རླངས་འཁོར་བསྐོར་ནས་སྐྱེ་དགུ་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་ལྔ་བཅུ་ཙམ་གྱི་མཚམས་ན་ཡོད་པའི་ཁྲི་འདུ་རྫོང་གི་སྤྱི་བོ་སྡེ་བར་བསྐྱོད་པར་མྱུར་བགྲོད་གཞུང་ལམ་བརྒྱུད་ནས་སོང་བས་ལམ་ཤིན་ཏུ་བཟང་།
སྤྱི་བོ་སྡེ་བ་ནས་རྒྱལ་ཁབ་གློག་དྲ་ཡུས་ཧྲུའུ་གློག་འདོན་ཀུང་སིའི་སྡེ་སྡོད“ཧྲུའུ་ཅི་དང་པོ”བློ་དཀར་ཚེ་རིང་མཐོང་།
2016ལོའི་ཟླ7པར་སྡེ་བར་སྡོད་པའི་ཚུན་དུ། བློ་དཀར་ཚེ་རིང་མང་ཚོགས་ཀྱི་གྲས་སུ་ཞུགས་ཏེ་མང་ཚོགས་ཀྱི་གནས་ཚུལ་རྒྱུས་ལོན་དང་མང་ཚོགས་ཀྱི་ཕུགས་འདུན་མངོན་འགྱུར་བྱུང་བས། ཁོ་ནི་ངེས་པ་དོན་གྱིས་མང་ཚོགས་དང་ཁ་ཏ་བྱེད་ཐུབ་ཅིང་མང་ཚོགས་ཀྱིས་གོ་བ་ལོན་ཐུབ་པའི་སྐད་ཆ་བཤད་ཤེས་པ། མང་ཚོགས་ཀྱིས་ཁས་ལེན་ཐུབ་པའི་བྱ་བ་སྒྲུབ་ཐུབ་པ་ཞིག་རེད།
སྤྱི་བོ་སྡེ་བ་ནི་མཚོ་ངོས་ལས་མུས་བཞི་སྟོང་སུམ་བརྒྱ་ཡན་དུ་གནས་པའི་རོང་མ་འབྲོག་གི་ས་ཁུལ་ཞིག་རེད། ད་ལྟ་དབུལ་ཕོངས་ཁྱིམ་ཚང་བརྒྱ་དང་བཅུ་བདུན་དང་མི་གྲངས་ཉིས་བརྒྱ་གོ་དྲུག་ཡོད། བློ་དཀར་ཚེ་རིང་སྡེ་བར་བསྡད་རྗེས། ཁྱིམ་ཚང་རེ་རེར་སོང་ནས་ཁྱིམ་ཚང་རེ་རེའི་ཡོང་སྒོ་དང་འཚོ་བའི་གནས་ཚུལ་ཞིབ་མོར་དྲིས་པས། ད་ལྟ་ཁྱིམ་ཚང་རེ་རེའི་གནས་ཚུལ་རང་གི་ལག་མཐིལ་གྱི་རི་མོ་བཞིན་དུ་གསལ་པོར་ངེས། དེར་མ་ཟད་སྐད་འཕྲིན་གྱི་ཚོགས་པ་ཞིག་བཙུགས་ཏེ་ཚང་མར་དཀའ་ཁག་ཅི་ཞིག་ཡོད་ན་དུས་ནམ་ཡང་ཚོགས་པའི་ནང་དུ་བཤད་ཆོག་པའམ་ཐད་ཀར་ཁ་པར་བཏང་ནའང་ཆོག་པར་བཟོས།
