དཔལ་ཐང་རྩྭ་ཐང་གི་ན་གཞོན་ལས་སྐྲུན་པ་ཚེ་དོན།
2018.08.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 71

ཞོགས་པའི་ཉི་ཟེར་དཔལ་ཐང་རྩྭ་ཐང་དུ་འཕྲོས་ཤིང་། གཡའ་དག་པའི་མཁའ་དབྱིངས་ཀྱི་སྤྲིན་དཀར་དེ་གཡོར་གྲུ་དང་འདྲ་བར་དཔལ་ཐང་ཆུ་བོའི་ནང་གཡོ་སྐྱོམ་བྱེད་བཞིན་འདུག ཡུལ་ལྗོངས་མཛེས་པའི་གནས་མཆོག་དེ་རུ། ལས་གཉེར་དུས་ཡུན་ཐུང་བའི་ཀུང་སི་ཞིག་ལ་རིམ་བཞིན་སྐྱེ་སྟོབས་རྒྱས་བཞིན་ཡོད་དེ། དེ་ནི་ཡུས་ཧྲུའུ་གྲོང་ཁྱེར་གྱི་མཛེས་སྡུག་ལྡན་པའི་དཔལ་ཐང་ཆུ་བོའི་འགྲམ་ངོགས་ན་ཕྱེས་ཡོད་པའི་ཁ་བ་བོད་པ་རིག་གནས་ཡུལ་སྐོར་ཀུང་སི་རེད།

ཁ་བ་བོད་པ་རིག་གནས་ཡུལ་སྐོར་ཀུང་སི་འཛུགས་མཁན་ཚེ་དོན་ལ་འཕྲད་སྐབས། ཁོའི་ངོ་གདོང་ནག་པོའི་སྟེང་ཡིད་ཆེས་དང་སྤོབས་པའི་ཁེངས་ཡོད་ལ། གད་མོ་བགད་དུས་ཁོའི་སོ་དུང་ལྟར་དཀར་བ་དང་། ཁོས་མི་རྣམས་ལ་བརྩེ་བའི་བག་ཆགས་ཟབ་མོ་འཇོག་སྲིད།

ལོ་རབས་དགུ་བཅུའི་རྗེས་སུ་སྐྱེས་པའི་ཚེ་དོན་ནི། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་སྡོམ་མདའ་གྲོང་རྡལ་བྲག་དཀར་སྡེ་བ་ནས་སྐྱེས་ཤིང་། ཁོ་ནི་ཁྱིམ་ཚང་གི་བྱིས་པ་ཚོའི་ནང་གི་ཆེས་ཆེ་བ་ཡིན་ཞིང་། སློབ་ཆུང་ནས་བཟུང་སློབ་སྦྱོང་གི་འབྲས་བུ་བཟང་ལ། ཕ་མའི་ཁ་ལེན་ཚིག་བརྩི་བྱེད་པའི་བྱིས་པ་རིག་རྒོད་ཅིག་རེད། ལོ་བཅུ་དྲུག་ལ་བུད་པའི་སྐབས་དེར། ཁྱིམ་ཚང་གི་འབྱོར་བ་ཞན་པས་ནུ་བོ་གསུམ་པོ་སློབ་གྲྭར་འགྲོ་ཐུབ་ཆེད། ཚེ་དོན་སློབ་གྲྭར་འགྲོ་མཚམས་བཞག་ནས་སྡེ་བ་གཅིག་པའི་ཡུལ་མི་ཞིག་གི་རྗེས་སུ་འབྲངས་ནས་ཞོར་ལས་སུ་སོང་བ་དང་། ཆིང་ཏའོ་ཡི་ལྭ་བ་བཟོ་གྲྭ་ཞིག་ཏུ་བཟོ་བ་བྱས།

2013ལོར། ཡུས་ཧྲུའུ་བསྐྱར་སྐྲུན་གྱི་བྱ་བ་གཞི་རྩའི་སྟེང་ཡོངས་འགྲུབ་བྱས་ཡོད་པ་དང་། ཕ་མ་གཉིས་ཀྱིས་བུ་ཆུང་དྲན་པས་ཚེ་དོན་ཕྱིར་རང་གི་ཕ་ཡུལ་ཡུས་ཧྲུའུ་ལ་ལོག ལོ་འགའི་ནང་། ཚེ་དོན་གྱིས་གླ་བ་བྱས་མྱོང་ལ་ཡུལ་སྐོར་པ་ཁྲིད་མྱོང་བ་དང་། ཇ་མའང་བྱས་ཏེ་བྱ་བའི་ཉམས་མྱོང་བསགས།

བྱ་བ་ཅི་ཞིག་སྒྲུབ་རུང་། ཚེ་དོན་གྱིས་ནན་ནན་ཏིག་ཏིག་དང་ཞིབ་ཚགས། ཧུར་ཐག་བྱེད་བཞིན་ཡོད། བྱ་བའི་ཁྲོད་ཁོས་ཁེ་ལས་ཀྱི་སྤྱི་པའི་འབྲེལ་བ་དང་ཁེ་ལས་དོ་དམ། ཁྱབ་སྤེལ་བྱེད་པ་སོགས་ཚོང་གཉེར་འཁོར་སྐྱོད་ཀྱི་རིམ་པ་བཅས་ཀྱི་ཤེས་བྱ་སློབ་སྦྱོང་བྱས་པས།  བྱ་བའི་ཉམས་མྱོང་ངེས་ཅན་ཞིག་བསགས་ཤིང་ཁེ་ལས་འཁོར་སྐྱོད་ཀྱི་རྩལ་ནུས་ངེས་ཅན་ཞིག་ལ་ཤེས་རྗེས། ད་ལོའི་ལོ་འགོར། ཚེ་དོན་གྱིས་རང་གིས་ལས་སྐྲུན་བྱེད་མགོ་བརྩམས། ས་ཆ་གདམ་གསེས་ནས་སྒྲིག་བཀོད་དང་མ་དངུལ་བཅས་ཀྱི་ཐད་ཚེ་དོན་གྱིས་ཀྱག་ཀྱོག་གི་ལམ་ཕྲན་མང་པོ་ཞིག་བརྒྱུད་མྱོང་བ་དང་། དཀའ་སྡུག་གང་མང་མྱངས། མཇུག་མཐར་རང་གི་འབད་བརྩོན་འོག་ཁ་བ་བོད་པ་རིག་གནས་ཡུལ་སྐོར་ཀུང་སི་དུས་ཐོག་ཏུ་སྒོ་འབྱེད་ཐུབ་པ་བྱུང་།

ཁོས་བཤད་རྒྱུར།“མགྲོན་པོ་རྣམས་བཞུགས་སྡོད་སྐྱིད་པོ་ཞིག་ཡོང་ཆེད་དང་དུས་ཡུན་རིང་པོར་བཀོལ་སྤྱོད་བྱ་ཐུབ་ཆེད། ཅོག་ཙེ་རེ་རེ་དང་རྐུབ་སྟེགས་རེ་རེ་རང་གིས་ཇུས་འགོད་དང་གདམ་གསེས་བྱས་པ་ཡིན།”

“ཆར་འབབ་སྐབས་སྤྱིར་བཏང་གི་སྦྲ་གུར་ནང་དུ་ཆུ་བཞུར་འོང་བས་ངས་ཡུན་རིང་ལ་བསམ་བློ་བཏང་རྗེས་སྦྲ་གུར་གྱི་འདབས་ཁར་རིམ་པ་གཅིག་རེ་ཇེ་རིང་དུ་བཏང་བས་ཆུ་ནང་དུ་བཞུར་མི་ཐུབ”ཟེར།

“ཚོད་མ་སྣ་ཁ་རེ་རེར་ངས་ཞིབ་བཤེར་བྱེད་དགོས། གལ་ཏེ་ཚོད་མ་བརྔོས་པ་མི་བཟང་ན་ཐད་ཀར་ཕྱིར་འཁྱེར་དུ་བཅུག་པ་ཡིན་ཞིང་ཟ་མའི་རྒྱུ་ཆ་ཚང་མ་གསར་པ་གསར་རྐྱང་ཡོང་དུ་བཅུག་པ་ཡིན”ཟེར།

“ངས་བོད་ཀྱི་ཟ་མའི་ཉིང་བཅུད་མ་ཤོར་བའི་རྨང་གཞིའི་ཐོག་རྒྱ་རིགས་ཀྱི་ཁ་ཟས་རོལ་སྟངས་ཁ་ཤས་བསྣན་པ་ན། མགྲོན་པོ་རྣམས་ཀྱང་ཁ་ཟས་དེར་ལོབས་འགྲོ”ཟེར། ཀུང་སི་དང་ཡུལ་སྐོར་སྤྲོ་གསེང་གླིང་བཙུགས་པའི་བརྒྱུད་རིམ་ཞིབ་མོར་གླེང་སྐབས། ཚེ་དོན་གྱི་སྐད་ཆར་གོ་རིམ་ལྡན། དེ་ལས་ཁོ་ནི་མི་ཡར་ཐོན་ཅན་ཞིག་དང་ཞིབ་ཆ་ཅན་ཞིག་ཡིན་པ་ཤེས་ཐུབ།

