གངས་ལྗོངས་མཐོ་སྒང་གི“བློ་དཀར་དཔའ་བོ”དཀོན་མཆོག་རྒྱལ་མཚན།
2018.08.27 ཁུངས། མཚ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 101

“ནང་བཟའ་མིའི་འགྲོ་རོགས་འདུག་རོགས་བྱེད་མ་ཐུབ་ཀྱང་། རྨ་ཁྲི་ལི་གྲོང་རྡལ་གྱི་སྐྱིད་སྡུག་མིག་གིས་འཚོས་ཡོད། ང་ནི་མི་དམངས་ཉེན་རྟོག་པ་ཞིག་ཡིན་པས། རང་ཉིད་ཀྱི་ཡོད་ཚད་བློས་བཏང་ན་ད་གཟོད་མི་དམངས་ཀྱི་རེ་བཞག་ཆེན་པོ་མི་སྟོང་བར་བྱེད་ཐུབ། ”ཞེས་དཀོན་མཆོག་རྒྱལ་མཚན་གྱིས་དེ་ལྟར་བཤད།

གནས་དེ་རུ་དཀོན་མཆོག་རྒྱལ་མཚན་གླེང་དུས། འབྲོག་པ་མང་ཚོགས་ཀྱི་ཁྲོད་ན་བསྟོད་པའི་མཐེ་བོང་མི་བསྒྲེངས་མཁན་གཅིག་ཀྱང་མེད། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་རྨ་ཕྲ་ལི་གྲོང་རྡལ་མངག་གཏོང་ཁང་གི་སོའོ་ཀྲང་གཞོན་པའམ། སྐོར་བསྐྱོད་རུ་ཆེན་གྱི་རུ་གཙོ་ཡི་འགན་ཁུར་བའི་དཀོན་མཆོག་རྒྱལ་མཚན་གྱིས་ད་ལྟའི་བར། བྱ་བ་ཆེ་ཆུང་ཅི་ཡིན་ཡང་ཧ་ཅང་གཟབ་ནན་གྱིས་མང་ཚོགས་ཀྱི་བློ་ཡིད་ཚིམ་པར་བསྒྲུབས་པ་དང་། གནས་དེ་གའི་བདེ་སྐྱིད་དང་ཞི་འཇགས་ཀྱི་ཆེད་དུ་གཡས་གཞོགས་གཡོན་འདེགས་བྱེད་པའི་བསམ་པ་བཟང་བོས་ས་གནས་མང་ཚོགས་ཀྱི་སེམས་རྩ་དྲོད་ཀྱིས་ཁེངས་བར་བྱས་ཡོད།

དཀོན་མཆོག་རྒྱལ་མཚན་དང་ཐོག་མར་འཕྲད་དུས། ཁོའི་ངོ་གདོང་ཅུང་ནག་ཅིང་། མིག་ཟུང་རིག་རིག་གཡོ་སྟངས་དང་བབ་ཆགས་ཁོག་ཡངས་ཀྱི་ཕྱི་རྣམ་གྱིས་མི་རྣམས་ལ་བག་ཆགས་ཟབ་མོ་འཇོག་སྲིད། ཉིས་སྟོང་བཞིའི་ལོར། དཀོན་མཆོག་རྒྱལ་མཚན་དམག་དཔུང་ནང་དུ་ཞུགས། དམག་དཔུང་དུ་བསྡད་པའི་ལོ་ངོ2ཀྱི་རིང་། གྲུབ་འབྲས་མངོན་གསལ་ཡིན་སྟབས། ཐེངས་མང་པོར་ཁོ་རང་ཕུལ་བྱུང་དམག་མིར་བདམས།

