མང་ཚོགས་རྣམས་དབུལ་ཕོངས་ལས་མ་ཐར་བར་དུ་ང་རང་སྡེ་བ་དང་ཁ་མི་བྲལ།
2018.09.04 ཁུངས། མཚོ་སྔོན་ཉིན་རེ་ཚགས་པར། ཀློག་གྲངས། 65

“ང་རང་ལོ་ན་ཆུང་ཞིང་སྡེ་བའི་གནས་ཚུལ་ལ་ཆ་རྒྱུས་ཡོད་པས་ཡང་བསྐྱར་སྡེ་བའི་ཧྲུའུ་ཅི་དང་པོའི་འགན་འཁུར་ནས་སྡེ་བའི་མང་ཚོགས་ལ་དོན་དངོས་ཀྱི་བྱ་བ་མང་ཙམ་བསྒྲུབ་སྟེ་སྡེ་བ་དབུལ་མཐར་བྱེད་དུ་འཇུག་དགོས།” སྐལ་བཟང་བཀྲ་ཤིས་ཀྱིས་དེ་ལྟར་བཤད།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་སྲིད་གཞུང་གཞུང་སྒྲུབ་ཁང་གིས་རྨ་ཆེན་རྫོང་དབྱིག་གཞུང་ཞང་དུར་དྭངས་སྡེ་བར་མངགས་པའི་ཧྲུའུ་ཅི་དང་པོར་ཡིན་པའི་ཆ་ནས། སྐལ་བཟང་བཀྲ་ཤིས་ཀྱིས་ལོ་ངོ་གསུམ་གྱི་དུས་ཚོད་སྤྱད་དེ་དབུལ་ཕོངས་སྡེ་བ་དེའི་ཆེད་དུ་རང་གི་ནུས་ཤུགས་ཡོད་རྒུ་རྩལ་དུ་སྤྲུགས། ད་ལོའི་ཟླ་བཞི་བར་སྐལ་བཟང་བཀྲ་ཤིས་ཀྱིས་རང་འགུལ་གྱིས་དུར་དྭངས་སྡེ་བ་ནས་བསྡད་ཆོག་པའི་རེ་ཞུ་བྱས་ནས་མུ་མཐུད་དུ་དུར་དྭངས་སྡེ་བའི་ཧྲུའུ་ཅི་དང་པོའི་འགན་ཁུར།

ལོ་ན་གཞོན་ལ་ལུས་གཟུགས་ཆུང་ཞིང་།  མིག་ཟུང་ཆེ་ལ་ཤ་མདངས་ནག་པ། ཕར་བལྟས་ཚོད་ཀྱིས་ས་གནས་དེའི་མི་ཞིག་དང་ཀུན་ནས་མཚུངས།

རྨ་ཆེན་རྫོང་དབྱིག་གཞུང་ཞང་ནི་ཆ་སྙོམས་ཀྱིས་མཚོ་ངོས་ལས་མཐོ་ཚད་ལ་རྨིད་བཞི་སྟོང་ཉིས་བརྒྱའི་མཚམས་སུ་ཆགས་ཡོད་པས་རང་བྱུང་གི་ས་བབ་མཐོ་ཞིང་འགྲིམ་འགྲུལ་སྟབས་མི་བདེ་བ་སོགས་ཀྱིས་འཚོ་གནས་ཀྱི་ཆ་རྐྱེན་ཤིན་ཏུ་སྡུག་པོ་ཡིན། སྐལ་བཟང་བཀྲ་ཤིས་ཀྱི་སེམས་སུ་ད་དུང་ཡང་གསལ་ཆ་ལེར་ཡོད་པ་ནི་ཁོ་རང་ཐོག་དང་པོར་དུར་དྭངས་སྡེ་བར་ཡོང་སྟེ་ཧྲུའུ་ཅི་དང་པོའི་འགན་ཁུར་སྐབས། སྡེ་བའི་མང་ཚོགས་རྣམས་ཀྱི་ཡིད་ཆེས་ལ་མ་ཆེས་བའི་མིག་མདངས་དེ་རེད། ཡིན་ན་ཡང་ཟླ་ངོ་འགའ་ལས་མ་འགོར་བར་ཁོ་རང་སྡེ་བ་དེའི་མང་ཚོགས་རྣམས་དང་ཡོངས་སུ་འདྲིས་ཤིང་།  སྡེ་མི་སུ་ཚང་ལ་ནད་པ་ཡོད་པ་དང་སུ་ཚང་གི་བྱིས་པ་སློབ་ཆེན་འགྲིམ་བཞིན་ཡོད་པ། སུ་ཚང་ལ་ཕྱུགས་ཟོག་དུ་ཡོད་པ་སོགས་སྐལ་བཟང་བཀྲ་ཤིས་ཀྱི་སེམས་སུ་ཧ་ཅང་གསལ་བོར་ཡོད།