ཚེ་དོན་གྱིས་གསར་འགོད་པར་བཤད་རྒྱུར། ང་ནི་རྩྭ་ཐང་གི་བུ་ཕྲུག་ཅིག་ཡིན་པས་ལས་ཀ་འདི་དག་སྒྲུབ་སྐབས་རྩྭ་ཐང་དང་ཁོར་ཡུག་ལ་གཏོར་བརླག་གཏོང་མི་རུང་། ཐོག་མར་སྦྲ་གུར་ཕུབ་སྐབས་རྨང་བཏིང་སྟེ་དོང་བརྐོ་དགོས་བྱུང་བ་དང་། ཚེ་དོན་གྱིས་དོང་རེ་བརྐོས་རྗེས་རང་ཉིད་རི་མགོར་སོང་ནས་སྡོང་པོ་རེ་བཙུགས། ད་ལྟ་སྤྲོ་གསེང་གླིང་གི་སྦྲ་གུར་དེ་ཉི་འོད་ཀྱི་འོག་ན་བཀྲག་མདངས་འཚེར་ཞིང་ལྟག་རྒྱབ་ཀྱི་རི་བོའི་སྟེང་གི་སྡོང་ཕྲུག་དག་ཀྱང་སྔར་ལས་ལྗང་ནེམ་ནེམ་དུ་གྱུར་ཡོད།

དགའ་འོས་པ་ཞིག་ལ་ཀུང་སིས་ལས་སྒོ་གཉེར་བའི་ཚུན་ལ། ཚོང་ཤིན་ཏུ་བཟང་ཞིང་འགྲོ་འོང་བྱེད་པའི་ཡུལ་སྐོར་པའང་རྒྱུན་མི་ཆད།

ཡུས་ཧྲུའུ་ཡི་ཡུལ་སྐོར་ལས་རིགས་མུ་མཐུད་དུ་འཕེལ་རྒྱས་སུ་སོང་བ་དང་བསྟུན་ནས། ཚེ་དོན་གྱིས་གོ་སྐབས་དམ་འཛིན་བྱས་ཏེ་སྟོབས་ཤུགས་ཡོད་རྒུས་ཡུལ་སྐོར་ཐོན་ལས་གཉེར་བ་དང་། མིག་སྔར་ཀུང་སིའི་སྤྲོ་གསེང་གླིང་དུ་གླུ་གར་འཁྲབ་སྟོན་དང་། རྟ་རྒྱུག གཡག་རྒྱུག་སོགས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རྣམ་གྲངས་མང་པོ་ཡོད།

མིག་སྔར། ཚེ་དོན་གྱི་ཀུང་སི་དེ་ཡུས་ཧྲུའུ་ཁུལ་ཡུལ་སྐོར་ཞབས་ཞུ་ལས་རིགས་ཀྱི་ཁོངས་མིའི་སྡེ་ཁག་ཏུ་གྱུར་ཡོད་ལ། ཚེ་དོན་གྱིས་བཤད་ན་དེ་ནི་ཁོ་ལ་གདེང་འཇོག་དང་སྐུལ་ལྕག་བཏང་བ་རེད་ཟེར། མ་འོངས་པའི་ཕུགས་འདུན་གླེང་དུས། ཚེ་དོན་གྱིས་བཤད་རྒྱུར། དུས་རྒྱུན་ཕྱི་རོལ་ཏུ་སོང་ནས་སྔར་ལས་བཟང་བའི་དོ་དམ་བྱེད་ཐབས་སློབ་སྦྱོང་བྱེད་དགོས་པ་དང་། སྐྱེ་ཁམས་ཡུལ་སྐོར་དང་ཟུང་འབྲེལ་གྱིས་ཀུང་སི་སྔར་ལས་རྒྱ་ཆེ་ཞིང་སྤུས་ལེགས་པ་ཞིག་ཏུ་གཏོང་དགོས་པ་དང་། སྔར་ལས་མང་བའི་ཡུལ་སྐོར་པ་ཡུས་ཧྲུའུ་རུ་འགུག་དགོས་པ་དང་ཡུས་ཧྲུའུ་ཡི་མཛེས་ལྗོངས་རོལ་མྱོང་བྱེད་དུ་འཇུག་དགོས།

ཚེ་དོན་གྱིས་ཅང་མ་འགོར་བའི་སྔོན་དུ“ཡུས་ཧྲུའུ་ཡུལ་སྐོར”གྱི་དམིགས་འཛུགས་བཟའ་བཏུང་གི་གཟི་བརྗིད་གཟེངས་རྟགས་བླངས་བ་དང་། བཅར་འདྲིའི་ཐོག་མཐའ་བར་གསུམ་དུ་ཁོའི་གདོང་ལ་འཛུམ་གྱིས་ཁེངས་ཡོད།

ལོ་ཙཱ་བ། ཤ་བོ་རིན་མཚོ།