དབུལ་བོ་ཡིན་པས་སྡེ་བའི་ནང་ཐུན་མོང་གི་དཔལ་འབྱོར་ཡོང་སྒོ་རྩ་བ་ནས་མེད་པ་དེ་ཡིན་པ་ཤེས།

ཁྲ་ལྡང་སྡེ་བར་ཁྱིམ་ཚང་བརྒྱ་དང་དོན་གསུམ་དང་མི་བརྒྱད་བརྒྱ་དང་ཞེ་གསུམ་ཡོད་ལ། འབྲོག་ལས་རྐྱང་བ་གཉེར་བའི་སྡེ་བ་ཞིག་ཡིན་པའི་ཆ་ནས། སྡེ་བའི་མི་རྣམས་ཀྱི་ཡོང་སྒོ་དེ་གཙོ་བོ་ཕྱུགས་ལས་ལ་བརྟེན་དགོས་པ་ལས་གཞན། ད་དུང་དབྱར་རྩྭ་དགུན་འབུ་བརྐོ་བར་བརྟེན་དགོས། ཡིན་ནའང་། དབྱར་རྩྭ་དགུན་འབུ་ཉུང་བ་དང་། རྒྱུ་སྤུས་ཞན་པའི་རྐྱེན་གྱིས་རིན་གོང་བཟང་པོར་བཙོང་མི་ཐུབ། ཁྱིམ་ཚང་སོ་སོར་ནོར་ལུག་ཡོད་ཀྱང་། རྩྭ་ས་ཆུང་བ་དང་། ནོར་ལུག་ཉུང་བས། ཆ་རྐྱེན་དེ་འདྲ་མི་བཟང་བ་རེད།
གནས་དེའི་དབུལ་ཕོངས་ཀྱི་ཚད་དེ་དཔའ་ཆེན་རྒྱལ་གྱིས་བློ་ཡུལ་འདས། སྡེ་བའི་མི་རྣམས་ཀྱིས་ཀྱང་ལོ་ན་གཞོན་ཞིང་གཞི་རིམ་བྱ་བའི་ཉམས་མྱོང་མེད་པའི་དཔའ་ཆེན་རྒྱལ་ལ་དེ་འདྲའི་ཡིད་ཆེས་བྱེད་བཞིན་མེད་པ་རེད། སྔོན་ཆད་ཁྲ་ལྡང་སྡེ་བ་ནས་ཧྲུའུ་ཅི་དང་པོའི་བྱ་བའི་འགན་ཁུར་མྱོང་བའི་ཡུལ་ལྷ་ཐར་གྱི་བྱ་བའི་གནས་ཚུལ་མཐོང་བ་ན། ཚང་མས་དཔའ་ཆེན་རྒྱལ་གྱི་ཕྲག་པར་ལག་པས་རྡེབ་བཞིན་ངར་ཤུགས་བསྩལ། བྱ་བ་ཐམས་ཅད་ཀྱི་མགོ་སློང་དཀའ་བས། བྱ་བ་དལ་བུར་སྒྲུབ་དགོས་ཞེས་པ་ལྟར། ཡུལ་ལྷ་ཐར་ལ་ལྟོས་ནས་དཔའ་ཆེན་རྒྱལ་གྱིས་སེམས་ནས་ཁ་རོག་གེར་ངེས་པར་དུ་མང་ཚོགས་ལ་ཕན་པའི་དངོས་ཡོད་ཀྱི་དོན་བཟང་འགའ་སྒྲུབ་དགོས་པ་དང་། དེ་ལྟར་བྱས་ན་ད་གཟོད་མང་ཚོགས་ཀྱིས་ང་ཚོར་རྒྱབ་སྐྱོར་བྱེད་ལ། དབུལ་སྐྱོར་བྱ་བའི་རུ་ཁག་གི་མིང་འདི་ད་གཟོད་དོན་དང་མཐུན་པར་འགྱུར་དུ་འཇུག་རྒྱུའི་སེམས་ཐག་བཅ

