དབྱར་གནང་བཏང་རྗེས་ཀྱི་ཉིན་གཉིས་པར། ཤ་བོ་དོན་འགྲུབ་ཀྱིས་དཔེ་ཆ་སྒམ་གང་དྲུད་དེ་བྲེལ་འཚུབ་ངང་ཡུལ་ལ་ལོག་བཞིན་འདུག
“ཡུལ་ལ་ལོག་རྗེས། ད་གཟོད་ཡིད་སེམས་བདེ་ལ་བབས་ཏེ་སློབ་སྦྱོང་བྱེད་ཐུབ་ལ། ཨ་མར་ཁྱིམ་ཚང་གི་ལས་ཀ་ལས་རོགས་ཀྱང་བྱེད་ཐུབ། ངེད་ཚང་དུ་སློབ་ཆེན་སློབ་མ་ཞིག་བྱུང་ཐུབ་པ་ནི་ལས་སླ་མོ་ཞིག་མིན་པས། ངས་རང་ཉིད་ཀྱིས་མུ་མཐུད་དུ་སློབ་སྦྱོང་བྱེད་པར་རོགས་རམ་བྱས་པའི་དབུལ་སྐྱོར་ལས་བྱེད་པ་རྣམས་ཀྱི་རེ་བ་སྟོང་ཟད་དུ་གཏོང་མི་རུང”ཞེས་ཤ་བོ་དོན་འགྲུབ་ཀྱིས་དེ་ལྟར་བཤད།
ཤ་བོ་དོན་འགྲུབ་ཚང་ནི་མཚོ་ཤར་གྲོང་ཁྱེར་ཞུན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་ཀ་རིང་བོད་རིགས་ཞང་ཡར་ག་སྡེ་བའི་ཡིན་ལ། ཁོ་ཚང་ལ་ཁྱིམ་མི་དྲུག་ཡོད་དེ། ཕ་མ་གཉིས་དང་རྨོ་མོ་ལས་གཞན་ད་དུང་ནུ་བོ་དང་སྲིང་མོ་གཉིས་ཡོད། ཁོ་ཚང་ལ་ས་ཞིང་མུའུ་དྲུག(སྤྱི་ཆིང0.04)ཡོད་པ་ཚང་མ་ནི་རི་མའི་སྐེམ་ཞིང་ཡིན་པས། དེའི་སྟེང་དུ་ནས་དང་ཞོག་ཁོག་མ་གཏོགས་འདེབས་མི་ཐུབ་ལ། ལོ་གཅིག་གི་ཞིང་སའི་ཡོང་སྒོ་བཟའ་མི་གང་བོའི་བཟའ་འབྲུའང་མི་འདང་བ་ཙམ་རེད།
ད་ལོའི་ཟླ་ལྔ་པར་ཤ་བོ་དོན་འགྲུབ་ཀྱི་ཕ་མ་གཉིས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ་དབྱར་རྩྭ་རྐོ་རུ་སོང་ཞིང་། སྒོར་ཁྲི་གཅིག་ལྷག་གི་རྩྭ་རིན་སྤྲད་ཀྱང་། མཇུག་མཐར་དབྱར་རྩྭ་ཉིའ་བརྒྱ་ལྷག་ལས་རྐོ་མ་ཐུབ་པ་དང་། ཚོང་རའི་རིན་གོང་ལྟར་སྒོར་སྟོང་དྲུག་ལྷག་ཏུ་མ་གཏོགས་བཙོང་མ་ཐུབ། ཤ་བོ་དོན་འགྲུབ་ཀྱི་ཨ་ཕ་སྟེ་ཤ་བོ་རྒྱ་མཚོ་ཡིས་སྐད་ཆས་བཤད་ན“ད་ལོར་དབྱར་རྩྭ་བརྐོས་པར་གྱོང་རེག་སྟེ་མ་རྩ་རྡིབ་སོང”ཞེས་པ་དེ་རེད།
ཤ་བོ་རྒྱ་མཚོ་དབྱར་རྩྭ་རྐོ་རུ་སོང་སྟེ་ཕྱིར་ལོག་རྗེས་ཡང་བསྐྱར་ཞོར་ལས་ལ་སོང་བ་དང་། ད་ནི་ལོ་གཅིག་གི་ཡོང་སྒོ་ཚང་མ་ལོ་སྨད་ཀྱི་ཞོར་ལས་ལ་རེ་ལྟོས་བྱེད་དགོས་པར་གྱུར། འདི་འདྲའི་དཀའ་ཁག་ཆེ་བའི་ཁྱིམ་ཚང་ཞིག་ཇི་ལྟར་དབུལ་པོ་ལས་ཐར་ཏེ་འབྱོར་འབྲིང་དུ་སྙེག་དགོས་སམ། བཟའ་མི་གང་བོས་རེ་བ་སློབ་གསོ་ཡི་ཐད་དུ་བཅངས་ཡོད་པ་དང་། སློབ་གསོར་བརྟེན་ནས་དབུལ་ཕོངས་ཀྱི་རྣམ་པར་འགྱུར་བ་གཏོང་འདོད་ཡོད།
