འབྲོག་མོ་སྐལ་ལོའི་འཛུམ་མདངས།
2018.09.10 ཁུངས། མཚ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 83

“ལོ་ངོ་འདི་དག་གི་རིང་ལ་ངེད་ཚང་ལ་ཤ་ཚ་བའི་མི་མང་པོ་ཞིག་ཡོད། གལ་ཏེ་ཁོང་རྣམ་པའི་རོགས་རམ་མེད་ཚེ། ངའི་མི་ཚེ་འདི་སྡུག་གི་རྒྱ་མཚོ་ལས་ཐར་ཐབས་མེད”ཅེས་པའི་སྐད་ཆ་འདི་ནི་ཡར་སྔོན་འབྲོག་མོ་སྐལ་ལོས་གསར་འགོད་པར་བཤད་པའི་སྐད་ཆ་ཡིན།

སྟོན་ཟླ་དང་པོའི་ཆར་བ་ཤག་ཤག་འཇོ་བའི་ཞོགས་པ་ཞིག་ལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་ཁོ་ཆུ་གྲོང་རྡལ་མདའ་གཤིབ་ཐང་གཞིས་ཁུལ་གྱི་འབྲོག་མོ་སྐལ་ལོ་ཚང་གི་བཟའ་མི་གང་བོས་འགྲུལ་ཁང་དུ་མོག་མོག་དང་ཚོད་མ་བརྔོས་མ་ཟ་ཞོར་བརྙན་འཕྲིན་ལ་ལྟ་བཞིན་འདུག ཁོ་མོ་ཚང་གི་མདུན་ཅོག་སྟེང་གི་ཟ་མ་དང་གདོང་གི་འཛུམ་མདངས་ལས་འཚོ་བར་སྤྲོ་སྣང་དང་བདེ་སྐྱིད་ཀྱིས་ཁེངས་ཡོད་པ་ངང་གིས་རྟོགས་ཐུབ།

ད་ལོ་ལོ49ལ་སོན་པའི་སྐལ་ལོ་ནི་དགའ་བདེ་རྫོང་གོང་མ་སྟོད་མ་ཞང་གི་འབྲོག་མོ་ཞིག་ཡིན་ལ། མདའ་གཤིབ་ཐང་གཞིས་ཁུལ་དུ་གནས་སྤར་ནས་ལོ་ངོ་བརྒྱད་ཙམ་འགོར་ཡོད། ཁོ་མོ་བཟའ་ཟླ་གཉིས་ལ་བུ་མོ་ཆེ་ཆུང་གཉིས་ཡོད་པའི་ནང་བུ་མོ་ཆེ་བ་རྫོང་མི་རིགས་བཅའ་སྡོད་སློབ་འབྲིང་དང་། བུ་མོ་ཆུང་བ་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་དུ་སློབ་གཉེར་བྱེད་བཞིན་ཡོད་པས། ཁྱིམ་ཚང་གི་འཚོ་བའི་ཆ་རྐྱེན་དེ་འདྲའི་བཟང་རྒྱུ་མེད་མོད། ཉེ་བའི་ལོ་འགའི་རིང་གི་རྨ་འབྲི་རྫ་གསུམ་འབྱུང་ཁུངས་ཀྱི་འབྲེལ་ཡོད་སྲིད་ཇུས་རབས་དང་རིམ་པར་བརྟེན་ནས་ཁྱིམ་ཚང་གི་འཚོ་བ་རིམ་བཞིན་བདེ་སྐྱིད་ལམ་དུ་སྙེག་བཞིན་ཡོད།

སྟབས་མ་ལེགས་པ་ཞིག་ལ། ཏག་ཏག་ལོ་ངོ་ལྔའི་ཡར་སྔོན་གྱི་སྟོན་ཁའི་དུས་ལ་རྫོང་སྨན་ཁང་དུ་ལུས་པོར་བརྟག་དཔྱད་བྱས་པ་བརྒྱུད་ཐུམ་འབུའི་ནད་ཡོད་པ་ཤེས་པས་རེ་ཞིག་ཁོ་མོའི་སེམས་ཀྱི་སྐྱིད་སྣང་གཞི་ནས་བཅོམས། ལོ་གཅིག་གི་དུས་ཡུན་ནང་ཁྱིམ་གྱི་གསོག་དངུལ་ཡོད་ཚད་སྨན་རིན་དུ་བཀོལ་རུང་དྲག་སྐྱེད་མ་བྱུང་བའི་ཁར། ད་དུང་ཤ་ཉེ་དང་ཁྱིམ་མཚེས་ལ་སྒོར་མོ་ཁྲི་བཅུ་ལྷག་གི་བུ་ལོན་སྟེར་དགོས་པའི་ཚད་ལ་བསླེབས་ནས་ཅི་བྱ་གཏོལ་མེད་དུ་གྱུར།

