སྨན་པ་ཉི་མས་བོད་ཀྱི་གསོ་རིག་ལ་བཅངས་པའི་ལྷག་བསམ།
2018.09.10 ཁུངས། མཚ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 171

——སྐབས་གསུམ་པའི“རྒྱལ་སྨན་ཆེན་མོ”ཡི་མཚན་སྙན་ཐོབ་མཁན།ཞིང་ཆེན་བོད་སྨན་ཁང་གི་མཚན་འཛིན་ཡོན་ཀྲང་ངམ་ཀྲུང་གོའི་བོད་སྨན་གྱི་དབུ་བཞུགས་ཆེད་མཁས་པ་རྒན་ཉི་མའི་གནས་ཚུལ་བཀོད་པ།

རྒྱ་ཡེ་ཉི་མ་ལགས་ཀྱིས་རྒྱ་མཚོའི་ངོས་ལས་མཐོ་ཚད་ལ་མུས་སུམ་སྟོང་བརྒྱད་བརྒྱ་ཡོད་པའི་ཧུའུ་ཀྲུའུ་བྱང་རིའི་སྟེང་བོད་སྨན་ལས་རིགས་ཀྱི་ཆེད་ལས་ལག་རྩལ་མི་སྣ་རྣམས་ལ་སྨན་རྩྭ་ངོས་འཛིན་གྱི་ཉམས་མྱོང་སློབ་ཁྲིད་བྱེད་བཞིན་པའི་ཚུལ་རེད།

ཁོང་ནི་ཞིང་ཆེན་བོད་སྨན་ཁང་གི་ཆེས་བྲེལ་བ་ཆེ་བའི་སྨན་པ་སྟེ། རང་གི་ལས་དོན་དང་ནད་པར་དགའ་ཞེན་ཤིན་ཏུ་ཆེ་ཞིང་སྙིང་རྗེ་ལྡན་པ་དང་། བླ་མེད་ཀྱི་སྨན་པའི་སྤྱོད་ལམ་དང་མཆོག་ཏུ་གྱུར་པའི་སྨན་བཅོས་ལག་རྩལ་གྱིས་སེམས་ཤུགས་ཡོད་ཚད་ནད་པར་ཞབས་ཞུ་སྒྲུབ་པའི་སྟེང་བཀོལ་བ་དང་། ནད་པ་ཁྲི་སྟོང་མང་པོའི་ནད་རིགས་སྨན་བཅོས་བྱས་ཏེ། ན་བའི་སྡུག་བསྔལ་སེལ་ཆེད། ད་ལྟའི་བར་ནད་ཐོག་སྨན་བཅོས་ཀྱི་ཡུལ་དངོས་དང་པོ་རུ་རྒྱུན་འཁྱོངས་བྱས་ཏེ། ནད་པ་མི་ཐེངས་འབུམ་དྲུག་དང་ཁྲི་ལྔ་ལྷག་ལ་སྲོག་སྐྱོབ་སྨན་བཅོས་བྱས།

ཁོང་ནི་རང་རྒྱལ་གྱི་མིང་དུ་གྲགས་པའི་བོད་ཀྱི་སྨན་དང་སྨན་བཅོས་ཀྱི་ཆེད་མཁས་པ་དང་། ཞིང་ཆེན་བོད་སྨན་ཁང་གི“སྲོལ་གཏོད་མེས་པོའམ”བོད་ཀྱི་སྨན་དང་སྨན་བཅོས་ཁྱབ་ཁོངས་ཀྱི“གཟི་བརྗིད་ཆེ་ཞིང་སྙན་གྲགས་ལྡན་པ།” “མཚོ་སྔོན་ཞིང་ཆེན་གྱི་ཕུལ་བྱུང་ཆེད་མཁས་པ”དང“མཚོ་སྔོན་ཞིང་ཆེན་གྱི་ཀྲུང་ལུགས་སྨན་པ་མིང་གྲགས་ཅན།”“ཀྲུང་ཧྭའི་ཀྲུང་སྨན་དང་སྨན་བཅོས་རིག་གཞུང་ལྷན་ཚོགས་ཀྱི་གྲུབ་འབྲས་བྱ་དགའ།”“ང་རང་ཆེས་དགའ་བའི་བདེ་ཐང་སྐུ་སྲུང་བ”“སྐོར་དང་པོའི་ཀྲུང་ཧྭའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྒྱུན་འཛིན་མཁན་ལ་གནང་བའི་རྒྱུད་སྤེལ་བྱ་དགའ”བཅས་ཀྱི་གཟི་བརྗིད་མཚན་སྙན་མང་པོ་ཐོབ་མྱོང་།