འདི་ནི་ཤ་བོ་རྒྱ་མཚོ་ཚང་གཅིག་པུའི་བསམ་ཚུལ་ཞིག་མིན་པར། ཀ་རིང་ཞང་གི་དབུལ་ཕོངས་མང་ཚོགས་ཡོད་ཚད་ཀྱི་འདོད་བློ་རེད། དེའི་རྒྱུ་མཚན་ནི་ཁོ་ཚོའི་འདོད་བློ་དེ་ནི་དངོས་མེད་ཀྱི་འཕྲུལ་སྣང་ཙམ་ཞིག་ཁྱོན་ནས་མ་རེད།
2015ལོའི་ཟླ10པར། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ནི་ཀ་རིང་ཞང་ལ་རོགས་སྐྱོར་བྱེད་པའི་འབྲེལ་གནས་ལས་ཁུངས་སུ་གྱུར་པ་དང་། དབུལ་ཕོངས་སྡེ་བ་སྟེ་ཡར་ག་སྡེ་བ་དང་བ་ལུང་སྡེ་བ་གཉིས་ལ་སྐབས་ཐོག་མའི“ཧྲུའུ་ཅི་དང་པོ”དང་སྡེ་སྡོད་བྱ་བའི་རུ་ཁག་འདེམ་མངགས་བྱས།
ལོ་དེ་ནས་བཟུང་། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་ལོ་རེར་མ་དངུལ་སྒོར་ཁྲི20རེ་བཏང་སྟེ། “བརྩེ་སེམས་དྲོན་མོ་བོད་རིགས་ཞང་དུ་སྦྱིན ”ཞེས་པའི་སློབ་ཞུགས་རོགས་སྐྱོར་བྱ་འགུལ་སྤེལ་བ་དང་། ལོ་རེར་ཀ་རིང་ཞང་གི་ཆེད་ཚན་དང་དངོས་གཞི། ཞིབ་འཇུག་སློབ་མ་བཅས་སུ་རྒྱུགས་འཕྲོད་པའི་སློབ་མ་སོ་སོར་རིམ་པ་བཞིན་སྒོར་སྟོང་གཅིག་དང་སྒོར་སྟོང་གཉིས་དང་། སྒོར་སྟོང་གསུམ་བཅས་ཀྱི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་མ་དངུལ་ཐོབ་ཐུབ། ཡར་ག་སྡེ་བ་དང་བ་ལུང་སྡེ་བ་གཉིས་ནི་གནད་ཁེལ་དབུལ་སྐྱོར་སྡེ་བ་ཡིན་པའི་ཆ་ནས། ལོ་རེར་ཆེད་ཚན་དང་དངོས་གཞི། ཞིབ་འཇུག་སློབ་མ་བཅས་སུ་རྒྱུགས་འཕྲོད་པའི་སློབ་མ་རྣམས་ལ་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་མ་དངུལ་ཐོབ་ཐུབ་པར་མ་ཟད། མཐར་ཕྱིན་རག་བར་དུ་སྒོར་སྟོང་གཅིག་ནས་སྒོར་སྟོང་གསུམ་བར་གྱི་སློབ་ཞུགས་རོགས་དངུལ་ཡང་ཐོབ་ཐུབ།
ན་ནིང་། ཤ་བོ་དོན་འགྲུབ་ཀྱིས་མཚོ་སྔོན་འཛུགས་སྐྲུན་ལས་རིགས་ལག་རྩལ་སློབ་གྲྭ་རུ་རྒྱུགས་འཕྲོད་པ་དང་། རིན་གོང་མཐོ་རྒྱུ་མེད་པའི་སློབ་རིན་དང་གཞི་རྩའི་འཚོ་བའི་འགྲོ་གྲོན་ནི་ཁྱིམ་ཚང་འདི་ལྟ་བུ་ཞིག་ལ་མཚོན་ན་དཀའ་གནད་ཆེན་པོ་ཞིག་ཡིན་མོད། ཡིན་ཡང་། “བརྩེ་སེམས་དྲོན་མོ་བོད་རིགས་ཞང་དུ་སྦྱིན”ཞེས་པའི་སློབ་ཞུགས་རོགས་སྐྱོར་བྱ་འགུལ་གྱིས་ཤ་བོ་དོན་འགྲུབ་ལ་རེ་བའི་སྒོ་གླེགས་ཕྱེས།