ཟླ་འགའི་རྗེས་སུ། རྫོང་སྲིད་གཞུང་གིས་ཁོ་མོ་དཀའ་ཁག་ལ་འཕྲད་ཡོད་པ་ཤེས་ཏེ་འབྲེལ་ཡོད་སྡེ་ཁག་དང་འབྲེལ་ཡོད་མི་སྣར་འབྲེལ་བ་བྱས་ནས། སྨན་རིན་གྱི80%མཉམ་ལས་སྨན་བཅོས་ཀྱི་འགྲོ་ལུགས་ལྟར་རྩིས་ཞུའི་རོགས་རམ་གནང་བ་རེད།

ཟླ་ངོ་འགའི་རིང་ལ་སྨན་བཅོས་དང་ངལ་གསོ་བྱས་པ་བརྒྱུད། ནད་ཀྱི་གནས་ཚུལ་ཇེ་བཟང་དུ་སོང་བ་དང་བསྟུན་སྨན་ཁང་ནས་ཕྱིར་ཡོང་སྟེ། ཆེད་དུ་འབྲེལ་ཡོད་ལས་ཁུངས་ལ་བཀའ་དྲིན་ཞུ་ཡིག་ཕུལ།

ནད་བྱུང་ནས་ལོ་འགའ་འགོར་རུང་། ཡར་སྔོན་ནད་ཀྱི་དབང་གིས་འཚོ་བ་དཀའ་ཁག་མང་པོར་འཕྲད་པའི་སྐལ་ལོའི་དེང་གི་འཚོ་བ་ཅི་འདྲ་ཞིག་ཡིན་ནམ།

“སྨན་བཅོས་བྱས་ནས་ལོ་ངོ་གཉིས་འགོར་སོང་། བསམ་པར་རང་ཉིད་ཀྱི་ནད་ཇེ་བཟང་དུ་སོང་ཡོད་པར་འདོད་མོད། ལོ་གཅིག་སྔོན་གྱི་དབྱར་ཁའི་ཉིན་ཞིག་ལ་ཕྱིར་སྨན་ཁང་དུ་བརྟག་དཔྱད་བྱེད་དུ་སོང་བ་ལས་ནད་གཞི་ཇེ་སྡུག་ཏུ་གྱུར་ཡོད།”

གོས་བཟང་པོ་དབྱར་གསུམ་ཆར་གྱིས་ཐུབ། མི་བཟང་པོར་ལོ་གསུམ་ནད་ཀྱིས་གཙེས་ཞེས་པ་ནང་བཞིན། སྐལ་ལོར་ཐུམ་འབུའི་སྐྲན་ནད་བྱུང་ནས་ཆེས་དཀའ་ཁག་ཆེ་བའི་སྐབས་ཏེ། ལོ་གཉིས་ཡར་སྔོན་གྱི་ཟླ8པར། དགའ་བདེ་རྫོང་གིས་ཁོ་མོར་སྒོར46000གི་རོགས་སྐྱོར་གནང་སྟེ་མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་བཞི་པ་རུ་སྨན་བཅོས་བྱེད་དུ་བཅུག་ནས་འཚོ་བར་ཡིད་ཆེས་བསྩལ་བ་རེད།

ནད་ཀྱིས་གཙེས་པའི་ལོ་ཟླར་ཕྱིར་དྲན་བྱེད་ཞོར་སྐལ་ལོའི་མིག་མཐར་མཆི་མ་འཁོར་ནས་བཤད་རྒྱུར། “ངས་ནམ་ཡིན་ཡང་ཁོ་ཚོར་བཀའ་དྲིན་ཞུ་གི་ཡོད། ཁོ་ཚོས་ང་རང་འཇིག་རྟེན་འདིར་འཚོ་གཞེས་གནང་བར་རོགས་རམ་མང་པོ་གནང་མྱོང་། སྐལ་བ་སྟོང་ལ་བརྗེད་མི་སྲིད”ཟེར།

