ཧྲུའུ་ཅི་དང་པོ་དབང་ཕྱུག་གི་དབུལ་སྐྱོར་བློ་འདོད།
2018.08.15 ཁུངས། མཚ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 53

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་མང་ཆུ་གྲོང་རྡལ་ན་རན་སྡེ་བ་ནི“གནད་ཆེའི་དབུལ་ཕོངས་སྡེ་བ”ཞིག་རེད། 2016ལོར་ཧྲུའུ་ཅི་དང་པོ་དབང་ཕྱུག་སྡེ་བ་འདིར་ཡོང་རྗེས། ཡོད་ཚད་ལ་ཤེས་མེད་ཚོར་མེད་ངང་འགྱུར་ལྡོག་བྱུང་།

2016ལོའི་ལོ་མཇུག་ལ། སྐབས་དེར་ཀོས་ནན་རྫོང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་ཀྲུའུ་རེན་གྱི་འགན་བླངས་པའི་དབང་ཕྱུག་ན་རན་སྡེ་བ་རུ “ཧྲུའུ་ཅི་དང་པོ”ཡི་འགན་འཁུར་དུ་ཡོང་། དང་ཐོག་སྡེ་བ་དེར་ཐོན་དུས། རྗེས་ལུས་ཡིན་པའི་རྨང་གཞིའི་སྒྲིག་བཀོད་དང་། གཅིག་རྐྱང་ཡིན་པའི་ཐོན་ལས་གྲུབ་ཚུལ། དབུལ་ཕོངས་དུད་ཁྱིམ་ཧ་ཅང་མང་བ་བཅས་ཀྱིས་དབང་ཕྱུག་ལ་གནོན་ཤུགས་ཆེ་བའི་ཚོར་བ་བྱིན།

“ད་ནི་ལོ་ངོ་མང་པོའི་རིང་ཐག་གཅོད་མ་ཐུབ་པའི་སྡེ་བའི་གནད་དོན་འགའ་ཐག་གིས་གཅོད་པ་དང་། སྡེ་བ་རང་སྟེང་གིས་སྒྲུབ་དཀའ་བའི་དོན་དངོས་འགའ་རེ་ལེགས་འགྲུབ་བྱེད་དགོས།”འགལ་བ་འབུར་ཐོན་ཡིན་པའི་དཀའ་གནད་འདི་ལྟ་བུར་དམིགས་ཏེ། དབང་ཕྱུག་གིས་དེ་ལྟར་བསམས་ལ་དེ་ལྟར་ཡང་བསྒྲུབས།

སྡེ་མི་མ་ཨེར་ས་ཡིས་བཤད་རྒྱུར།“ང་ཚོ་སྡེ་བའི་བྱང་ཤར་གཉིས་ཀྱི་བར་ལ་སྤྱི་ལེ3ཡོད་པ་དང་། ཡིག་ཚགས་དང་བྱང་བུ་བཟོས་པའི་དུད་ཁྱིམ108ཡོད། སྒོ་ཤར་ཕྱོགས་སུ་འཁོར་བའི་ཁྱིམ་ཚང་གང་དག་ཡིན་པ་དང་།སྒོ་ནུབ་ཕྱོགས་སུ་འཁོར་བའི་ཁྱིམ་ཚང་གང་དག་ཡིན་པ་ནི་རང་སྡེའི་མི་ལས་ཁོར་གསལ་ཆ་ལྡན། སྡེ་མི་ཁོ་བཙལ་དུ་སོང་ཚེ། དོན་དག་ཆེ་ཆུང་གང་ཡིན་རུང་། ཁོས་ནན་ཏན་གྱིས་ཐག་གིས་གཅོད་ངེས། ”ལས་གཞི་བརྩོན་ལེན་དང་། ཐོན་ལས་སྐུལ་སྤེལ། འགལ་བ་འདུམ་འགྲིག གནད་དོན་ཐག་གཅོད། ཁྱིམ་ཚེས་འགྲིག་མཐུན།འཇོན་མི་གསོ་སྐྱོང་བཅས་བསྒྲུབས་པའི་དོན་དག་རེ་རེ་དམངས་སེམས་ལ་སིམ་ཡོད།

ཁོ་དང་དབུལ་སྐྱོར་ལས་དོན་རུ་ཁག་དང་། སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱིས་ཐུན་མོང་དུ་འབད་བརྩོན་བྱས་པ་བརྒྱུད། སྡེ་བའི་རྨང་གཞིའི་སྒྲིག་བཀོད་ལ་ལེགས་བཅོས་ངེས་ཅན་ཐོབ་པ་དང་། སྡེ་བ་རུ་སྡེ་བ་རིམ་པའི་ཞབས་ཞུའི་ཚོམས་ཆེན་དང་བུ་བཅོལ་ཁང་། ཐང་ཆེན་བཅས་གསར་སྐྲུན་བྱས་པར་མ་ཟད། ན་ནིང་སྡེ་བ་ཧྲིལ་པོའི་དུད་ཁྱིམ207གྱི་ཉེན་ཁང་བསྒྱུར་བཀོད་བྱས། དེ་དང་ཆབས་ཅིག་སྡེ་མི་ལ་ཞིང་ལས་སྒྲིག་ཆས8དང་སྒོ་ཕྱུགས500དངོས་འབེབས་བྱས།