ལོ་མང་པོའི་རིང་ཁོང་ཉིད་ལས་འཁྱུར་བྱས་ཀྱང་ངལ་གསོ་མི་བྱེད། ཐོག་དང་པོར་བོད་ཀྱི་སྨན་དང་སྨན་བཅོས་ཀྱི་གསུང་རབ་ཏུ་བཀོད་པའི་གནའ་བོའི་ནུས་ཐོན་བཅོས་ཐབས་སྤྱད་དེ། བོད་སྨན་གྱི་ཁྱད་འཕགས་ཕྱི་བཅོས་བཅོས་ཐབས་གསར་སྐྲུན་དང་ཁྱབ་སྤེལ་བྱས་ནས། བོད་ཀྱི་སྨན་དང་སྨན་བཅོས་ཀྱིས་སྐྲན་ནད་ལ་ནད་བརྟག་སྨན་བཅོས་བྱེད་པར་ཚད་བརྒལ་རང་བཞིན་ལྡན་པའི་འཕེལ་རྒྱས་བྱུང་དུ་བཅུག་པ་དང་། བོད་ཀྱི་སྨན་དང་སྨན་བཅོས་ལས་དོན་གྱི་བཅོས་བསྒྱུར་འཕེལ་རྒྱས་དང་ཚན་རིག་ཞིབ་འཇུག་དང་། འཇོན་མི་གསོ་སྐྱོང་། བོད་སྨན་ཐོན་སྐྱེད། དེ་མིན་སྨན་གསར་པ་ཞིབ་འཇུག་གསར་སྤེལ་བཅས་ཀྱི་ཕྱོགས་ལ་བྱས་རྗེས་ཧ་ཅང་ཆེན་པོ་བཞག

2017ལོར། དགུང་ལོ་གྱ་བཞི་ལོན་པའི་ཞིང་ཆེན་བོད་སྨན་ཁང་གི་མཚན་འཛིན་ཡོན་ཀྲང་ངམ། སྨན་པ་འབུམ་རམས་པ། ཀྲུང་གོའི་བོད་སྨན་དབུ་བཞུགས་ཆེད་མཁས་པ་དགེ་རྒན་ཆེན་མོ་ཉི་མས“རྒྱལ་སྨན་ཆེན་མོ”ཡི་མཚན་སྙན་གཟི་བརྗིད་ལྡན་པའི་སྒོ་ནས་དང་དུ་བླངས་ཤིང་། ཁོང་ནི་རྒྱལ་སྨན་ཆེན་མོའི་བྱ་དགའ་ཐོབ་པའི་རང་ཞིང་གི་མི་ཨང་དང་པོར་གྱུར་པ་དང་། མཚོ་སྔོན་ཞིང་ཆེན་ལ་གཟི་བརྗིད་ཀྱི་མཚན་སྙན་འདི་ཉིད་མེད་པའི་ལོ་རྒྱུས་ལ་རྫོགས་ཚིགས་བཀོད།