སྡེ་བའི་ནང་བསྡད་པ་ན། དཔའ་ཆེན་རྒྱལ་དང་སྡེ་བར་སྡོད་པའི་ལས་བྱེད་པ་གཞན་པ་རྣམས་མཉམ་དུ་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ལས་བྱེད་པ་དང་། སྡེ་དམངས་ཀྱི་འཐུས་མི། ཏང་ཡོན་རྒན་པ། དཀའ་ངལ་ཆེ་བའི་ཁྱིམ་ཚང་དུ་སོང་ནས། འགོ་ཁྲིད་པའི་དཔུང་སྡེ་དང་། སྡེ་བའི་རྣམ་པ། རྨང་གཞིའི་སྒྲིག་ཆས། ཐུན་མོང་གི་ཡོང་སྒོ་སོགས་གནས་ཚུལ་ལ་རྒྱུས་ལོན་བྱས་ཏེ། ཁྲ་ལྡང་སྡེ་བའི་མི་དམངས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་བློར་ཁྱོན་ཡོངས་ནས་རྒྱུས་ལོན་བྱས།
སྡེ་བའི་ནང་འཕྲོད་བསྟེན་ཁང་མེད་པ་དང་། མང་ཚོགས་ཀྱིས་ནད་སྟོན་པ་དང་སྨན་པ་སྟོན་པར་དཀའ་ངལ་ཤིན་ཏུ་ཆེ་བ་དང་། ལོ་མང་པོར་སྡེ་བ་རིམ་པའི་གཞུང་ལམ་ཞིག་གསོ་མ་བྱས་པས། རྒྱུན་ལྡན་ངང་བགྲོད་དཀའ་ཞིང་། དགུན་ཁར་ནོར་ལུག་གིས་ཕྲུ་གུ་རྩེབས་སྐབས་གསོན་ཚད་དམའ་བ་སོགས་དོན་དག་མང་པོ་ཞིག་གནས། ཉིན་འགའི་རིང་ལ། དཔའ་ཆེན་རྒྱལ་གྱིས་སྡེ་དམངས་རྣམས་ཀྱི་སེམས་ཁུར་བྱེད་ས་མང་པོ་ཞིག་འབྲི་དེབ་ཀྱི་སྟེང་དུ་ཤར་མར་བྲིས། སྡེ་བའི་གནས་ཚུལ་ལ་རྒྱུས་ལོན་བྱས་ཟིན་པ་དང་། དུས་ནམ་ཞིག་ལ་སྡེ་བའི་ནང་དངོས་ཡོད་ཀྱི་དོན་དག་སྒྲུབ་ཐུབ་བམ་ཞེས་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་རྒན་པ་སྟོབས་ཆེན་རྒྱལ་གྱིས་རེ་སྒུག་བྱེད་བཞིན་ཡོད། དེ་ནས་བཟུང་འགྱུར་ལྡོག་དེའི་མགོ་ཡང་རེ་ཞིག་བརྩམས་བྱུང་།

