མཐོ་སྒང་དུ་བཞད་པའི་སྐལ་བཟང་མེ་ཏོག
2018.08.29 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 71


མི་ལ་ལ་ཞིག་གིས་བཤད་ན་ཁོ་མོ་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ་ཆེས་ལེགས་པའི་ཁེ་ལས་པ་རེད་ཟེར། ཡང་མི་རེ་འགའ་ཞིག་གིས་བཤད་ན་ཁོ་མོ་ནི་བྱམས་སེམས་ཀྱིས་ཕྱུག་པའི་གསར་གཏོད་མཁན་ཞིག་རེད་ཟེར། ཡིན་ནའང་ཁོ་མོས་སྔོན་ཆད་རྒྱུན་པར་འདི་ལྟར་བཤད་བཞིན་ཡོད་དེ། “ང་ཚོ་ནི་མཐུན་སྒྲིལ་གྱི་ཁྱིམ་གཞི་ཆེན་མོ་ཞིག་ཡིན། ང་རང་ཉིད་ནི་རང་གི་ཉེ་འགྲམ་གྱི་མི་རེ་རེ་ཡར་ཐོན་ཡོང་བར་དགའ་ཞིང་མི་གཞན་ལ་དགོས་གལ་ཆེ་བའི་དུས་སུ་ཐེ་ཚོམ་ཅི་ཡང་མེད་པར་རོགས་སྐྱོར་གྱི་ལག་ཟུང་བརྐྱངས་མཁན་དེ་ཡིན།”ཟེར།   ཁོ་མོའི་མིང་ལ་དཀོན་མཆོག་སྐྱིད་ཟེར། ཁོ་མོས་བཙུགས་པའི་རྨ་ཆེན་རྫོང་གངས་ལྗོངས་སྐལ་བཟང་མེ་ཏོག་ཁྱད་ཐོན་ཐོན་རྫས་ཚད་ཡོད་འགན་འཁྲི་ཀུང་ཟི་ཡིས་ལོ་ངོ་བརྒྱད་ཀྱི་རིང་ལ་གོང་བུ་གཅིག་འགྲིལ་དང་མཐུན་སྒྲིལ་ཡར་ཐོན་གྱི་རིན་ཐང་ལ་བརྩོན་ལེན་བྱས་པས་མགོ་ལོག་ཁུལ་གྱི་མཐུན་སྒྲིལ་དང་ཡར་ཐོན་གྱི་ཁྱིམ་གཞི་ཆེན་མོ་ཞིག་ཏུ་གྱུར།

དཀོན་མཆོག་སྐྱིད་ནི་སྔོན་ཆད་མགོ་ལོག་ཁུལ་འོ་རྫས་བཟོ་གྲྭའི་སྤྱིར་བཏང་གི་ལས་བཟོ་བ་ཞིག་རེད། ཁེ་ལས་བརྡིབས་རྗེས་ལས་རྐང་ནས་ཕྱིར་བུད་པ་དང་། སྔོན་ཆད་འོ་རྫས་བཟོ་གྲྭའི་ཐོན་སྐྱེད་ཀྱི་ལས་རྐང་དང་པོ་ནས་བསླབས་པའི་ཐོན་སྐྱེད་ལག་རྩལ་དང་རིམ་བསགས་བྱས་པའི་ཉམས་མྱོང་ལ་བརྟེན་ནས་ལོ་ངོ་བརྒྱད་ཀྱི་སྔོན་ནས་བཟུང་ཕྱི་རོལ་ནས་བཤམས་འཚོང་རྒྱག་པ་ནས་ད་ལྟའི་མགོ་ལོག་ཁུལ་གྱི་ཕྱུགས་ལས་ཐོན་རྫས་ལས་སྣོན་དང་ཀྲུང་བོད་སྨན་རྫས་ཐུམ་སྒྲིལ་རྒྱག་པའི་ལས་རིགས་ཀྱི་སྣེ་ཁྲིད་མཁན་དུ་གྱུར་ཡོད་པར་མ་ཟད། ཁོ་མོས་གསར་གཏོད་བྱས་པའི་ཁེ་ལས་འཕེལ་རྒྱས་ཀྱི་ལམ་བུ་དེ་ནི་མི་རིགས་མཐུན་སྒྲིལ་ཡར་ཐོན་འཕེལ་རྒྱས་ཀྱི་ལོ་རྒྱུས་ཤིག་ཏུ་གྱུར་ཡོད།