མི་དམངས་མང་ཚོགས་ཡིད་ཆེས་དགོས་ན་བློ་གཅིག་སེམས་གཅིག་གིས་མང་ཚོགས་ཀྱི་ཁྲོད་དུ་ཟབ་ཞུགས་བྱེད་དགོས། སྡེ་སྡོད་བྱས་པ་ནས་བཟུང་སྐལ་བཟང་བཀྲ་ཤིས་ལ་ཁོམ་སྐབས་ཅུང་ཙམ་ཞིག་ཡོད་ཚེ་སྡེ་བའི་ལས་བྱེད་པ་དང་ཏང་ཡོན་རྒན་པ། འབྲོག་པ་མང་ཚོགས་བཅས་ཀྱི་ཁྱིམ་དུ་སོང་ནས་སྡེ་བའི་གནས་ཚུལ་སྣ་ཚོགས་ལ་རྒྱུས་ལོན་བྱེད་ཀྱིན་ཡོད་པ་རེད། ཐེངས་རེ་གཉིས་ཙམ་ལ་ཁྱིམ་དུ་སོང་ནས་གནས་ཚུལ་དྲིས་པར་ཁྱིམ་ཚང་ཞིག་གི་ཡོང་སྒོའི་གནས་ཚུལ་ངོ་མ་དེ་ཤེས་རྒྱུ་ནི་ཤིན་ཏུ་ལས་སླ་མོ་ཞིག་མ་རེད། ཡང་དང་རིམ་པར་ཁྱིམ་ཚང་རེ་རེར་སྒོ་མྱུལ་བྱས་ནས་སོང་ཚེ་རང་གི་ཤ་ཉེའི་ཁྱིམ་ཚང་ཞིག་ཏུ་འགྲོ་བ་དང་འདྲ་ཞིང་། སོང་གིན་སོང་གིན་ཁོ་ཚོ་དང་འབྲེལ་འདྲིས་ཇེ་ཟབ་ཏུ་འགྲོ་ཐུབ། ཟླ་བ་གསུམ་གྱི་དུས་ཚོད་ནང་སྡེ་བའི་ནང་གི་ཁྱིམ་ཚང་རེ་རེའི་གནས་ཚུལ་དེ་སྐལ་བཟང་བཀྲ་ཤིས་ལ་རྒྱུས་མངའ་ཤིན་ཏུ་ཡོད་པར་གྱུར་ཅིང་སྡེ་བའི་ནང་ཁྱིམ་ཚང་ཉིས་བརྒྱ་དང་ཞེ་ལྔ་ཡིས་ཁོ་ལ་ཁས་ལེན་བྱེད་མགོ་བརྩམས།