དཔའ་ཆེན་རྒྱལ་དང་ཁོའི་ལས་གྲོགས་ཚོས་དུས་ལྟར་གྲོང་རྡལ་ཏང་ཨུ་ལ་གནས་ཚུལ་ཡར་ཞུ་བྱས་པ་སྟེ། རང་འགུལ་སྒོས་གོང་རིམ་ལ་ནོར་སྲིད་དང་། འགྲིམ་འགྲུལ། རྒྱལ་ཁབ་མངའ་ཁོངས་སོགས་ཀྱི་མཉམ་འབྲེལ་ལས་ཁུངས་དང་འབྲེལ་མཐུད་མཐུན་སྦྱོར་བྱས་ཏེ། སྔ་གཞུག་ཏུ་མ་དངུལ་སྒོར་མོ་འབུམ་ལྔ་ལྷག་བསྡུ་སྒྲིག་བྱས་ནས་ཚད་ལྡན་ཅན་གྱི་འཕྲོད་བསྟེན་ཁང་གཅིག་གསར་དུ་བཙུགས་ནས། སྨན་བཅོས་སྒྲིག་ཆས་དང་སྨན་རྫས་སྒྲིག་སྦྱོར་བྱེད་དགོས་པ་དང་། ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱི་ར་བསྐོར་དང་། སྒོ་ཆེན། ས་ཁོད་སྙོམས་སར་ཨར་འདམ་གཏོང་དགོས་པ་དང་། སྡེ་བ་རིམ་པའི་གཞུང་ལམ་ཞིག་གསོ་དང་། སྡེ་བའི་ལམ་འགྲམ་གཉིས་སུ་ཉི་འོད་ནུས་པའི་གློག་སྒྲོན་འཛུགས་དགོས་པ། ཕྱུགས་སྤྱིལ་ཁང་གྱ་བདུན་གསར་དུ་འཛུགས་དགོས་པ། གད་སྙིགས་ཀྱི་སྒམ་དང་གད་སྙིགས་འདྲུད་སྤྱད་ཀྱི་རླངས་འཁོར་བཅུ་བཀོད་སྒྲིག་བྱེད་དགོས་པ། སྡེ་བ་རིམ་པའི་བྱིས་བཅོལ་ཐོག་ཁང་དང་། རིག་གནས་བྱ་འགུལ་ཁང་། སྤོ་ལོ་རྩེད་ས་སོགས་འཛུགས་སྐྲུན་བྱེད་དགོས་ཞེས་བྲིས། སྡེ་དམངས་རྣམས་ཀྱིས་གནས་ཚུལ་དེ་ཐོས་པ་ན། དགའ་སྤྲོའི་ངང་ཁ་ཡང་ཟུམ་ཐུབ་ཀྱིན་མེད་པ་རེད། རིམ་བཞིན་ཆ་རྒྱུས་ཡོད་པར་གྱུར་བའི་སྡེ་མི་རྣམས་ཀྱིས་དཔའ་ཆེན་རྒྱལ་མཐོང་མ་ཐག དཔའ་བྷོ་ཞེས་ཁོའི་གཅེས་མིང་ནས་འབོད་ཀྱིན་འདུག

སྡེ་བར་བསྡད་ན་མང་ཚོགས་ཀྱི་མིག་མདུན་གྱི་དོན་དག་ཆུང་ཆུང་རྣམས་ཐག་གཅོད་བྱེད་དགོས་ལ། དེ་ལས་ཀྱང་གལ་ཆེ་བ་ཞིག་ཡོད་པ་ནི་མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་བཏང་ནས་ཕྱུག་འགྱུར་གྱི་ལམ་བུར་བསྐྱོད་དེ་དབུལ་ཐར་མངོན་འགྱུར་བྱེད་རྒྱུ་དེ་ཡིན། མང་ཚོགས་ཚང་མས་ཡིད་ཆེས་ཐོབ་ཡོད་པས། དཔའ་བྷོ་ཡི་བློ་སྤོབས་སྔར་ལས་ཇེ་ཆེར་གྱུར། དོན་ངོ་མར་བཤད་ན། དཀའ་ངལ་ཆེ་བའི་མང་ཚོགས་ཚང་མར་འཕེལ་རྒྱས་ཀྱི་མ་དངུལ་མེད་པ་དེ་རེད། གནད་དོན་དེ་ལ་དམིགས་ནས། ང་ཚོས་དཀའ་ངལ་ཆེ་བའི་མང་ཚོགས་ལ་འཕེལ་རྒྱས་ཀྱི་ཆ་རྐྱེན་བསྐྲུན་པ་དང་། འཕེལ་རྒྱས་ཀྱི་ཁ་ཕྱོགས་ལ་མཛུབ་སྟོན་བྱེད་རྒྱུ་གཏན་འཁེལ་བྱས་ཏེ། དཀའ་ངལ་ཆེ་བའི་མང་ཚོགས་ཀྱིས་རང་འགུལ་སྒོས་འཕེལ་རྒྱས་གཏོང་བ་དང་། རང་སྟོབས་རང་སྤེལ་བྱེད་པའི་དབུལ་སྐྱོར་བྱ་བའི་བསམ་ཕྱོགས་ལ་སྣེ་ཁྲིད་བྱས།