“ངེད་བཟའ་མི་གང་བོར་རིག་གནས་མེད་པས་གྱོང་རེག་བྱུང་། ད་ནི་བྱིས་པ་རྣམས་རང་ཉིད་ལྟ་བུ་ཞིག་ལ་འགྱུར་དུ་འཇུག་མི་འདོད། སློབ་ཞུགས་རོགས་དངུལ་ཡོད་པས་ཁྱིམ་ཚང་གི་ཁུར་པོའང་ཇེ་ཡང་དུ་ཕྱིན་པ་དང་། བྱིས་པས་སེམས་བདེ་ལ་བབས་ཏེ་སློབ་སྦྱོང་བྱེད་ཆོག རྗེས་ཕྱོགས་བྱ་བ་ཡག་པོ་ཞིག་བཙལ་ཚེ་དཀའ་སྡུག་གི་འཚོ་བ་རོལ་མི་དགོས”ཞེས་ཤ་བོ་རྒྱ་མཚོས་དེ་ལྟར་བཤད།
ད་ལྟ། ཤ་བོ་དོན་འགྲུབ་ཀྱི་ནུ་མོས་ཞུན་ཧྭ་བོད་ཡིག་སློབ་འབྲིང་དུ་མཐོ་འབྲིང་འདོན་བཞིན་ཡོད་ལ། “བརྩེ་སེམས་དྲོན་མོ་བོད་རིགས་ཞང་དུ་སྦྱིན”ཞེས་པའི་བྱ་འགུལ་འདིས་དབུལ་ཕོངས་ཁྱིམ་ཚང་འདིའི་སེམས་བདེ་ལ་ཕབས་པར་མ་ཟད། དེ་ལས་ཀྱང་ཤ་བོ་དོན་འགྲུབ་དང་ཁོའི་སྲིང་མོ་གཉིས་ལ་སློབ་སྦྱོང་ལ་འབད་པ་བྱེད་དགོས་པའི་སྐུལ་མ་བཏང་དང་གཏོང་བཞིན་འདུག
ཡར་ག་སྡེ་བ་དང་བ་ལུང་སྡེ་བ་གཉིས་ནི་ཀ་རིང་ཞང་གི་དབུལ་ཕོངས་སྡེ་བ་ཡིན་པ་དང་། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་ལས་བྱེད་པ་དབྱང་ཐུང་ཡེ་དང་ཧྲི་དབྱང་གཉིས་ནི་སོ་སོར་སྡེ་བ་འདི་གཉིས་ཀྱི“ཧྲུའུ་ཅི་དང་པོ”ཡིན་ལ། ད་ལོའི་ཟླ་གསུམ་པར། ཁོ་ཚོ་ཐེངས་དང་པོར་ཀ་རིང་ཞང་དུ་གནས་ཚུལ་ལ་རྒྱུས་ལོན་བྱེད་དུ་སླེབས་སྐབས། རྒྱང་རིང་ལུང་ཁུགས་ཤིག་ཏུ་གནས་ཤིང་དབུལ་པོ་ཡིན་པའི་གྲོང་གསེབ་འདིས་ཁོ་ཚོ་ཧ་ལས་སུ་བཅུག་སྟེ། འབངས་མི་སེར་ཡོད་ཚད་ཀྱིས་བྱིས་པའི་སློབ་གསོ་ལ་ཧ་ཅང་མཐོང་ཆེན་བྱེད་པ་དང་། དབུལ་ཕོངས་མང་ཚོགས་ཀྱིས་བྱིས་པ་སློབ་གྲྭར་འགྲོ་བའི་ཆེད་དུ་དཀའ་བ་སྤྱད་དེ་འབད་པ་བྱས་པ་དེས་ཁོ་ཚོར་སེམས་འགུལ་ཐེབས་སུ་བཅུག
དེའི་ཕྱིར་ཁོ་ཚོས་ཧུར་ཐག་གིས་ཞིང་ཆེན་སློབ་གསོ་ཐིང་གི་རྒྱབ་སྐྱོར་བརྩོན་ལེན་བྱས་ཤིང་། ལོ་རེར་ཀ་རིང་དམའ་རིམ་སློབ་འབྲིང་གི་རྒྱུགས་འབྲས་ཨང་དང་པོ་ནས་བཅུ་པའི་བར་གྱི་ཕུལ་བྱུང་སློབ་མ་བཅུ་མཚོ་སྔོན་གཙང་གསུམ་མི་རིགས་སློབ་འབྲིང་དུ་མཐོ་འབྲིང་རིམ་པར་