སྡེ་བའི་མང་ཚོགས་དང་འབྲེལ་འདྲིས་དམ་ཟབ་བྱས་པ་བརྒྱུད་ནས་མང་ཚོགས་རྣམས་སྐལ་བཟང་བཀྲ་ཤིས་ལ་ཡིད་ཆེས་ཆེན་པོ་ཡོད་པར་གྱུར་ལ་སྡེ་མི་རྣམས་ཀྱིས་གནས་ཚུལ་ཡར་ཞུ་བྱེད་པ་དང་། སྲིད་ཇུས་སྐོར་གྱི་ཤེས་བྱ་སྣ་ཚོགས་འདྲི་བར་སྐལ་བཟང་བཀྲ་ཤིས་འཚོལ་གྱིན་ཡོད་པ་རེད། “ཧྲུའུ་ཅི་བཀྲ་ཤིས་ཡོང་རྗེས་སུ་ང་ཚོའི་སྡེ་བའི་གློག་དྲ་བསྒྱུར་བཅོས་བྱས་པ་དང་རིག་གནས་ཐང་ཆེན་ལས་པ། མ་མཐའི་འཚོ་བའི་འགན་སྲུང་གི་ཁྲོད་དུ་འཇོག་འོས་པའི་ཁྱིམ་ཚང་རྣམས་དེའི་ཁྲོད་དུ་བཞག་པ་བཅས་དོན་བཟང་མང་པོ་གཅིག་རྗེས་གཉིས་མཐུད་དུ་བསྒྲུབས་པས་ད་ལྟ་སྡེ་མི་ཚང་མས་ཧྲུའུ་ཅི་བཀྲ་ཤིས་ནི་བློ་གཏད་ཚོག་པའི་ཧྲུའུ་ཅི་བཟང་བོ་ཞིག་རེད་ཅེས་ཟེར་གྱིན་འདུག”ཅེས་དུར་དྭངས་སྡེ་བའི་སྡེ་མི་བུ་ཆུང་གིས་བཤད།

“ས་ཕྱོགས་གཞན་ནས་ཡོང་བའི་ལས་བྱེད་པ་ཞིག་ཡིན་ཡང་ཧྲུའུ་ཅི་བཀྲ་ཤིས་ཀྱིས་ང་ཚོའི་སྡེ་བ་དེ་རང་གི་ཁྱིམ་ཚང་བཞིན་བསྐྱངས་བཞིན་ཡོད་པས་ཁོ་ང་ཚོ་མང་ཚོགས་ལ་དངོས་གནས་བཟང་གི”ཞེས་སྡེ་བའི་མང་ཚོགས་ཨོ་རྒྱན་དགའ་སྤྲོ་དང་བཅས་ཏེ་བཤད། “སྔོན་ཆད་ང་ཚོ་སྡེ་བའི་འཁོར་སྐར་བརྙན་འཕྲིན་གྱི་བརྡ་རྟགས་ནི་དེ་འདྲའི་བཟང་རྒྱུ་མེད། སྡེ་མི་རྣམས་ཀྱིས་གནས་ཚུལ་དེ་ཧྲུའུ་ཅི་སྐལ་བཟང་ལ་ཡར་ཞུ་བྱས་རྗེས། སྐལ་བཟང་བཀྲ་ཤིས་ཀྱིས་དོན་དག་དེ་སེམས་སུ་དམ་པོར་བཟུང་ཞིང་དོན་དག་དེའི་ཆེད་དུ་ཁུལ་ཐོག་ཏུ་ཐེངས་དུ་མར་སོང་བ་དང་། ལོ་སར་གྱི་སྐབས་སུ་ཁོ་རང་ཟི་ལིང་དུ་འགྲོ་བའི་གོ་སྐབས་དེ་དམ་འཛིན་བྱས་ནས་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡི་འབྲེལ་ཡོད་སྡེ་ཁག་ཏུ་སོང་ནས་མི་དམངས་མང་ཚོགས་ལ་དགོས་གལ་ཆེ་བའི་དོན་དག་དེ་བསྒྲུབས། དེ་ནས་ཅུང་མ་འགོར་བར་ཧྲུའུ་ཅི་བཀྲ་ཤིས་ཀྱིས་ང་ཚོའི་སྡེ་བར་བརྙན་འཕྲིན་སུམ་ཅུ་དང་སྒྲ་སྡུད་འཕྲུལ་ཆས་གོ་གསུམ་བྱིན་པ་རེད”སྡེ་མི་ཨོ་རྒྱན་གྱིས་མུ་མཐུད་ནས་དེ་ལྟར་བཤད།