དམག་ཁོངས་ནས་ཕྱིར་ལོག་རྗེས་དཀོན་མཆོག་རྒྱལ་མཚན་ཉེན་རྟོག་རུ་ཁག་ཏུ་སྤྱི་བདེའི་བྱ་བར་ཞུགས་པ་དང་། བདེན་པ་བདེན་ཐུབ་ཀྱིས་སེམས་ཤུགས་བཏོན་ཏེ་ས་གཞི་འདིའི་སྟེང་དུ་ཉེན་རྟོག་པའི་ནུས་པ་འདོན་སྤེལ་བྱ་རྒྱུའི་སེམས་ཐག་བཅད།

ཉེན་ཟོན་སྐོར་ཞིབ་འགོག་སྲུང་རུ་ཆེན་གྱི་རུ་དཔོན་དང་།མངགས་གཏོང་ཁང་གི་སོའོ་ཀྲང་གཞོན་པའི་འགན་ཐོག་མར་ཁུར་སྐབས། ཁོངས་གཏོགས་ས་ཁུལ་གྱི་སྤྱི་ཚོགས་བདེ་འཇགས་གནས་ཚུལ་སྣེ་མང་རྙོག་འཛིང་ཡིན་ལ། བདེ་འཇགས་དོན་རྐྱེན་ནམ་རྒྱུན་འབྱུང་གིན་ཡོད། ཉིན་རྒྱུན་ཁོང་གིས་སྲང་འགྲམ་དུ་མྱུལ་ཞིབ་བྱས་ཏེ། ཁོངས་གཏོགས་ས་ཁུལ་གྱི་སྤྱི་ཚོགས་བདེ་འཇགས་ལ་གནོད་པའི་གནད་དོན་ཐད་ཡང་དང་བསྐྱར་དུ་དཔྱད་པ་བཏང་ནས། ཉེན་ཟོན་སྐོར་ཞིབ་འགོག་སྲུང་རུ་ཆེན་གྱི་ལས་མི་ཁྲིད་དེ། རྩོད་གཞི་དང་འགལ་བ། རྒྱག་རེས་བྱེད་པ།རྐུ་བྱེད་པ། ལམ་ངོས་ཀྱི་དོ་དམ་བཅས་བྱ་བའི་གནད་ཆེ་སར་བཞག་སྟེ ཁྲིམས་འགལ་གྱི་བྱ་སྤྱོད་མང་པོ་འབྱུང་བའི་གནས་ཚུལ་འཕྲལ་ཐག་འཕྲལ་གཅོད་ཀྱིས་བཀག་སྡོམ་བྱས། བཅོས་སྐྱོང་ཐད་གྲུབ་འབྲས་བླངས་རྗེས། ཁོས་ཡང“དོགས་ཟོན”བྱེད་པར་བསམ་བློ་བཏང་། ཐོག་མར་རྫོང་མཁར་དུ་བསྲུང་བྱའི་ས་ཚིགས་བཙུགས་ཏེ། “མཚན་མོའི་མྱུལ་ཞིབ”དང “འཕྲུལ་སྒུལ་འཁོར་ལོའི་ཉེན་ཟོན་སྐོར་ཞིབ”སྤེལ་ཏེ་ས་དེའི་བདེ་འཇགས་འགན་སྲུང་ནན་ཏན་བྱས།

“མང་ཚོགས་ཀྱི་ཁེ་ཕན་ལ་དོན་ཆུང་མེད།མང་ཚོགས་ཀྱི་དོན་དག་དོན་ཆུང་མིན། ” དཀོན་མཆོག་རྒྱལ་མཚན་གྱིས་ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་དོན་ནི་རང་དོན་དུ་བཟུང་སྟེ། མང་ཚོགས་ཀྱིས་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་། མང་ཚོགས་ཀྱིས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱས།