སློབ་སྦྱོང་བྱེད་དུ་མངགས་པས། ཀ་རིང་ཞང་གི་ཕུལ་བྱུང་སློབ་མར་སྤུས་ལེགས་སློབ་གསོའི་སྟེགས་བུ་ཞིག་འདོན་སྤྲོད་བྱས།“དབུལ་ཕོངས་དང་རྗེས་ལུས། མི་རིགས་ས་ཁུལ་བཅས་ཀྱི་སློབ་མ་རྣམས་ལ་རོགས་རམ་བྱས་ཏེ་ཁོ་ཚོར་སྔར་ལས་བཟང་པོའི་མཐོ་འབྲིང་གི་སློབ་གསོ་མྱོང་དུ་བཅུག་ནས། ཕུགས་བསམ་གྱི་སློབ་ཆེན་ཞིག་ཏུ་རྒྱུགས་འཕྲོད་དུ་འཇུག་དགོས། དེ་ལྟར་བྱས་ན་ད་གཟོད་ཁོ་ཚོ་ལུང་ཁུག་ཏུ་གནས་པའི་ཕ་ཡུལ་ལས་ཕྱིར་སོང་སྟེ་སྔོན་ཐོན་གྱི་ཤེས་བྱ་དང་འདུ་ཤེས་དང་ལེན་བྱེད་ཐུབ་ལ། ལས་དབང་ལའང་འགྱུར་བ་གཏོང་ཐུབ”ཅེས་དབྱང་ཐུང་ཡེ་ཡིས་དེ་ལྟར་བཤད།
“སྔོན་ཆད་རྒྱུགས་འབྲས་བཟང་མི་བཟང་ཅི་འདྲ་ཞིག་ཡིན་རུང་། སློབ་མ་ཚོ་རི་བོས་བཅད་ཡོད་པའི་ཕར་ནང་གི་བིས་མདོ་ཞང་དུ་མཐོ་འབྲིང་རིམ་པར་སློབ་སྦྱོང་བྱེད་དུ་འགྲོ་དགོས། སློབ་གྲྭ་དེ་གའི་སློབ་ཁྲིད་ཆ་རྐྱེན་ནི་གྲོང་ཁྱེར་དང་བསྡུར་ན་ཧེ་བག་ཆེན་པོ་ཡོད། ད་ལོར‘ཧྲུའུ་ཅི་དང་པོ’གཉིས་ཀྱིས་ང་ཚོའི་བྱིས་པ་ཚོར་མི་གྲངས་བཅུ་བརྩོན་ལེན་བྱེད་རོགས་བྱས་པས། སློབ་མ་རྣམས་གྲོང་ཁྱེར་དུ་མཐོ་འབྲིང་རིམ་པར་སློབ་སྦྱོང་བྱེད་དུ་འགྲོ་ཆོག ང་རང་སློབ་མ་རྣམས་ལས་ཀྱང་དགའ་སྤྲོ་ཆེན་པོ་སྐྱེས”ཞེས་ཀ་རིང་ཞང་སློབ་གསོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཀླུ་རྒྱལ་དགའ་བ་འབུམ་གྱིས་མྱོས་འདུག
ཀ་རིང་ཞང་ནི་ལུང་ཁུག་ཅིག་ཏུ་གནས་ཡོད་པ་དང་། རི་བོ་མཐོ་ཞིང་ལུང་ཤུར་རིང་ལ། ཞང་ཡོངས་སུ་ཁྱིམ་ཚང་སྟོང་གཅིག་བརྒྱ་དང་བཅུ་དགུ་དང་མི་འབོར་སྟོང་ལྔ་བརྒྱ་དང་རེ་དགུ་ཡོད་ལ། སློབ་འབྲིང་དང་སློབ་ཆུང་། བྱིས་སྙོར་ཁང་བཅུ་གསུམ་ཡོད་པ་བཅས་ཀྱི་བར་ཕན་ཚུན་ཁ་ཐག་རིང་བས། སློབ་གྲྭ་མང་ཡང་མི་གྲངས་ཉུང་ལ། དགེ་རྒན་གྱི་སྟོབས་ཤུགས་ཁ་ཐོར་དུ་སོང་བའི་གནས་ཚུལ་ཆགས་འདུག ཞིང་ཆེན་ལྟེ་གནས་སུ་སློབ་སྦྱོང་བྱེད་དུ་འགྲོ་ཐུབ་པ་ནི་སློབ་མ་རྣམས་ཀྱི་རེ་སྨོན་ཡིན་པར་མ་ཟད། དེ་ལས་ཀྱང་དབྱང་ཐུང་ཡེ་དང་དགེ་རྒན་རྣམས་ཀྱི་ཁ་ཞེ་གཉིས་མེད་ཀྱི་རེ་བའང་རེད།
རྩོམ་སྒྲིག་པ། རྟ་མགྲིན་སྐྱབས།