འདས་པའི་ལོ་ངོ་གསུམ་གྱི་རིང་ལ་སྐལ་བཟང་བཀྲ་ཤིས་ཀྱིས་ནན་ནན་ཏིག་ཏིག་གིས་བྱ་བ་བསྒྲུབས་མཐར་དུར་དྭངས་སྡེ་བའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཐད་ལ་ཐོག་མའི་གྲུབ་འབྲས་མངོན་ཞིང་དམངས་འཚོ་ལེགས་བཅོས་བྱུང་། “ཧྲུའུ་ཅི་བཀྲ་ཤིས་ཡོང་བའི་རྗེས་སུ་སྡེ་བའི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་ཡོད་དེ། ཐོན་ལས་འཕེལ་རྒྱས་དང་ཁོར་ཡུག་ལེགས་བཅོས། རིག་གནས་ཐང་ཆེན་སྤྲོ་སྐྱིད་ཀྱིས་ཁེངས་པ། མི་སེམས་གཅིག་ཏུ་མཐུན་པ་བཅས་ཀྱི་རྣམ་པ་བཟང་བོ་དེར་སྡེ་བ་གཞན་གྱིས་ལྟ་སྟངས་གསར་བ་ཞིག་འཛིན་བཞིན་ཡོད། སྔོན་ཆད་ང་ཚོའི་སྡེ་བ་འདི་འདྲ་ཞིག་ཏུ་འགྱུར་འགྲོ་བ་ཡིད་ལའང་དྲན་མ་མྱོང་།” དུར་དྭངས་སྡེ་བའི་སྡེ་མི་ཀུན་མཁྱེན་དགའ་སྤྲོའི་དགོད་སྒྲ་དང་བཅས་ཏེ་དེ་ལྟར་བཤད།

སྡེ་བ་དེའི་སྡེ་མི་རྣམས་ཀྱིས་ཡར་ཞུ་བྱས་པའི་བྱ་བ་ཆེ་ཆུང་ཡོད་ཚད་སྐལ་བཟང་བཀྲ་ཤིས་ཀྱིས་འབྲེལ་ཡོད་སྡེ་ཁག་ལ་མཐུན་སྦྱོར་བྱས་ཏེ། སྡེ་བའི་ལམ་སྐོར་ཞིག་ཨར་འདམ་གྱིས་ཞིག་གསོ་བྱས་པས་སྡེ་མི་ཡོངས་ཀྱི་བསྔགས་བརྗོད་ཐོབ། ལོ་སྟོད་དུ་སྐལ་བཟང་བཀྲ་ཤིས་ཀྱིས་ཉིན་མཚན་དབྱེར་མེད་ཀྱིས་སྡེ་མི་རྣམས་ཀྱི་སྣེ་ཁྲིད་དེ་འཕྲོད་བསྟེན་དག་ཐེར་བྱས་པ་སོགས་མཛེས་པའི་ཞིང་སྡེ་འཛུགས་སྐྲུན་བྱེད་པའི་ཐད་ལ་ནུས་ཤུགས་གང་ཡོད་བཏོན། “སྡེ་བའི་ཁོར་ཡུག་ལེགས་བཅོས་བྱུང་བས་སྡེ་མི་རྣམས་ཀྱི་གདོང་ལའང་དགའ་སྤྲོའི་འཛུམ་མདངས་ཀྱིས་ཁེངས་འདུག ”ཅེས་སྐལ་བཟང་བཀྲ་ཤིས་ཀྱིས་བཤད།  “དཀའ་ངལ་ཅི་ཞིག་ཡོད་ན་ཧྲུའུ་ཅི་བཀྲ་ཤིས་འཚོལ་བ”དེ་སྡེ་མི་ཡོངས་ཀྱི་ཐུན་མོང་གི་འདུ་ཤེས་ཤིག་ཏུ་ཆགས་ཡོད། ཉེ་ལམ་གསར་འགོད་པ་དང་སྐལ་བཟང་བཀྲ་ཤིས་གཉིས་མཉམ་དུ་དུར་དྭངས་སྡེ་བའི་དབུལ་ཕོངས་ཁྱིམ་ཚང་ཚེ་ལོ་ཚང་ལ་སོང་། ཁྱིམ་དུ་ཐོན་མ་ཐག་ཚེ་ལོས་སྤྲོ་སེམས་ལྡན་པའི་ངང་གསར་འགོད་པ་དང་སྐལ་བཟང་བཀྲ་ཤིས་གཉིས་ལ་འོ་ཇ་དྲངས།