ལས་རིགས་གསར་སྐྲུན་བྱས་པའི་ལམ་ལ་ཕྱིར་མིག་ལྟ་ཞོར་དུ་དཀོན་མཆོག་སྐྱོད་ཀྱི་སེམས་སུ་ཡང་ཡང་དྲན་བཞིན་པ་ནི། ཁེ་ལས་ཤིག་མུ་མཐུད་དུ་གཉེར་བ་དང་འཕེལ་རྒྱས་དེ་ཀུན་ཀྱི་སྔོན་གྲས་སུ་བསྐྱོད་དགོས་ན།  སྔོན་འགྲོ་ནི་ངེས་པར་དུ་མཐུན་སྒྲིལ་བྱེད་དགོས་པ་དེ་རེད། ཁ་དཔེར། མི་སེམས་གཅིག་ཏུ་མཐུན་ན། རི་བོ་ཡིན་ཀྱང་སྒུལ་བར་ནུས་ཞེས་པ་ལྟར། དཀོན་མཆོག་སྐྱིད་ཀྱིས་དུས་དང་རྣམ་པ་ཀུན་ཏུ་སྐད་ཆ་དེ་ཡིད་ལ་བཟུང་ནས། རང་གི་ཁྱིམ་གཞི་ལྟ་བུའི་ཁེ་ལས་དེ་གཞི་ཁྱོན་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་སུ་གཏོང་བཞིན་ཡོད།

ཉིས་སྟོང་བཅུ་ལོར།  མགོ་ལོག་ཁུལ་ཏང་ཨུ་དང་ཁུལ་མི་དམངས་སྲིད་གཞུང་། དེ་མིན་འབྲེལ་ཡོད་སྡེ་ཁག་སོ་སོའི་ཤུགས་ཆེན་པོའི་རྒྱབ་སྐྱོར་འོག   སྒོར་མོ་ས་ཡ་གསུམ་གྱི་མ་དངུལ་གྱིས་རོགས་སྐྱོར་བྱས་ཏེ་རྣམ་པ་གསར་བའི་ཁང་པ་ལས་པ་དང་། ལོ་གཅིག་གི་ནང་དུ་འོ་རྫས་ཏུན་སྟོང་གཅིག་དང་ཉིས་བརྒྱ་ཐོན་སྐྱེད་བྱེད་ཐུབ་པའི་སྔོན་ཐོན་གྱི་སྒྲིག་ཆས་ཉོས།  དཀོན་མཆོག་སྐྱིད་ཀྱིས་ཕྱིར་དྲན་ངང་ནས་བཤད་རྒྱུར། “སྒྲིག་ཆས་གསར་བ་ཐོན་ཟིན། ཡིན་ནའང་མི་མང་པོ་ཞིག་གིས་བཀོལ་སྤྱོད་བྱེད་ཤེས་ཀྱི་མེད། དེ་བས་ང་ཚོས་མི་གཅིག་རེ་གཅིག་རེ་བྱས་ནས་གསོ་སྦྱོང་བྱས་པ་དང་ཕན་ཚུན་བར་རོགས་རམ་དང་ཕན་ཚུན་སྣེ་ཁྲིད་བྱས་པར་བརྟེན། མཇུག་མཐར་ཚང་མས་ལག་རྩལ་ནུས་པ་མང་པོ་ཞིག་ཁོང་དུ་ཆུད་ཐུབ་སོང་། དེ་ལྟར་ཕན་ཚུན་མཐུན་སྒྲིལ་བྱས་ནས་སློབ་སྦྱོང་བྱས་པའི་རྣམ་པ་དེ་ནམ་ཡང་སེམས་ནས་བརྗེད་མི་སྲིད”ཟེར།