གཟའ་ཟླ་བ་ཐོན་ཐེངས་རེར། དུས་རྒྱུན་ཁོང་ཉིད་སྔ་མོ་ནས་མལ་ལས་ལངས་ཡོད། སྔ་དྲོའི་དུས་ཚོད་བརྒྱད་དང་ཕྱེད་ཀར་ཐོན་མེད་མོད། ཁོང་ཉིད་ཆེད་མཁས་ཀྱི་སྒོ་བསྟེན་སྨན་བཅོས་ཁང་དུ་ཐོན་ཏེ་ནད་པར་སྨན་བཅོས་བྱ་བཞིན་འདུག དགུང་ལོ་མཐོ་ཡང་ཁོང་གི་བཞིན་མདངས་བཟང་ལ། མཐོང་ལམ་ཡངས། རིག་པ་སྐྱེན། བྱམས་བརྩེ་ལྡན་པའི་ངང་ནད་སྟོན་དུ་ཡོང་བའི་ནད་པར་ཁམས་འདྲི་བྱ་བཞིན་འདུག ཁོང་བཙལ་ཏེ་ནད་སྟོན་དུ་ཡོང་བའི་ནད་པ་ནི་རྒྱལ་ཡོངས་ཀྱི་བོད་ཁུལ་དང་། ཐ་ན་ནང་ལོགས་ཀྱི་རྒྱ་རིགས་མང་པོ་ཡང་ཁོའི་སྙན་གྲགས་ལ་ཡིད་སྨོན་སྐྱེས་ཏེ་ཆེད་དུ་ཡོང་བ་རེད།

“ནད་པ་ས་ཐག་རིང་ནས་ཡོང་ན། ངས་ཁོ་ཚོའི་འགྲུལ་བཞུད་དོན་མེད་དུ་གཏོང་མི་རུང”རྒན་ཉི་མ་དགོད་ཞོར་དུ་དེ་ལྟར་བཤད། ཁོའི་གཞུང་ལས་ཁང་གི་ལྡེབས་ངོས་སུ། “གཟི་བརྗིད་ཆེ་ཞིང་སྙན་གྲགས་ལྡན་པའི་བོད་ལུགས་སྨན་པ། སྙན་གྲགས་གནམ་འོག་ལ་ཁྱབ”ཅེས་རྒྱ་ཡིག་གིས་བྲིས་པའི་སྒོ་བྱང་ཞིག་བཀལ་ཡོད་པ་གསལ་པོར་མཐོང་ཐུབ། དེ་ནི་ནད་པས་བགྲེས་པོ་འདི་ལ་ཚད་མཐོ་བའི་སྒོ་ནས་བསྔགས་བརྗོད་བྱས་པ་ཞིག་རེད།

དུས་རབས་ཉི་ཤུ་པའི་ལོ་རབས་སུམ་ཅུ་ཡི་མགོར། རྒན་ཉི་མ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་གི་བོད་ཁྱིམ་དཀྱུས་མ་ཞིག་ཏུ་སྐྱེས། 1943ལོར། རྒན་ཉི་མ་ལོ་བཅུ་ལ་སོན་མ་ཐག་ཡིན་མོད། བོད་སྨན་གྱི་མཁས་པའི་དབང་བོ་བློ་བཟང་ལུང་རྟོགས་རྒྱ་མཚོ་སློབ་དཔོན་དུ་བསྟེན་ཏེ་བོད་སྨན་སྦྱངས། དེའི་རྗེས་ཀྱི་ལོ་ངོ་ཉི་ཤུའི་རིང་ལ། ཁོང་གིས་སྔ་རྗེས་སུ་ཨ་ལགས་རྒྱ་ཡེ་དང་། སྨྱོ་སྐོར་མཆོག་གྲུབ། ཚུལ་ཁྲིམས་རྒྱ་མཚོ་བཅས་མིང་དུ་གྲགས་པའི་བོད་སྨན་གྱི་མཁས་དབང་དག་སློབ་དཔོན་དུ་བསྟེན། གསོ་རིག་མཁས་ཆེན་དག་གི་སློབ་སྟོན་དང་མཛུབ་ཁྲིད་ལ་བརྟེན་ནས་རྒན་ཉི་མའི་རྗེས་ཕྱོགས་ཀྱི་གསོ་རིག་སྨན་བཅོས་ཐད་རྨང་གཞི་བརྟན་པོ་བཞག་པར་མ་ཟད། ཁོང་གིས་མི་ཚེ་གང་བོར་བོད་ལུགས་གསོ་རིག་གཉེར་བའི་གདམ་ག་ཡང་རྙེད།