སྐད་འཕྲིན་གྱི་ཚོགས་པ་འཛུགས་པ་ནི་བྱེད་ཐབས་བཟང་པོ་ཞིག་རེད། ཚོགས་པའི་ནང་དུ་མི་ཞིག་གིས་བློ་དཀར་ཚེ་རིང་ལ་མཐོ་འབྲིང་འགྲིམས་པའི་སློབ་མ་ཤེས་རབ་མུ་མཐུད་དུ་སློབ་གྲྭར་འགྲིམ་མི་ཐུབ་པའི་དཀའ་ཁག་བཤད། བློ་དཀར་ཚེ་རིང་གིས་མྱུར་དུ་གནས་ཚུལ་རྒྱུས་ལོན་བྱས་པ་ན། དོན་ངོ་མས་ཤེས་རབ་ཀྱི་ཕ་མ་གཉིས་ཀ་རླངས་འཁོར་གྱི་དོན་རྐྱེན་ལས་སྟབས་མ་ལེགས་པར་ཚེ་ལས་འདས་པ་དང་། ཁོ་དང་ལོ་ན་རྒས་པའི་ཨ་ཕྱི་གཉིས་ཀ་གཅིག་གིས་གཅིག་ལ་བརྟེན་ནས་འཚོ་བ་རོལ་དགོས་པ་དང་། ཁྱིམ་ཚང་དེ་ཨ་ཕྱི་ཡིས་ཐང་ག་གཙགས་ནས་བཙོང་བའི་ཡོང་སྒོ་ལ་བརྟེན་ཡོད་པས། ཤེས་རབ་སློབ་གྲྭ་འགྲིམ་མཚམས་འཇོག་པའི་དཀའ་སྡུག་ལ་འཕྲད།
བློ་དཀར་ཚེ་རིང་གིས་རང་གི་ཁྱིམ་མིར་གྲོས་བྱས་རྗེས། རང་ཉིད་ཀྱི་ནུས་པར་བརྟེན་ནས་བྱིས་པ་དེ་སློབ་ཆེན་འགྲིམ་པའི་ཕུགས་འདུན་མངོན་འགྱུར་བྱེད་རྒྱུ་དང་། སློབ་ཆེན་འགྲིམ་སྐབས་སློབ་ཡོན་ཚང་མ་དང་འཚོ་བའི་འགྲོ་གྲོན་ཚང་མ་རང་ཉིད་ཀྱིས་སྤྲོད་རྒྱུ། ཁོ་སློབ་གྲྭར་འགྲིམ་པའི་སྐབས་སུ་ཁྱིམ་དུ་མི་རྐྱང་དུ་ལུས་པའི་ཨ་ཡེ་རྒན་མོ་རང་གིས་བདག་སྐྱོང་བྱེད་རྒྱུ་བྱས།
ལོ་ངོ་ཉེར་བརྒྱད་ལ་གློག་ཤུགས་ལས་ཀ་ལས་པའི་གློག་འདོན་པ་རྒན་པ་ཞིག་ཡིན་པའི་བློ་དཀར་ཚེ་རིང་སྡེ་བར་བསྡད་རྗེས། ལས་ཁུངས་ཀྱིས་རྒྱབ་སྐྱོར་བྱས་པའི་འོག་ཏུ། ཞིང་སྡེའི་གློག་དྲ་བསྒྱུར་བཅོས་ཀྱི་ལས་གཞི་ཧུར་བརྩོན་གྱིས་ལག་བསྟར་བྱས་ཏེ་གློག་འདོན་དབུལ་སྐྱོར་གྱི་སྔོན་བསྐྱོད་དཔོན་པོ་བཟང་པོ་ཞིག་བྱས་པ་དང་། ལས་ཀ་བ་རྣམས་ཁྲིད་ཡོང་སྟེ་སྡེ་བའི་ནང་གི་གློག་དྲ་བསྒྱུར་བཅོས་བྱས་པ་མ་ཟད། སྔོན་ཆད་ཀྱི་ཤིང་གི་གློག་སྡོང་དག་ཨར་འདམ་གྱི་གློག་སྡོང་དུ་བསྒྱུར་བས་བདེ་འཇགས་རང་བཞིན་སྔོན་ལས་ཆེས་ཆེར་ཇེ་མཐོར་སོང་བ་དང་སྡེ་བའི་ནང་དུ་ད་རུང་སྒུལ་ཤུགས་གློག་ཀྱང་འཐེན། སྔོན་ཆད་སྡེ་བའི་ནང་གི་གློག་གནོན་དམའ་མོའི་གནད་དོན་ཚབས་ཆེན་ཡིན་ལ་སྡེ་མི་རྣམས་ཀྱིས་གློག་བཀོལ་བའི་གནས་ཚུལ་བརྟན་བརླིང་མིན། སྒུལ་ཤུགས་གློག་འཐེན་རྗེས་སྡེ་མི་རྣམས་ཀྱིས་རྒྱུན་ལྡན་དུ་གློག་བཀོལ་ཐུབ་པར་མ་ཟད། ད་རུང་སྡེ་བའི་ནང་གཡིས་བཙག་ཐུབ་ལ་རང་འཐག་ཀྱང་འཐག་ཐུབ།
སྡེ་བའི་གཡིས་བཙག་ཁང་དུ་སོང་བ་ན། ནུས་ཚད་སྟོང་ཝ་བཅུ་གཅིག་ནས་བཅོ་ལྔའི་སྣུམ་བཙག་འཕྲུལ་ཆས་ཤིག་ཡུལ་དེར་བརྟན་པོར་བཙུགས་ཡོད། དེ་ནི་སྡེ་བར་སྡོད་པའི་བྱ་བའི་ཚན་ཆུང་གིས་ན་ནིང་སྤྱི་བོ་སྡེ་བར་ཉོས་ཡོང་བ་རེད། སྔོན་ཆད་སྡེ་མི་ཚང་མས་ནས་བཏབ། ན་ནིང་ནས་བཟུང་སྡེ་བའི་ནང་དུ་གཡིས་བཙག་ས་ཡོད་པས་ས་ཞིང་ཕྱེད་ཀར་ལོག་དཀར་བཏབ་པ་རེད། སྡེ་མི་རྣམས་ཀྱིས་རང་ཉིད་ཀྱིས་བཙག་པའི་གཡིས་ཟ་ཐུབ་སོང་། གསར་འགོད་པས་སྡེ་བའི་ནང་དུ་བཅར་འདྲི་བྱེད་སྐབས། སྡེ་མི་མང་པོ་ཞིག་ཁྱིམ་ན་མེད་ལ་ཚང་མ་རི་མགོར་དབྱར་རྩྭ་བརྐོ་རུ་བུད་སོང་། ལོ་ན་ཅུང་རྒས་པའི་རྒན་མོ་ཁ་ཤས་དང་འཕྲད་ལ། ཁོ་མོ་ཚོར་བློ་དཀར་ཚེ་རིང་ལ་བཟུང་བའི་ལྟ་ཚུལ་དྲིས་པ་ཡིན། བློ་དཀར་ཚེ་རིང་གི་གནས་ཚུལ་དྲིས་མ་ཐག་ཏུ་ཁོ་མོ་ཚོས་མཐེ་བོང་བསྒྲེངས་བཞིན་བློ་དཀར་ཚེ་རིང་ལ་བསྟོད་བསྔགས་ཚད་མེད་བྱེད་བཞིན་ཡོད།
བློ་དཀར་ཚེ་རིང་ལ་མཚོན་ནས་བཤད་ན། སློབ་རོགས་དང་གློག་དྲ་བཅོས་བསྒྱུར། སྡེ་མིར་ལས་ཀ་ལས་རོགས་བྱས་པ་ལས་གཞན། མི་རྣམས་ལ་བག་ཆགས་ཟབ་མོ་ཞིག་བཞག་ཡོད་པ་ནི་ན་ནིང་གི་ཟླ་དྲུག་པ་ནས་ཟླ་བརྒྱད་པའི་ནང་དུ་ནོར་གནག་ཉོས་པའི་དོན་དག་དེ་རེད།