ཁོས་འབྲོང་ལུང་སྡེ་བར་བརྟག་དཔྱད་བྱེད་སྐབས་རྒྱུས་ལོན་པ་ལྟར་ན། སྡེ་དམངས་བློ་བཟང་ལ་ནད་བྱུང་སྟེ་ལོ་མང་པོ་འགོར་བ་དང་། ཁོའི་ཆུང་མའང་དབང་བོ་སྐྱོན་ཅན་ཡིན་ལ།ནར་མ་སོན་པའི་བྱིས་པ་གཉིས་ད་དུང་སློབ་ཆུང་འགྲིམ་བཞིན་ཡོད་སྟབས། ཁྱིམ་ཚང་གི་འཚོ་བར་དཀའ་ཁག་ཧ་ཅང་ཆེ་བ་ཤེས། བློ་བཟང་ཚང་གི་དཀའ་ཁག་མཐོང་བས། དཀོན་མཆོག་རྒྱལ་མཚན་གྱི་མིག་མཐར་མཆི་མ་འཁོར། ཁོས་མྱུར་མོར་ལས་གྲོགས་ཚོར་འབྲེལ་གཏུག་བྱས་ཏེ་གྲོན་དངུལ་གྲ་སྒྲིག་བྱས་ཏེ། དུས་ཡུན་ཆུ་ཚོད་གཅིག་གི་ནང་དུ་སྨན་བཅོས་གྲོན་དངུལ་སྒོར་སྟོང་ལྔ་འཛོམས།

“ང་ནི་འབྲོག་ཕྲུག་ཅིག་ཡིན།ངས་ནམ་ཡང་རང་ཉིད་ཀྱི་སྐྱེས་ཁུངས་བརྗེད་མི་རུང་། ” དཀོན་མཆོག་རྒྱལ་མཚན་གྱིས་མང་ཚོགས་ཀྱི་སྐྱིད་སྡུག་དུས་དང་རྣམ་པ་ཀུན་དུ་སེམས་སུ་དྲན་བཞིན་ཡོད། ཁོ་དམག་ཁོངས་ནས་ཕྱིར་ལོག་རྗེས་ལས་གནས་གང་ཞིག་གི་འགན་ཁུར་ཡང་། ལོ་རེར་ཁོང་གིས་རང་གི་གླ་ཕོགས་ཀྱི་ཁ་ཤས་ཤིག་རྒན་གསོ་ཁང་དུ་སྐྱེལ་ངེས། དེ་རྒྱུན་འཁྱོངས་བྱས་པས་ད་ལྟའི་བར་ལོ་ངོ་ལྔ་འདས་པ་རེད།

“གཞན་གྱི་བདེ་སྡུག་ནི་རང་ཉིད་ལས་ཀྱང་གལ་ཆེ།”དཀོན་མཆོག་རྒྱལ་མཚན་གྱིས་འདི་ལྟར་བཤད་ཀྱང་བཤད་ལ། སྒྲུབ་ཀྱང་བསྒྲུབས། རྨ་སྟོད་རྫོང་ནི་མཚོ་ངོས་ལས་མཐོ་བའི་ས་ཁུལ་དུ་ཆགས་སྟབས། གནམ་གཤིས་སྐམ་ཤས་ཆེ་ལ། ཉིན་མཚན་གྱི་དྲོད་གྲང་ཁྱད་པར་ཆེ་བ་དང་། དབྱངས་དབུགས་མི་འདང་བ་བཅས་རང་བྱུང་ཆ་རྐྱེན་གྱིས་མི་མང་པོ་ཞིག་གི་སེམས་སུ་སྐྲག་སྣང་སྐྱེས་སུ་བཅུག རང་བྱུང་ཁོར་ཡུག་སྡུག་པོར་གདོང་གཏོད་སྐབས། དཀོན་མཆོག་རྒྱལ་མཚན་ནམ་ཡང་སྐྲག་མ་མྱོང་། དཀོན་མཆོག་རྒྱལ་མཚན་གྱིས“དམག་ལྭ་ཕུད་རུང་ང་སྔར་བཞིན་དམག་མི་ཡིན། འགན་ཁུར་ཕོད་པ་དང་། དམངས་ལ་བདེ་སྐྱིད་སྐྲུན་པ། མང་ཚོགས་ཀྱི་བདེ་འཇགས་འགན་སྲུང་བྱེད་པ་ནི་བཤོལ་མི་རུང་བའི་ལས་འགན་ཡིན”ཟེར།