1983ལོར། རྒན་ཉི་མས་སྣེ་ཁྲིད་དེ་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་བཙུགས་པར་མ་ཟད། ཡོན་ཀྲང་གཞོན་པའི་འགན་ཡང་བཞེས། ཁོང་གིས་ལས་གྲོགས་རྣམས་ལ་སྣེ་ཁྲིད་དེ་ཐོག་དང་པོར་རང་ཞིང་གི་སྐོར་དང་པོའི་སྨན་སྣ་རྩ་ཆེན་ཏེ“མུ་ཏིག་བདུན་ཅུ”ཚོད་ལྟ་བྱས་ཏེ་ཐོན་སྐྱེད་བྱས་པར་མ་ཟད། ཞིང་ཆེན་ནང་ཁུལ་ནས་ཐོག་དང་པོར་གསོ་རིག་གི་ཕྱག་ལེན་ཆད་ལ་ཉེ་བའི་བོད་སྨན་གྱི་གསེར་དང་དངུལ། ཟངས། ལྕགས། དངུལ་ཆུ་བཅས་འདུལ་སྦྱོང་དང་ལས་སྣོན་བྱས་པ་ལེགས་འགྲུབ་བྱུང་ཞིང་། ཁོང་ནི་མཚོ་སྔོན་གྱི་བོད་སྨན་གསོ་རིག་ཆེད་མཁས་པར་གྱུར།

ལོ་མང་པོའི་རིང་ལ། ཁོང་གི་གསོ་རིག་ཀུན་སྤྱོད་བླ་ན་མེད་པ་དང་། གསོ་རིག་ལག་རྩལ་ཕུལ་དུ་བྱུང་བས། ཞིང་ཆེན་ཕྱི་ནང་གི་ནད་པ་མང་པོས་ཁོའི་སྙན་གྲགས་ཐོས་ནས་ནད་སྟོན་དུ་ཡོང་བའི་ནད་པ་ཧ་ཅང་མང་པོ་ཡོད་ལ། སྔ་དྲོ་ཞིག་གི་རིང་ལའང་ཁོང་གིས་ནད་པ་བཞི་བཅུ་ལྷག་ལ་ལྟ་བཞིན་ཡོད། དུས་རྒྱུན་རྒན་ཉི་མ་བྲེལ་བ་ཤིན་ཏུ་ཆེ་བས། ཆུ་ཁམ་གང་ཡང་འཐུང་ཁོམ་ཡང་མི་འདུག་ལ། ལས་ཚོགས་གྲོལ་བའི་དུས་སུ་སླེབས་ནའང་ནད་པར་ད་དུང་བལྟས་ཚར་གྱིན་མེད་པས། ལུས་ཐང་ཆད་དྲགས་མེད་ཚེ། ཁོས་ནམ་ཡང་ནད་ལ་བལྟས་ཏེ་ནད་པ་རྣམས་ཀྱི་འདོད་བློ་སྐོང་བཞིན་ཡོད།