ལས་བཟོ་བ་སྒྲོལ་མས་བཤད་རྒྱུར། “ང་རང་དང་ཐོག་ཀུང་ཟི་རུ་ཡོང་བའི་སྐབས་སུ་རྒྱ་སྐད་ཚིག་གཅིག་ཀྱང་མི་གོ་བས་གསོ་སྦྱོང་ལ་མི་ཞུགས་རྒྱུའི་བློ་ཡང་སྐྱེས་མྱོང་། ཡིན་ནའང་དཀོན་མཆོག་སྐྱིད་དང་ལས་གྲོགས་གཞན་དག་ལ་ནམ་ཡང་སུན་སྣང་མེད་པར། ཁོམ་སྐབས་རེ་བཙལ་ནས་ང་ལ་སློབ་སྦྱོང་བྱེད་དུ་བཅུག་པ་རེད། ད་ལྟ་ལག་རྩལ་ཡང་ཁོང་དུ་ཆུད་ཟིན་ལ་རྒྱ་སྐད་བཤད་པའི་ཆུ་ཚད་ཀྱང་མཐོར་འདེགས་བྱུང་ཡོད་པས་ང་རང་ཉིད་ཀྱང་རང་ལ་ཡིད་མི་ཆེས་པ་ལྟ་བུར་སྣང་། འདི་ཚང་མ་ནི་ང་ཚོའི་ཐུན་མོང་ཚོགས་པ་འདི་ལ་བཀའ་དྲིན་ཆེ་ཞུ་དགོས”ཟེར།

དེ་ནས་བཟུང་ཁེ་ལས་ཀྱི་ལས་སྣོན་ལག་རྩལ་དེ་སྔོན་ཆད་ཀྱི་ལག་པས་ལས་སྣོན་བྱེད་སྟངས་ནས་སྔོན་ཐོན་གྱི་སྒྲིག་ཆས་ཅན་དུ་བསྒྱུར་བ་དང་། ཐོན་རྫས་ཀྱི་ཐད་ནས་ཀྱང་སྔོན་ཆད་ཀྱི་ཞོ་ཁོ་ན་ལས་སྣོན་བྱེད་པ་ནས་མར་དང་ཆུར་བ། ཞུན་སོགས་རིགས་སྣ་ཚོགས་ཀྱི་ཐོན་རྫས་ཐོན་སྐྱེད་བྱེད་པའི་ཕྱོགས་སུ་བསྒྱུར་བ། ཐོན་སྐྱེད་བྱས་པའི་ཐོན་རྫས་གྱི་ཐུམ་སྒྲིལ་དང་རྒྱུ་སྤུས།  ཐོན་རྫས་ཀྱི་སྣ་ཁ་སོགས་ཀྱི་ཐད་ནས་ཇེ་མང་དང་ཕུན་སུམ་ཇེ་ཚོགས་སུ་སོང་།

རྨང་གཞི་དེའི་སྟེང་དུ་ཀུང་ཟིས་ད་དུང་དེང་རབས་ཅན་གྱི་ཁེ་ལས་དོ་དམ་གྱི་རྣམ་པ་ལྟར་དུ།  ཁེ་ལས་ཐོན་སྐྱེད་དང་འཛད་སྤྱོད་སོགས་ལྷུ་ཚིགས་སོ་སོར་ཚད་ལྡན་ཅན་གྱི་དོ་དམ་བྱས་ནས། ཁེ་ལས་ཀྱི་རྣམ་པ་ངོ་བོའི་སྟེང་ནས་ལེགས་བསྒྱུར་བྱས། དོན་དག་དེ་དག་གླེང་སྐབས། དཀོན་མཆོག་སྐྱིད་ཀྱི་གདོང་ལ་སྤོབས་ཉམས་ཀྱིས་ཁེངས་ནས་བཤད་རྒྱུར། “ཏང་དང་སྲིད་གཞུང་གི་ཐུགས་ཁུར་རྒྱབ་སྐྱོར་དང་རིགས་སོ་སོའི་སྤུན་ཟླ་དང་ལས་གྲོགས་སོ་སོའི་སྐུལ་མ་འོག་ད་གཟོད་འདི་འདྲ་ཞིག་ལེགས་གྲུབ་བྱུང་བ་ཡིན། དེའི་སྟབས་ཀྱིས་ཁོ་མོས་ཀྱང་ཐོབ་པར་དཀའ་བའི་གཅེས་སེམས་འདི་རྒྱུད་སྤེལ་བྱས་ནས་མི་མང་པོ་ཞིག་ལ་དྲོད་སྐྱིད་མྱོང་དུ་བཅུག་ནས་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་རྣམ་པར་བཞད་པའི་ཁྲོད་དུ་རང་ཉིད་ཀྱི་བཀྲག་མདང་གསར་བ་ཞིག་སྣོན་འདོད”ཟེར།