དེང་སྐབས་ཁོ་མོ་བཟའ་མི་བཞི་བོ་སྡོད་སའི་ཁང་པ་ཡང་སྲིད་གཞུང་གིས་ལས་ནས་བྱིན་པ་དང་། བུ་མོ་གཉིས་སློབ་གྲྭར་སོང་ན་སློབ་ཡོན་སྟེར་མི་དགོས་པ་སོགས་ཀྱི་སྐོར་ནས་ཁ་བརྡ་བྱེད་དུས། ཁོ་མོའི་གདོང་ལ་འཛུམས་ལངས་ནས་ཡང་བསྐྱར“བུ་མོ་གཉིས་ཀ་སློབ་གྲྭ་རུ་སློབ་སྦྱོང་ལ་བཟང་བའི་གནས་ཚུལ་ཐོས་ན་ངེད་བཟའ་ཟླ་གཉིས་ཀྱང་དགའ་བོ་བྱུང་ཡོད། བུ་མོ་གཉིས་ཀྱིས་སློབ་སྦྱོང་ལ་འབད་པ་བྱས་ཏེ་སློབ་ཆེན་དུ་རྒྱུགས་འཕྲོད་ནས་ཕྱིར་ལོག་ན། ས་གནས་ཀྱི་ནད་པ་མང་ཚོགས་ལ་ནད་བཅོས་བྱེད་ཐུབ་པའི་སྨན་པ་ཞིག་བྱ་རྒྱུ་ནི་ངའི་རེ་བ་ཉག་གཅིག་ཡིན”ཞེས་བསྟོད་པའི་མཐེ་བོང་བསྒྲེངས་ནས་སྤོབས་པ་དང་བཅས་དེ་ལྟར་བཤད་བྱུང་།

བཅར་འདྲིའི་ཁྲོད་ཤེས་རྟོགས་བྱུང་བ་ནི། དགའ་བདེ་རྫོང་གི་དཔེ་མཚོན་རང་བཞིན་གྱི་ནད་ཀྱི་དབང་གིས་དབུལ་བོར་གྱུར་པའི་འབྲོག་མོ་སྐལ་ལོར་མཚོན་ན། དེང་སྐབས་ནད་གཞི་རྩ་བ་ནས་དྲག་སྐྱེད་བྱུང་ཡོད་པར་མ་ཟད། འཚོ་བ་ཡང་ཉིན་རེ་ནས་ཉིན་རེར་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བཞིན་ཡོད། དགའ་བདེ་རྫོང་གིས་ཉེ་བའི་ལོ་གཉིས་རིང་ལ་མི2000ལྷག་གི་ལུས་ཕུང་བདེ་ཐང་ལ་བརྟག་དཔྱད་བྱས་ཏེ། མི300ཡན་ལ་ཐུམ་འབུའི་ནད་ཀྱི་ཡིག་ཚགས་བཟོས་པར་མ་ཟད། མ་འོངས་པའི་ལོ་ནང་བརྟག་དཔྱད་མ་བྱས་པའི་མང་ཚོགས་ལ་བརྟག་དཔྱད་བྱས་ཏེ། ནད་གཞི་ཚབས་ཆེན་རིགས་ཞིང་ཆེན་རིམ་པའི་སྨན་ཁང་དང་ཁུལ་རིམ་པའི་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་པ་དང་། ཐུམ་འབུའི་ནད་ཕོག་ཡོད་པའི་ནད་པ་དང་ཁྱིམ་ཚང་ཡོད་ཚད་སྨན་བཅོས་རོགས་སྐྱོབ་གཙོ་བོ་དང་སྤྱི་ཚོགས་དབུལ་སྐྱོར་ཁ་གཏད་ནང་བཞག་ནས་ཞབས་འདེགས་ཞུ་བ། དུས་མཚུངས་སུ་ཡང་བསྐྱར་ཞིང་ཆེན་རིམ་པ་དང་ཁུལ་རིམ་པ། རྫོང་རིམ་པའི་གསོ་རིག་ཆེད་མཁས་པ་དགའ་བདེ་རྫོང་དུ་ཡོང་ནས་སྐོར་ཞིབ་བརྟག་དཔྱད་དང་གཤག་བཅོས་བྱེད་པ། དྲིལ་སྒྲོག་སློབ་གསོ། མི་སྣ་གསོ་སྦྱོང་བཅས་ཀྱི་ལས་གཞི་ལས་བསྟར་བྱ་རྒྱུ། སྡེ་ཁག་སོ་སོའི་བར་གྱི་འབྲེལ་གཏུག་བྱ་བར་ཤུགས་བསྣན་ནས་ཐུམ་འབུའི་ནད་ཀྱི་ཡིག་ཚགས་བཟོས་ནས་ནད་ཀྱི་འབྱུང་རྐྱེན་སྔ་མོ་ནས་འགོག་བཅོས་བྱེད་བཞིན་ཡོད། །


རྩོམ་སྒྲིག་པ། རྟ་མགྲིན་སྐྱབས།