དགུང་ལོ་དྲུག་བཅུའི་རྗེས་སུ། རྒན་ཉི་མ་ལགས་ཀྱིས་ཐེངས་གཉིས་ལ་ལས་འཁྱུར་ངལ་གསོ་ཕྱིར་བསྣུར་བྱས་ལ། ཐེངས་གཉིས་ལ་ཞིང་ཆེན་བོད་སྨན་ཁང་གིས་ཡང་བསྐྱར་གདན་ཞུ་བྱས་ཏེ་བོད་ལུགས་གསོ་རིག་གི་དབུ་འཛིན་ཆེད་མཁས་པའི་བྱ་བ་བསྒྲུབས། འོན་ཀྱང་ཁོང་གིས་ཕྱིར་གདན་ཞུ་བྱས་པའི་གླ་ཕོགས་གཏན་ནས་མ་བླངས།  ད་ལྟའི་བར། རྒན་ཉི་མས་སྔར་བཞིན་རེས་གཟའ་ཟླ་བ་དང་། ལྷག་པ། པ་སངས་ཉིན་སྒོ་བསྟེན་སྨན་ཁང་དུ་བོད་ལུགས་སྨན་བཅོས་ཀྱི་ནད་བརྟག་སྨན་བཅོས་ཀྱི་བྱ་བ་བསྒྲུབས་པ་དང་། རེས་གཟའ་མིག་དམར་དང། ཕུར་བུ། སྤེན་པ་ཉིན་བཅས་སུ་ནད་ཁང་དུ་ནད་པར་ལྟ་རུ་སོང་སྟེ། རང་གིས་བལྟས་པའི་ནད་པར་དངོས་སུ་སྨན་བཅོས་བསྐྱར་དུ་བྱེད་པ་རྒྱུན་འཁྱོངས་བྱས། ལོ་མང་པོའི་རིང་། རོང་འབྲོག་ས་ཁུལ་དང་དཔལ་འབྱོར་གྱི་ཆ་རྐྱེན་ཞན་པའི་ས་ཁུལ་ནས་ཐོན་པའི་ནད་པ་དང་། ཟི་ལིང་དུ་གཉེན་ཉེ་དང་གྲོགས་པོ་མེད་སྟབས་གནས་ཚང་གཡོར་ས་མེད་པའི་ནད་པར་འཕྲད་ཚེ་ཁོང་གིས་དེ་ཚོར་གནས་ཚང་གཡར་པ་དང་། རང་ནུས་གང་ཚོད་ཀྱིས་ཁོ་ཚོར་རོགས་སྐྱོར་དང་སྨན་བཅོས་བྱེད་བཞིན་ཡོད་པར་མ་ཟད། ཁོ་ཚོར་ཁ་ཟས་གཡོས་སྦྱོར་དང་། སྨན་རིན་ཡང་ཚབ་སྤྲོད་བྱེད་བཞིན་ཡོད། རགས་རྩིས་བྱས་ན། རྒན་ཉི་མ་ཁོ་རང་སྟེང་ནས་ནད་པ་དབུལ་བོའི་སྨན་རིན་ཇེ་ཉུང་དང་རིན་པ་མི་ལེན་པའམ། རོགས་སྐྱོར་ཞལ་འདེབས་བཅས་བྱས་པའི་སྨན་རིན་སྒོར་འབུམ་གཅིག་ལྷག་ལ་སླེབས།

རྒན་ཉི་མའི་སྣེ་ཁྲིད་འོག སྨན་ཁང་ཧྲིལ་པོའི་གཞན་ཕན་གྱི་ནུས་ཤུགས་ཀྱང་གོང་བུར་བསྒྲིལ། སྨན་བཅོས་མི་སྣ་དེ་ལས་མང་པོ་ཞིག་ཁོང་དང་ལྷན་དུ་དགེ་བའི་ལས་ལ་གཞོལ་ཏེ། ནད་པ་དཀའ་ཁག་ཅན་ལ་རོགས་རམ་བྱེད་བཞིན་འདུག