སྡེ་བ་དབུལ་ཕོངས་ལས་ཐར་དགོས་ལ་ཐོན་ལས་འཕེལ་རྒྱས་ལའང་གཏོང་དགོས། ཐོན་ལས་དབུལ་སྐྱོར་གྱི་མ་དངུལ་ཇི་ལྟར་བཀོལ་ན་འགྲིག་གམ་ཞེས་བློ་དཀར་ཚེ་རིང་གིས་ཁྱིམ་ཚང་རེ་རེར་སོང་སྟེ་བརྟག་དཔྱད་བྱས་པ་དང་ཐེངས་མང་པོར་བགྲོ་གླེང་བྱས་པ་བརྒྱུད་ནས། སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་རྒྱུ་ཐག་བཅད། ཧ་ལམ་ཟླ་ངོ་གསུམ་གྱི་རིང་ལ། ཁོས་ལས་བྱེད་པ་རྣམས་ཁྲིད་ནས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དང་སི་ཁྲོན་ཞིང་ཆེན་གྱི་སེར་ཤུལ་རྫོང་སོགས་གང་སར་སོང་སྟེ། སྡེ་མི་རྣམས་ལ་ནོར་གནག་བཞི་བརྒྱ་བརྒྱད་ཉོས་ཡོང་། གཡག་དང་འབྲི་མོ་གཉིས་བསྡེབས་ནས་སྡེ་མི་རྣམས་ལ་བྱིན་པར་དབུལ་ཕོངས་ཁྱིམ་ཚང་རེར་ནོར་གནག་གསུམ་རེ་ཐེམས།
“འབྲི་མོ་ཞིག་ལ་མཚོན་ནས་བཤད་ན། འབྲི་མོ་ཞིག་ལས་བཞོས་པའི་འོ་མས་ཞོ་དང་མར་བཟོས་ནས་བཙོང་ཚེ། ལོ་རེར་ཕལ་ཆེར་སྒོར་སྟོང་གཉིས་ཡས་མས་ཀྱི་ཡོང་སྒོ་ཡོད”ཅེས་བློ་དཀར་ཚེ་རིང་གིས་གསར་འགོད་པར་དེ་ལྟར་བཤད།
ཉེ་ལམ། བློ་དཀར་ཚེ་རིང་གི་སེམས་སུ་བྱེད་ཐབས་བཟང་པོ་ཞིག་དྲན་ཡོད། དེ་ནི་རྒྱལ་ཁབ་གློག་དྲ་ཡུས་ཧྲུའུ་གློག་འདོན་ཀུང་སིའི་རྒྱབ་སྐྱོར་འོག་ཏུ། སྤྱི་བོ་སྡེ་བ་རུ་འོད་ཧྥུ་གློག་འདོན་ས་ཚིགས་ཤིག་ལས་རྒྱུ་དེ་རེད། འོད་ཧྥུ་གློག་འདོན་ས་ཚིགས་བཙུགས་རྗེས། བཏོན་པའི་གློག་ཐད་ཀར་རྒྱལ་ཁབ་གློག་དྲར་བཙོང་ཆོག འདི་ལྟར་བྱས་ན་སྤྱི་བོ་སྡེ་བ་ཡུན་རིང་འཕེལ་རྒྱས་འབྱུང་དུ་འཇུག་ཐུབ་ལ། སྡེ་བའི་ཐུན་མོང་གི་དཔལ་འབྱོར་འཕེལ་རྒྱས་ལ“གསོག་པའི་གློག་ཤུགས”ཀྱང་འདོན་སྤྲོད་བྱས་ཏེ། སྤྱི་བོ་སྡེ་བ་དབུལ་ཐར་ཕྱུག་བསྒྱུར་གྱི་འཕེལ་རྒྱས་བགྲོད་ལམ་བཟང་པོ་ཞིག་ཏུ་བསྐྱོད་ཐུབ་ངེས།
རྩོམ་སྒྲིག་པ། ཤ་བོ་རིན་མཚོ།