དཔའ་ཆེན་རྒྱལ་དང་ཁོའི་ལས་གྲོགས་ཚོས་མཉམ་དུ། ཞིན་ཧེ་རྫོང་གེ་སར་ཚོང་ལས་ལམ་གྱི་དབུལ་སྐྱོར་ཐོན་ལས་ར་བ་ནས་ཚོང་ཁང་ཞིག་བརྩོན་ལེན་བྱས་ཏེ། ལོ་རེར་སྒོར་མོ་ཁྲི་གསུམ་བྱས་ནས་ཕྱི་རོལ་དུ་གླས་ཏེ། དབུལ་ཕོངས་ཁྱིམ་ཚང་གི་ཡོང་སྒོ་ཇེ་མང་དུ་བཏང་བ་དང་། དབུལ་སྐྱོར་མ་དངུལ་སྒོར་མོ་འབུམ་དྲུག་དང་ཁྲི་དྲུག་ལྷག་བརྩོན་ལེན་བྱས་ཏེ། མ་རྐང་དུ་ཞུགས་པའི་རྣམ་པས་ཀྲུང་གོའི་རྡོ་སྣུམ་རྫས་འགྱུར་ཀུང་ཟིའི་ཞིན་ཧེ་ཡན་ལག་ཀུང་ཟིའི་ནང་མ་རྐང་བཞག་སྟེ། དཀའ་ངལ་ཆེ་བའི་ཁྱིམ་ཚང་གི་མི་རེར་ལོ་རེར་སྒོར་མོ་དྲུག་བརྒྱ་བཞི་བཅུས་བྱ་དགའ་བྱིན། ཉིས་སྟོང་བཅུ་དྲུག་ལོའི་ཟླ་བཞི་བར། བྱ་བའི་རུ་ཁག་གིས་དཀའ་ངལ་ཆེ་བའི་ཁྱིམ་ཚང་བཅོ་བརྒྱད་ནས་མ་དངུལ་སྒོར་མོ་སྟོང་གཉིས་རེ་བསྡུ་བར་སྣེ་ཁྲིད་བྱས་ཏེ་ཁྲ་ལྡང་སྡེ་བ་ནས་རང་འདེམ་ཚོང་ཁང་ཞིག་ཕྱེས་སུ་བཅུག གྲོས་མོལ་བྱས་རྗེས། སྡེ་མི་བདེ་མཆོག་ལ་རང་འདེམ་ཚོང་ཁང་གི་འགན་གཙང་ལེན་བྱེད་དུ་བཅུག་པ་དང་། ཁྱིམ་ཚང་རེར་ལོ་རེར་ཆ་སྙོམས་ཀྱིས་སྒོར་མོ་ལྔ་བརྒྱ་དང་ང་ལྔའི་བྱ་དགའ་བྱིན།

དཔའ་ཆེན་རྒྱལ་གྱིས་སྡེ་བའི་ནང་གི་ཕན་ཚུན་རོགས་རེས་མཐུན་ཚོགས་ནས་སྒོར་མོ་སྟོང་ལྔ་བསྐྱིས་ནས་བཞོན་མ་གཅིག་དང་། བེའུ་གསུམ་ཉོས་པ་དང་། ད་ལྟ་སྒོ་ཕྱུགས་བཞི་བོ་དེ་སྒོ་ཕྱུགས་ལྔ་རུ་གྱུར་ཡོད། དཀའ་ངལ་ཆེ་བའི་ཀུན་བཟང་ནི་སྡེ་བའི་ནང་གི་གསོ་སྤེལ་ལ་ཤིན་ཏུ་མཁས་པ་ཞིག་ཡིན་ཡང་། ཕ་མ་གཉིས་ལ་ན་རྒྱུ་མང་བོའི་རྐྱེན་གྱིས་ཁྱིམ་གྱི་སྒོ་ཕྱུགས་རྣམས་སྔ་གཞུག་བྱས་ནས་བཙོངས་ཚར་བ་རེད། ལོ་འདི་འགར། ཁོས་སྒོ་ཕྱུགས་གསོ་བའི་ལས་ཀ་དེ་ཡང་བསྐྱར་མགོ་བརྩམས་བསམ་ཡང་། མ་དངུལ་མེད་པས་ཁོས་ལས་ཀ་དེ་སྒྲུབ་མ་ཐུབ་པར་ལུས་ཡོད་པ་རེད། ཀུན་བཟང་གིས་བཤད་རྒྱུར། སྲིད་གཞུང་གི་རྒྱབ་སྐྱོར་ཡོད་པས། ང་ཚོའི་འཚོ་བ་ཉིན་རེ་ལས་ཉིན་རེར་ཇེ་བཟང་དུ་འགྲོ་ཐུབ་པར་ང་ལ་ཡིད་ཆེས་ཡོད་ཟེར།
ལོ་གཉིས་རིང་གི་དབུལ་སྐྱོར་བྱ་བ་བརྒྱུད་དེ། དཀའ་ངལ་ཆེ་བའི་ཁྱིམ་ཚང་གི་འདུ་ཤེས་དེ“ང་རང་དབུལ་ཕོངས་ལས་ཐར་དུ་འཇུག་དགོས”ཞེས་པ་ནས“ང་རང་དབུལ་ཐར་བྱེད་དགོས”ཞེས་པར་འགྱུར་བ་དང་། བཙུན་ཐར་རྒྱལ་ལྟ་བུ་ལའང་ད་ལྟ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པ་རེད།

བཙུན་ཐར་རྒྱལ་གྱིས་བཤད་རྒྱུར། སྡེ་བའི་ནང་ལས་གཞི་མི་ཉུང་བ་ཞིག་ལག་བསྟར་བྱས་པ་དང་། ང་རང་ཡང་ལས་ཀ་ལས་སར་སོང་ནས་ལས་ཀ་ལས་བཞིན་ཡོད་ལ། ད་དུང་གཞན་ལ་རོགས་བྱས་ནས་དབྱར་རྩ་བརྐོ་བཞིན་ཡོད། ན་ནིང་། སྲིད་ཇུས་རང་བཞིན་གྱི་ཁ་གསབ་དང་ཞོར་ལས་གཉེར་བའི་ཡོང་སྒོ་གཉིས་བསྣན་ན་སྒོར་མོ་ཁྲི་གསུམ་ཡོད་པ་དང་། ད་ལོར་ངས་ད་དུང་སྒོར་མོ་མང་པོ་ཞིག་བཙལ་ནས་འཕྲུལ་རྟ་ཞིག་གསོ་ཁང་ཞིག་གཉེར་འདོད་ཡོད་ཟེར། བཙུན་ཐར་རྒྱལ་གྱི་སྐད་ཆ་དེ་ཐོས་རྗེས་དཔའ་ཆེན་རྒྱལ་གྱིས་བསྟོད་བསྔགས་ཡང་ཡང་བྱས།

ཐག་མི་རིང་བའི་ས་ནས་སྡེ་མི་སྐོར་ཞིག་གིས་གདོང་ལ་འཛུམ་གྱིས་ཁེངས་ནས་དཔའ་བྷོ་སླེབས་བྱུང་ཞེས་དཔའ་ཆེན་རྒྱལ་ལ་ལག་བརྡ་སྟོན་བཞིན་འདུག
དཔའ་ཆེན་རྒྱལ་གྱིས་ཀྱང་ཕྱིར་ལག་བརྡ་སྟོན་བཞིན། འཛུམ་མདངས་དང་བཅས་མདུན་དུ་བསྐྱོད།

ལོ་ཙཱ། ཚེ་རིང་སྒྲོལ་མ།