2017ལོའི་ཟླ་བདུན་པའི་ཚེས་དྲུག་ཉིན་གྱི་ཕྱི་དྲོར། གཟབ་རྒྱས་ལྡན་པའི་གདན་ཞུ་མཛད་སྒོ་ཞིག་བསྡུ་བཞིན་ཡོད། རྒན་ཉི་མས་མཚོ་སྔོན་སློབ་ཆེན་གྱིས་གནང་བའི་མཚོ་སྔོན་སློབ་ཆེན་གྱི་ཆེད་ཞུའི་དགེ་རྒན་ཆེན་མོ་དང་གསོ་རིག་སློབ་གླིང་གི་མཚན་འཛིན་ཡོན་ཀྲང་གི་དཔང་ཡིག་ལེན་སྐབས། མཚོ་སྔོན་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཡུས་ཧུང་ཞན་དགའ་སྤྲོའི་ངང“རྒྱལ་སྨན་ཆེན་མོའི་རྒྱབ་སྐྱོར་ཐོབ་པ་ན། མཚོ་སྔོན་སློབ་ཆེན་གྱིས་ཞིང་ཆེན་ཡོངས་དང་ཐ་ན་རྒྱལ་ཡོངས་ཀྱི་བོད་ལུགས་སྨན་བཅོས་ལས་རིགས་དང་མཉམ་ལས་བྱས་ཏེ། རྒྱལ་སྤྱིའི་བོད་ལུགས་ཀྱི་སྨན་རྫས་ཐོན་སྐྱེད་དང་། སློབ་སྦྱོང་། ཞིབ་འཇུག བེད་སྤྱོད་བཅས་གཞི་གཅིག་ཡིན་པའི་གནས་ཤིག་སྐྲུན་ཐུབ་པར་ང་རང་གདེང་ཚོད་ཡོད”ཅེས་བཤད་བྱུང་།

རྒན་ཉི་མར་བོད་ལུགས་ནད་བརྟག་སྨན་བཅོས་ཀྱི་ཕྱོགས་ནས་ཁྱད་འཕགས་ཀྱི་སྨན་བཅོས་ལག་རྩལ་དང་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད་པར་མ་ཟད། བོད་སྨན་ཚན་རིག་ཞིབ་འཇུག་གི་ཕྱོགས་ལའང་བྱས་རྗེས་ཆེན་པོ་བཞག་ཡོད། བོད་སྨན་འདུལ་སྦྱོང་དང་ཞིབ་འཇུག་གི་ཕྱོགས་ནས། ཁོས་སྨན་རྩྭ་འཐུ་བ་དང་། དབྱེ་འབྱེད། ལེགས་འདེམས། རྒྱུ་ཆ་སྡེབ་པ། རྒྱུ་ཆ་འཇོག་པ། ལས་སྣོན་དང་སྨན་བཟོ་བ། རྫས་སྣ་གསལ་འབྱེད་བཅས་ཀྱི་བརྒྱུད་རིམ་སོ་སོ་བྱང་ཆུབ་ཡོད། ཁོང་གིས་མགོ་འཛིན་དང་ཞིབ་འཇུག་གསར་བཟོ་བྱས་པའི་བོད་སྨན“མུ་ཏིག་བདུན་ཅུ”དང“གསེར་ཐལ”“ཨ་རུ་ར”ཨ་རུ་འདུལ་སྦྱོང་གི་ལག་རྩལ་བཅས་སྲོལ་རྒྱུན་གྱི་བོད་སྨན་ལས་གཞི་གསུམ་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་ལས་གཞིའི་ཁྲོད་བཞག