ཁོ་མོས་སྤྱི་ཚོགས་ལ་དྲིན་གཟོ་བྱེད་པ་དེ་རང་གི་མི་ཚེའི་འཚོལ་སྙེགས་ཤིག་ཏུ་བརྩིས་ཏེ། སློབ་གྲྭར་འགྲོ་ཐུབ་ཀྱིན་མེད་པའི་སློབ་མར་རོགས་རམ་བྱེད་པ་དང་གཉོར་སྐྱོང་བྱེད་མཁན་མེད་པའི་ལོ་ལོན་ལ་རོགས་སྐྱོར་བྱེད་པ་བཅས་བྱེད་ཀྱིན་ཡོད་པ་དང་། མོས་རོགས་སྐྱོར་བྱེད་ཡུལ་གྱི་ཁྲོད་དུ་བོད་དང་རྒྱ། ཁ་ཆེ་བ་སོགས་མི་རིགས་མང་པོའི་སྤུན་ཟླ་ཡོད་པ་རེད། ཁོ་མོས་རྒྱུན་དུ“བརྩེ་སེམས་འབུལ་བར་མི་རིགས་ལ་ཁྱད་པར་ཅི་ཡང་མེད། རིགས་སོ་སོའི་སྤུན་ཟླ་ཚང་མར་མཐུན་སྒྲིལ་ལྡན་པས་ད་གཟོད་ང་ཚོར་དེ་རིང་གི་འཚོ་བ་འདི་འདྲ་ཡོད་པ་རེད”ཅེས་གླེང་བཞིན་ཡོད།

ལྟ་བའི་ཚེ་ན་དོན་དག་ཤིན་ཏུ་ཆུང་ཆུང་འདྲ་ཡང་དོན་སྙིང་གིས་ཕྱུག་པའི་དོན་དག་ཆུང་ངུ་རིགས་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་དེ་མདོ་དབུས་མཐོ་སྒང་གི་ཡང་སྟེང་དུ་འོད་ཆེམ་ཆེམ་དུ་བཞད་པར་བྱས། ཉིས་སྟོང་བཅུ་དྲུག་ལོར།  དཀོན་མཆོག་སྐྱིད་ཀྱིས་འབྲི་ཞོ་ཟོ་བ་གང་རེ་ཕྱིར་བཙོང་རྗེས་ས་གནས་དེའི་དབུལ་ཕོངས་བྱིས་པ་རེར་སྒོར་ཟུར་ལྔ་རེ་ཡིས་རོགས་སྐྱོར་བྱེད་པའི་བྱ་འགུལ་སྤེལ་བ་དང་། ལས་གཞི་དེ་དངོས་སུ་ལག་བསྟར་བྱས་པའི་ཚུན་དུ། བྱིས་པ་སུམ་ཅུ་དང་བདག་མེད་ལོ་ལོན་བཅོ་ལྔ། དབང་བོ་སྐྱོན་ཅན་གྱི་མི་ཉེར་གཅིག་བཅས་ལ་སྡོམ་པས་སྒོར་མོ་འབུམ་གཉིས་ཀྱིས་རོགས་སྐྱོར་ཐོབ་པ་རེད།  ཁོ་མོས་བྱེད་སྟངས་དེས་མི་རིགས་མི་འདྲ་བའི་ཁྱིམ་ཚང་མང་པོ་ཞིག་ལ་ཁེ་ཕན་ཡོད་པར་མ་ཟད། དེ་བས་ཀྱང་ཁོ་མོས་རོགས་སྐྱོར་བྱས་ཟིན་པའི་བྱིས་པ་དེ་དག་གི་སེམས་སུ་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་ཡིན་པའི་ས་བོན་བཏབ་ཡོད་པ་རེད། ང་ཚོས་ཀྱང་ས་བོན་དེ་བྱིས་པ་དེ་དག་གིས་སེམས་སུ་རྩ་བ་རྒྱས་ཤིང་འབྲུ་གུ་སྨིན་པར་རེ་སྒུག་བྱས་ཡོད།