ཚེ་ལོ་ཚང་ལ་ཁྱིམ་མི་དྲུག་ཡོད་ཅིང་ཚང་མས་ཚེ་ལོ་གཅིག་པུས་ཕྱུགས་ཟོག་འཚོ་བ་དང་གླ་རྒྱག་པར་བརྟེན་ནས་འཚོ་བ་རོལ་གྱིན་ཡོད་སྟབས་ཁྱིམ་ཚང་གི་འཚོ་བར་དཀའ་ངལ་ཆེན་པོ་ཡོད། “དངོས་གནས་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་བོ་ལ་བཀའ་དྲིན་ཆེ། ཧྲུའུ་ཅི་བཀྲ་ཤིས་ཀྱིས་ཐུགས་ཁུར་གནང་བར་བཀའ་དྲིན་ཆེ། ད་ལྟ་ང་རང་ནི་རྩྭ་སའི་དོ་དམ་པ་ཞིག་ཡིན་པས་གཏན་འཇགས་ཀྱི་ཡོང་འབབ་ཡོད། དེང་སྐབས་རྒྱལ་ཁབ་ཀྱིས་དབུལ་ཕོངས་སྡེ་བ་དང་དབུལ་ཕོངས་ཁྱིམ་ཚང་ལ་རོགས་སྐྱོར་བྱེད་པའི་ལས་གཞི་མང་པོ་སྟེར་གྱིན་ཡོད། དེ་བས་རྗེས་ཕྱོགས་སུ་ང་རང་གིས་ཀྱང་ཕྱོགས་གང་ཅིའི་ཐད་ནས་འབད་བརྩོན་བྱས་ཏེ་སྔ་མོ་ནས་དབུལ་ཐར་བྱེད་རྒྱུ་ཡིན།” ཚེ་ལོས་ཚོར་སྣང་ཟབ་མོ་དང་བཅས་ཏེ་དེ་ལྟར་བཤད་བྱུང་།

ཚེ་འབུམ་ཚང་ནི་དུར་དྭངས་སྡེ་བའི་རུ་ཁག་གཉིས་པའི་མ་མཐའི་འཚོ་བའི་འགན་སྲུང་བྱེད་པའི་ཁྱིམ་ཚང་ཡིན་ཞིང་། ཁྱིམ་མི་བཞི་ཡོད་པ་དང་ཁོ་ལ་གྲུམ་བུའི་ནད་བྱུང་ཡོད་སྟབས་འགྲོ་འདུག་སོགས་དེ་འདྲ་སྟབས་བདེ་ཞིག་མིན། དེ་བས་སྲིད་གཞུང་གི་མ་མཐའི་འཚོ་བའི་འགན་སྲུང་གི་དངུལ་ལ་བརྟེན་ནས་འཚོ་བ་རོལ་གྱིན་ཡོད། “ཧྲུའུ་ཅི་སྐལ་བཟང་ད་ལྟའི་བར་དུ་ངེད་ཚང་གི་ཁྱིམ་དུ་ཐེངས་གསུམ་ཙམ་ལ་ཡོང་མྱོང་ཞིང་། ཡོང་ཐེངས་རེ་ལ་ཕྱེ་དང་འབྲས། བཟའ་སྣུམ་སོགས་ཁྱེར་ནས་ཡོང་གི་ཡོད་པར་མ་ཟད་ད་དུང་ཁོས་ང་ཚོ་ལ་ཁྱིམ་དུ་གཞན་དཀའ་ངལ་གང་འདྲ་ཡོད་པའི་སྐོར་གྱི་གནས་ཚུལ་དྲིས་ཏེ་སེམས་ཁུར་བྱེད་བཞིན་ཡོད།” ཚེ་འབུམ་གྱིས་དེ་ལྟར་བཤད། དུར་དྭངས་སྡེ་བའི་རྒན་པ་མང་པོ་ཞིག་ཀྱང་མ་མཐའི་འཚོ་བའི་འགན་སྲུང་གི་གྲས་སུ་བཞག་ཡོད་པ་དང་། སྐལ་བཟང་བཀྲ་ཤིས་ཀྱིས་བདག་མེད་ལོ་ལོན་མང་པོ་ཞིག་གི་ཁ་གཏད་རོགས་སྐྱོར་བྱེད་མཁན་བཙལ་ནས། ལོ་ལོན་དེ་དག་གི་འཚོ་བར་འགན་སྲུང་བྱས་ཡོད་པས་ལོ་ལོན་དེ་དག་གི་འཚོ་བ་དྲོད་སྐྱིད་ཀྱིས་ཁེངས་ཡོད་པ་རེད།