ཐོན་ལས་འཕེལ་རྒྱས་དང་ལས་གཞི་དངོས་འབེབས་བྱ་རྒྱུ་ནི་དེ་ལས་ཀྱང་དཀའ་ཁག་ལྡན་པ་ཞིག་རེད། སྡེ་མི་མང་པོ་ཞིག་གིས་ཉེན་ཁང་བསྒྱུར་བཀོད་དང་། སྒོ་ཆེན་དང་གྱང་ར་བསྐོར་བའི་རྐྱེན་གྱིས་མ་དངུལ་ཧ་ཅང་དཀོན་པ་དང་སྒོ་ཕྱུགས་ཉོ་ཐབས་བྲལ། ཁོས་བདག་གཞན་མཉམ་བརྗེའི་སྒོ་ནས་དབུལ་ཕོངས་དུད་ཁྱིམ་རྣམས་ལ་བློ་འདོན་ཇུས་འགོད་དང་ཐབས་བཀོད་བཏོན། ཉེ་གམ་གྱི་སྒོར་མོ་ཡོད་པའི་མི་ལ་སྐུལ་སློང་བྱས་ཏེ་ཁོ་ཚོར་རོགས་སྐྱོར་བྱེད་དུ་བཅུག་པར་མ་ཟད། རང་ཉིད་དངོས་སུ་སོང་སྟེ་དབུལ་ཕོངས་དུད་ཁྱིམ་ལ་སྒོ་ཕྱུགས་ཆད་འཇོག་བྱེད་པར་རོགས་སྐྱོར་བྱས་པ་དང་།རང་ཉིད་གཏའ་མར་བསྡད། ད་ལྟ་སྡེ་བ་དེའི་ཐོན་ལས་འཕེལ་རྒྱས་ཀྱི་ལས་གཞི་ཡོད་ཚད་དངོས་འབེབས་དང་དམིགས་སར་འབྱོར་ཡོད།

སྡེ་བའི་རྩིས་གཉེར་པར་ནོར་སྲིད་ཀྱི་ཁ་གསབ་མེད་སྟབས། གླ་ཕོགས་སྟེར་ཐབས་བྲལ། ཁོས་གྲོང་རྡལ་སྲིད་གཞུང་ལ་གནས་ཚུལ་གསལ་བཤད་བྱས་པར་མ་ཟད་ཁོ་ལ་གནས་སྐབས་རོགས་སྐྱོར་བྱེད་པའི་རེ་འདུན་ཞུས། སྔོན་གྱི་སྡེ་དཔོན་དེས་གཞུང་དངུལ་སྒེར་སྤྱོད་བྱས་པས་ཁྲིམས་ཆད་ཕོག་པ་དང་། དེའི་ཆུང་མ་གཅིག་པུས་བུ་བུ་མོ་གཉོར་སྐྱོང་བྱེད་བཞིན་ཡོད་སྟབས་འཚོ་བར་ཧ་ཅང་དཀའ་ཁག་ལྡན། ཁོས་གནས་ཚུལ་དེ་ཤེས་རྗེས། ཡང་བསྐྱར་གྲོང་རྡལ་སྲིད་གཞུང་ལ་སོང་སྟེ་རོགས་སྐྱོབ་བྱེད་པའི་རེ་འདུན་ཞུས།འཇོན་མི་གསོ་སྐྱོང་གི་ཕྱོགས་ནས། རྫོང་ཡོངས་ཀྱི་སློབ་མཚམས་བཞག་ཚད་ཆེས་མང་བའི་གྲོང་གསེབ་ཀྱི་རྣམ་པ་ལ་འགྱུར་ལྡོག་བྱུང་སྟེ་སློབ་ལོ་རན་པའི་བྱིས་པའི་སློབ་ཞུགས་ཀྱི་ཚད98﹪ལ་སླེབས།

“དབང་ཕྱུག་ནི་གྲོང་རྡལ་སྲིད་གཞུང་དུ་རྒྱུག་ཐེངས་ཆེས་མང་བའི‘ཧྲུའུ་ཅི་དང་པོ’ཡིན། ཡོང་ཐེངས་རེ་རེ་ནི་ཚང་མ་སྡེ་མིའི་ལས་དོན་དངོས་སུ་བསྒྲུབ་ཆེད་རེད། ན་ནིང་གི་ལོ་གཅིག་པུའི་དབུལ་སྐྱོར་རོགས་སྐྱོར་གྱི་གྲུབ་འབྲས་ནི།འདས་སོང་གི་ལོ་ངོ་བཅུའི་འཕེལ་རྒྱས་ཀྱི་འབྲས་བུ་ལས་ཀྱང་ལྷག” མང་ཆུ་གྲོང་རྡལ་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི་ཉིའུ་ཧོན་ཆིང་གིས་དེ་ལྟར་བཤད། དབང་ཕྱུག་གིས་ནན་འཛིན་དངོས་སྒྲུབ་རབ་དང་རིམ་པ་བྱས་པ་དེ། མང་ཚོགས་ཀྱིས་མཐོང་ཞིང་ཡིད་ལའང་བཟུང་ཡོད། སྡེ་མི་ཡོངས་ལ་ཁོའི་སྤྱོད་སྟངས་ཀྱིས་སེམས་འགུལ་ཐེབས། ཚང་མས་ཏང་གིས་ཧྲུའུ་ཅི་བཟང་པོ་ཞིག་མངགས་བྱུང་ཞེས་བཤད་བཞིན་འདུག །