རྒྱལ་ཁའི་མདུན་དུ་དཀོན་མཆོག་སྐྱིད་ཀྱིས་བློ་སེམས་རྩེ་གཅིག་གིས་རང་གི་ལྕམ་སྲིང་རྣམས་ཀྱི་སྣེ་ཁྲིད་དེ་འབད་བརྩོན་ལྷོད་མེད་བྱས་པའི་ལོ་ངོ་དུ་མའི་རིང་ལ་ཁེ་ལས་ཤིག་འཕེལ་རྒྱས་དང་རྒྱ་ཆེ་རུ་འགྲོ་དགོས་ན། ཏག་ཏག་མི་རེ་འགའ་ཞིག་གི་སྟོབས་ཤུགས་ལ་བརྟེན་ནས་འགྲུབ་ཐུབ་པ་ཞིག་གཏན་ནས་མིན་པར་ཤེས་ལྡན་མི་སྣའི་སྟོབས་ཤུགས་ལ་བརྟེན་དགོས་པ་གསལ་བོར་རྟོགས།

དེ་དང་མཉམ་དུ།  ཁོ་མོས་འབྲོག་པའི་བུད་མེད་རྣམས་ལ་སྲོལ་རྒྱུན་ལག་བཟོ་རྒྱན་ཆས་ཕྱོགས་ཀྱི་གསོ་སྦྱོང་བྱས་པ་དང་། ཁོམ་སྐབས་དང་བསྟུན་ནས་ཁོ་ཚོའི་སྣེ་ཁྲིད་དེ་མགོ་ལོག་གི་མི་རིགས་ཁྱད་ཆོས་ལྡན་པའི་ལག་བཟོའི་རྒྱན་ཆས་ལས་སྣོན་བྱེད་དུ་བཅུག་སྟེ།  ཁོ་ཚོ་སྔ་མོ་ནས་དབུལ་ཐར་ཕྱུག་འགྱུར་གྱིས་འབྱོར་འབྲིང་འཚོ་བའི་ལམ་དུ་བསྐྱོད་པར་རོགས་རམ་བྱས། བུད་མེད་དེ་དག་ལ་དཀོན་མཆོག་སྐྱིད་ཀྱི་མིང་གླེང་མ་ཐག་ཁོ་ཚོའི་ཁྲོད་དུ་མོ་ལ་བསྟོད་བསྔགས་མི་བྱེད་མཁན་གཅིག་ཀྱང་མི་འདུག   ལོ་ངོ་དུ་མའི་ཚུན་དུ། ཀུང་ཟི་དེས་སྔ་གཞུག་ཏུ་ལས་གནས་མེད་པའི་ལས་བཟོ་བ་བཞི་བཅུའི་དཀའ་ངལ་ཐག་གིས་བཅད་པ་དང་། ཉེ་འགྲམ་གྱི་འབྲོག་ཁྱིམ་བཞི་བརྒྱ་ལྷག་གི་སྣེ་ཁྲིད་དེ་ཁྱིམ་ཚང་རེའི་ཆ་སྙོམས་ཀྱི་ཡོང་འབབ་དེ་སྒོར་མོ་བཞི་སྟོང་བརྒྱད་བརྒྱ་ལྷག་ལ་བུད།

དཀོན་མཆོག་སྐྱིད་ངོ་ཤེས་པའི་མི་ཚང་མས་ཁོ་མོ་ནི་ཤིན་ཏུ་དྲང་བདེན་དང་དྲང་བདེན་གྱིས་དོན་དག་བསྒྲུབ་རྒྱུར་དགའ་བའི་མི་ཞིག་ཡིན་པ་ཤེས།

དཀོན་མཆོག་སྐྱིད་ཀྱིས་ནམ་རྒྱུན་ཉེ་འཁོར་གྱི་མི་རྣམས་ལ་བཤད་རྒྱུར། “མི་གཅིག་གི་སྟོབས་ཤུགས་ནི་ཤིན་ཏུ་ཉག་ཕྲ་བ་ཞིག་ཡིན། ཡིན་ནའང་མི་བརྒྱ་དང་མི་སྟོང་།  མི་ཁྲི་ཡི་སྟོབས་ཤུགས་ཕྱོགས་གཅིག་ཏུ་བསྡུས་ནས་རང་རང་གིས་སྒྲུབ་ནུས་པའི་དོན་དག་རེ་བསྒྲུབས་སྟེ། བདེ་སྐྱིད་ཀྱི་མགོ་ལོག་འཛུགས་སྐྲུན་བྱེད་པར་ཧུར་བརྩོན་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་རྣམ་པར་བཞད་པར་བཀྲག་མདངས་སྣོན་དགོས”ཟེར།

                                                                                                  ལོ་ཙཱ་བ། གཡང་འབུམ་རྒྱལ།