ཉེན་རྟོག་གི་ལས་ཀར་ཞུགས་པའི་ལོ་ངོ་ལྔ་ཡི་རིང་ལ། ཁོས་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་སེམས་ཤུགས་ཡོད་ཚད་སྤྱི་བདེའི་བྱ་བའི་ནང་བཀོལ།ཁྱིམ་ཚང་མང་པོའི་ཆེད་དུ་རང་ཁྱིམ་དོར་བ་དང་། སྒེར་སེམས་མེད་པར་བྱས་རྗེས་བཞག་ལ། བློ་གཅིག་སེམས་གཅིག་གིས་རང་ཉིད་དགའ་སའི་བྱ་བར་འབད་འབུངས་བྱས། ཁོས་དམག་སྒར་གྱི་ནན་ཏིག་དང་ཧུར་ཐག་འབད་ཐག་བྱེད་པའི་སྤྱོད་ཚུལ་བཟང་པོ་དང་སྲོལ་རྒྱུན་བཟང་པོ་ཉེན་རྟོག་དམག་སྒར་དུའང་རྒྱུན་འཁྱོངས་བྱས། ཁོའི་མིག་ལམ་དུ། དམག་སྒར་དང་ཉེན་རྟོག་དམག་སྒར་ཚང་མ་ནར་སོན་པ་དང་འཇོན་མིར་འགྱུར་བའི་གནས་བཟང་པོ་ཞིག་རེད། ཁ་ཆར་གྱི་དཀའ་སྡུག་གམ། ཡང་ན་ཚ་གདུག་དང་གྲང་ངར་གྱི་དུས་གང་ཡིན་ཡང་། ཁོས་སྤྱི་བདེའི་ལས་བྱེད་དང་ཉེན་རྟོག་པར་སྣེ་ཁྲིད་དེ་ལས་གནས་དང་པོ་རུ་འབད་འབུངས་བྱེད་ཀྱིན་ཡོད། ངལ་བ་དང་འཁང་ར་གཉིས་བཟོད་ཀྱི“གླང་རྒན”ལྟ་བུའི་སྙིང་སྟོབས་ཀྱིས་གམ་གྱི་སྤྱི་བདེའི་ལས་བྱེད་པ་དང་ཉེན་རྟོག་པར་ཤུགས་རྐྱེན་ཐེབས་བཞིན་ཡོད།

དཔའ་སྙེམས་ཀྱི་དམ་བཅའི་ཚིག་མེད་མོད། དཀོན་མཆོག་རྒྱལ་མཚན་གྱིས་ཉིན་ཐོག་ཉིན་བརྩེགས་སྒོས་སྤྱིར་བཏང་གི་བྱ་བ་སྒྲུབ་སྐབས། ལོ་ངོ5ཡི་ཉེན་རྟོག་བྱ་བའི་ལག་ལེན་ཁྲོད་སྤྱི་བདེ་ཉེན་རྟོག་པ་ཞིག་གི་སྤྱིར་བཏང་གི་བྱ་བར་ཐོལ་བརྒལ་བྱུང་དུ་བཅུག 2014ལོ་ནས2018ལོའི་བར། ཞིང་ཆེན་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་དང་། ཁུལ་འགྲིམ་འགྲུལ་ཉེན་རྟོག་ཡན་ལག་རུ་ཁག རྫོང་སྤྱི་བདེ་ཅུའུ་བཅས་ཀྱིས་ཁོ་རང་ཐེངས་མང་པོར་སྔོན་ཐོན་ལས་བྱེད་པ་དང་། སྔོན་ཐོན་མི་སྒེར། ཕུལ་བྱུང་ཏང་ཡོན་བཅས་ལ་བདམས།

རྩོམ་སྒྲིག་པ། རྟ་མགྲིན་སྐྱབས།