ལོ་མང་པོའི་རིང་ལ། དེ་ལས་མང་བ་དང་དེ་ལས་ལེགས་པར་ལས་སྣོན་བྱས་པའི་བོད་སྨན་ཞིབ་འཇུག་དང་གསར་སྤེལ་བྱ་ཆེད། རྒན་ཉི་མས་དངོས་སུ་རུ་ཁག་ཁྲིད་དེ་སྔ་གཞུག་ཏུ་མཚོ་ངོས་ལས་མཐོ་ཚད་ཆ་སྙོམས་ཀྱིས་མུས་བཞི་སྟོང་ཡན་ཡོད་པའི་བ་ཡན་ཧ་རི་དང་། པུའུ་ཨེར་ཧན་པུའུ་ཏ་རི་བོ། མདོ་ལ་རི་བོ། ཏ་པན་རི་བོ་སོགས་རི་བོ་ཆེན་པོ་བཅུ་ལྷག་འགྲིམ་པ་དང་། མཚོ་སྔོན་གྱི་སྐུ་འབུམ་དགོན་པ་དང་། ཀན་སུའུ་ཡི་བླ་བྲང་དགོན། དེ་མིན་གྲོ་ཚང་རྡོ་རྗེ་འཆང་བཅས་ཀྱི་དགོན་སྡེ་བཅུ་ལྷག་ལ་འདྲི་རྩད་དུ་སོང་སྟེ། བོད་སྨན་གྱི་སྨན་རྩྭ་འཚོལ་བསྡུ་དང་། བོད་སྨན་འདུལ་སྦྱོང་གི་ལག་ལེན་སློབ་སྦྱོང་བྱས་པ་བརྒྱུད། ནུས་པ་ཆེ་བའི་བོད་སྨན་གྱི་སྨན་སྣ་རབ་དང་རིམ་པ་ཞིག་ཐོན་སྐྱེད་བྱས། བོད་སྨན་གྱི་སྨན་སྣའི་ཐོན་རྫས་ཀྱི་རྒྱུ་སྤུས་དང་སྨན་ནུས་ཁག་ཐེག་ནན་ཏན་བྱ་ཆེད། ལོ་ན་ཧ་ཅང་བགྲེས་ནའང་། ད་ལྟ་སྔར་བཞིན་སྨན་རྩྭ་འཐུ་བ་རྒྱུན་འཁྱོངས་བྱས་ཡོད། ལོ་ངོ་དྲུག་བཅུའི་རིང་ལ། ཁོང་གིས་དངོས་སུ་བོད་སྨན་ཏུན་ཉིས་བརྒྱ་ལྷག་ལག་ལེན་དང་འདུལ་སྦྱོང་བྱས།

ད་ལྟའི་བར་རང་རྒྱལ་གྱི་རྒྱ་ཆེས་ཆེ་བའི་བོད་སྨན་གྱི་ཚད་ལྡན་ཡིག་ཆ《བོད་ཀྱི་གསོ་རིག་ཀུན་བཏུས》ཀྱི་དབུ་འཛིན་བློ་འདོན་པ་ཡིན་པའི་ཁོང་ཉིད་ཀྱིས། ཐོག་མཐའ་བར་གསུམ་དུ་ནན་བརྗོད་བྱ་དོན། བོད་ཀྱི་གསོ་རིག་འཕེལ་རྒྱས་སུ་གཏོང་ན་ཁྱད་ཆོས་རྒྱུན་འཛིན་དང་དར་སྤེལ་བྱ་དགོས་པར་མ་ཟད། དུས་བསྟུན་མདུན་བསྐྱོད་ཀྱང་བྱ་དགོས། ཁོང་གིས་སྔ་གོམ་སོར་གནས་དོར་ཏེ། སྔ་གཞུག་ཏུ《བོད་ཀྱི་གསོ་རིག་སྨན་ལུམ་གྱིས་དྲེག་གྲུམ་ནད་འགོག་ནུས་པ་སྙོམ་སྒྲིག་བྱེད་པའི་ནུས་པར་ཞིབ་འཇུག་བྱས་པ།》《བོད་ཀྱི་གསོ་རིག་གིས་མཆིན་ཚད་ཁ་པ་གསོ་བཅོས་ཀྱི་ནད་ཐོག་སྨན་ནུས་ལ་ལྟ་ཞིབ་བྱས་པ།》《ཀྲུང་གོའི་བོད་ཀྱི་གསོ་རིག་ཀུན་བཏུས་དཔེ་དེབ•བོད་ཀྱི་གསོ་རིག》བཅས་བོད་ཀྱི་གསོ་རིག་གསུང་རྩོམ་དང་། ལག་རྩལ་གྱི་ཚད་གཞི་བཅས་ཀྱི(རྩོམ་ཡིག)བརྒྱ་ཡན་གྱི་རྩོམ་སྒྲིག་གི་བྱ་བའི་ནང་ཞུགས། བོད་ཀྱི་གསོ་རིག་ལས་རིགས་ཐད་ཤུགས་རྐྱེན་ངེས་ཅན་བཟོས་པ་དང་ནད་ཐོག་ཚན་རིག་ཞིབ་འཇུག་བེད་སྤྱོད་ཀྱི་རིན་ཐང་ངེས་ཅན་ལྡན། ཁོང་གིས་སྔ་གཞུག་ཏུ་རྩོམ་སྒྲིག་དང་ཞིབ་འཇུག་གསར་སྤེལ་བྱས་པའི་ཞིང་ཆེན་གྱི་པུའུ་རིམ་པའི་ཚན་རིག་ཞིབ་འཇུག་གི་ལས་གཞི་བཅོ་ལྔ་ལ་ཞིང་ཆེན་རིམ་པའི་ཚན་རྩལ་གྲུབ་འབྲས་ཀྱི་བྱ་དགའ་ཐོབ།