“སྐལ་བཟང་བཀྲ་ཤིས་ཡོང་བའི་རྗེས་སུ་ཁོས་ང་ཚོའི་འཚོ་བའི་རྨང་གཞིའི་སྒྲིག་ཆས་ལེགས་བཅོས་བྱས་པར་མ་ཟད་སྡེ་བའི་ནང་གི་འགལ་བ་དང་རྩོད་གླེང་སྣ་ཚོགས་ཀྱི་རིགས་ལ་འདུམ་འགྲིག་བྱས་ནས་ཞི་བར་བྱས། ང་ཚོས་སེམས་གཏིང་ནས་ཁོ་ལ་བཀའ་དྲིན་ཞུ་བཞིན་ཡོད།” སྡེ་བའི་ཨུ་ཡོན་ལྷན་ཁང་གི་རྩིས་གཉེར་བ་ཀུན་མཁྱེན་གྱིས་ལྷག་བསམ་དག་པའི་ངང་ནས་དེ་ལྟར་བཤད།

གནད་ཕིགས་དབུལ་སྐྱོར་ལག་བསྟར་བྱས་པ་ནས་བཟུང་སྐལ་བཟང་བཀྲ་ཤིས་འབྲོག་པའི་ཐོན་སྐྱེད་བདག་གཉེར་གྱི་ཁྲོད་དུ་ཟབ་ཞུགས་བྱས་པར་མ་ཟད། སྡེ་མི་རྣམས་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པའི་ཐད་ལ་འཆར་གཞི་སྣ་ཚོགས་བཟོས་ཏེ་རོགས་རམ་བྱས། སྐལ་བཟང་བཀྲ་ཤིས་ཀྱིས་ནམ་རྒྱུན་དུ་བཤད་པ་ནང་བཞིན། “སྡེ་བའི་ཧྲུའུ་ཅི་དང་པོའི་འགན་ཁུར་བའི་ཉིན་དང་པོ་ནས་བཟུང་སྟེ། སྡེ་མི་རྣམས་དབུལ་མཐར་མ་བྱས་པར་སྡེ་བ་དང་ཁ་མི་བྲལ་བའི་ཆོད་སེམས་བཞག་ཡོད”ཅེས་པ་ལྟར། ཁོས་མུ་མཐུད་དུ་སྡེ་མི་རྣམས་དང་མཉམ་བཟའ་མཉམ་འདུག་དང་སེམས་ཤུགས་གཅིག་མཐུན། ཁ་ཞེ་གཉིས་མེད་བཅས་ཀྱི་སྒོ་ནས་རང་གི་དཀའ་སྤྱད་ཀྱི་རྔུལ་ཆུ་ལ་བརྟེན་ནས་མི་དམངས་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་མ་འོངས་པའི་རེ་བའི་བྱ་གཞག་རླབས་ཆེན་དེ་ཕྲག་ཏུ་ཁུར་ཡོད།

                                                                                               ལོ་ཙཱ་བ། གཡང་འབུམ་རྒྱལ།