ལོ་མང་པོའི་རིང་ལ། རྒན་ཉི་མས་སྤེལ་རོགས་ཁྲིད་གསུམ་གྱི་ལམ་ནས་སློབ་ཁྲིད་དང་། གསོ་སྐྱོང་བྱས་པའི་བོད་ཀྱི་གསོ་རིག་འཇོན་མི་སུམ་བརྒྱ་བཅུ་ལྷག་ཡོད་པ་རེད། རྒྱལ་ཡོངས་ཀྱི་ཀྲུང་ལུགས་སྨན་པ་ཆེད་མཁས་རྒན་པའི་རིག་གཞུང་ཉམས་མྱོང་རྒྱུན་འཛིན་བྱ་བའི་མཛུབ་སྟོན་དགེ་རྒན་ཕུལ་བྱུང་ཅན་དུ་དཔྱད་བསྡུར་གཏན་འབེབས་བྱས་པ་དང་། མཚོ་སྔོན་སློབ་ཆེན་བོད་ཀྱི་གསོ་རིག་སློབ་གླིང་གི་འབུམ་རམས་སློབ་མའི་སློབ་དཔོན་གྱི་འགན་ཡང་བཞེས་ཡོད་པར་མ་ཟད། སྔ་གཞུག་ཏུ“ཞིང་ཆེན་ཡོངས་ཀྱི་ཀྲུང་ལུགས་བོད་སྨན་ཆེད་མཁས་རྒན་པའི་རིག་གཞུང་ཉམས་མྱོང་གི་རྒྱུན་འཛིན་བྱ་བའི་མཛུབ་སྟོན་དགེ་རྒན”གྱི་མཚན་སྙན་ཐོབ་ལ། “ཀྲུང་ལུགས་བོད་སྨན་འཇོན་མི་གསོ་སྐྱོང་གི་བྱས་རྗེས་བྱ་དགའ”སོགས་ཐོབ།

རྒན་ཉི་མར་མཚོན་ན། “རྒྱལ་སྨན་ཆེན་མོ”ཡི་གཟི་བརྗིད་མཚན་སྙན་ཐོབ་པ་ནི་མགོ་ཚུགས་ས་གསར་པ་ཞིག་ལས་མ་འདས། “ངས་སྨན་པའི་བྱ་བ་བསྒྲུབས་པའི་ལོ་ངོ་དྲུག་ཅུ་ཡི་བརྒྱུད་རིམ་ཁྲོད། ཏང་དང་ངའི་ནད་པ་ཚོས་ང་རང་གསོ་སྐྱོང་བྱས། ང་རང་ལ་གཟི་བརྗིད་ཆེན་པོ་བསྩལ། དེ་བས་ངས་རང་ནུས་གང་ཚོད་ཀྱིས་སྤྱི་ཚོགས་ལ་དྲིན་གཟོ་དགོས”ཟེར།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།