འབྲོག་པ་རྡོ་བྷོའི་ཕྱུག་བསྒྱུར་གྱི་ལམ་བུ།
2018.09.17 ཁུངས། མཚ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 97

འབྲོག་པ་རྡོ་བྷོའི་མིང་ཧྲིལ་པོར་རྡོ་རྗེ་རྒྱལ་ཟེར་ཞིང་། ཆུང་དུས་ནས་གཅེས་མིང་ལ་རྡོ་བྷོ་ཞེས་བོས་པས། ད་ལྟ་ཀུན་གྱིས་རྡོ་བྷོ་ཞེས་འབོད་ལོབས་སུ་སོང་ཡོད། ཁོ་ནི་གཟུགས་བོང་ཆུང་ཞིང་མིག་གཉིས་ཆེ་ལ། སྨྲ་བ་ཉུང་ཞིང་གདོང་ནི་འཛུམ་ཤིག་གེར་སྡོད་པ་ཞིག་སྟེ། མགོ་ལོག་ཁུལ་རྨ་ཆེན་རྫོང་གངས་རི་ཞང་རུ་ཆེན་དང་པོ་རུ་ཆུང་གཉིས་པའི་མི་རེད། ད་ལྟ། ཁོ་ནི་མགོ་ལོག་ཁུལ་དུ་ཡོད་པའི་སྒུ་རི་མགྲོན་ཁང་གི་སྦྱིན་བདག་ཏུ་གྱུར་ནས་ལོ་ཁ་ཤས་འགོར་ཅིང་། ཁོས་བཤད་ན་མགྲོན་ཁང་དེ་ནི་སྲིད་ཇུས་བཟང་བོའི་བཀའ་དྲིན་འོག ཁོ་རང་གི་རྔུལ་ཁྲག་ལ་བརྗེས་ནས་གཉེར་ཡོང་བ་ཞིག་ཡིན་ཟེར།

རྡོ་བྷོ་ནི་ཆུང་ཆུང་བྱིས་པའི་དུས་ནས་འབའ་འབའ་ལུ་གུའི་རྗེས་འབྲངས་ཏེ་འཚར་ལོངས་བྱུང་བ་ཞིག་ཡིན་ལ། ཁོ་ཚང་ལ་རྩྭ་ས་ཆུང་ཆུང་ཞིག་དང་ནོར་ལུག་འགའ་ལས་མེད། ཁོ་ནི་ཁོ་ཚང་གི་བུ་གཅིག་པུ་ཡིན་པར་བརྟེན་ཕ་མའི་སེམས་ཀྱི་རེ་ལྟོས་བྱེད་ས་ཡིན་ཞིང་། ཁོས་ཕྱུགས་ཟོག་འཚོ་སྐྱོང་ལེགས་པོ་ཞིག་བྱས་ཏེ་ཁྱིམ་ཚང་གི་འགན་ཁུར་ཕྲག་ཏུ་ལེན་རྒྱུ་ནི་ཕ་མའི་རེ་བ་ཉག་གཅིག་ཀྱང་རེད། རྡོ་བྷོས་ཀྱང་དེ་ནི་རང་གིས་ངེས་པར་འཁུར་དགོས་པའི་འགན་ཁུར་ཡིན་སྙམ་ཏེ་ནངས་སྔ་ལངས་དང་དགོང་འཕྱི་ཉལ་གྱིས་ཕྱུགས་ཟོག་གི་རྗེས་འབྲངས་ཏེ་བྱིས་དུས་ཀྱི་དྲན་པ་མ་ལུས་ཕྱུགས་ཁྱུའི་རྗེས་སུ་བསྐྱུར་ཅིང་། སློབ་གྲྭ་ཞེས་པའི་རིག་པའི་གནས་ལྔ་ལ་སྦྱངས་སའི་ཡུལ་དེ་ནི་སྨོན་པའི་ཡུལ་ཞིག་ལས་རང་ཉིད་ཀྱི་གོམ་ཁ་སྒྱུར་ས་ཞིག་གཏན་ནས་མིན་པར་འདོད་ཡོད། དེ་ནི་རྡོ་བྷོས“སྐབས་དེར། ནོར་ལུག་ཆ་བོ་འཚོ་སྐྱོང་ཡག་པོ་ཞིག་བྱེད་རྒྱུ་ནི་རང་གི་འགན་ཁུར་དང་པོར་བརྩིས་པ་ཡིན། སློབ་གྲྭར་འགྲོ་རྒྱུ་ནི་ཡིད་ལའང་དྲན་མ་ཐུབ། ནོར་ལུག་འཚོ་སྐྱོང་ཡག་པོ་ཞིག་བྱས་ནས་ནོར་ལུག་གི་ཁ་གྲངས་ཇེ་མང་དུ་སོང་ཚེ་དགའ་སྤྲོ་ཆེན་པོ་སྐྱེས་པ་ཡིན”ཞེས་ཁོ་རང་གི་ཆུང་དུས་ཀྱི་ལོ་ཟླ་ལ་དེ་ལྟ་བུའི་སྡོམ་ཚིག་ཅིག་བཀོད་པ་ལས་ཀྱང་ཤེས་ཐུབ།

རྡོ་བྷོའི་ཆུང་དུས་ཀྱི་ལོ་ཟླ་ཕྱུགས་ཟོག་གི་རྗེས་སུ་ཟད་ནའང་། ཁོ་རིམ་བཞིན་འཚར་ལོངས་བྱུང་སྟེ། བློ་ཕ་ལ་མི་འདྲི་བ་དང་ཟས་མ་ལ་མི་སློང་བའི་ལོ་ཚོད་དེ་ཕོ་ལོ་བཅོ་བརྒྱད་ཀྱི་ཐེམ་སྐས་བརྒལ་བ་ནས་བཟུང་། ཁོས་ཀྱང་དུས་རྟག་པར་ཕྱུགས་ཟོག་ཁོ་ན་ལ་བརྟེན་ན་ནི་ལྟོ་རྒྱབ་ཙམ་ལས་འཚོ་བའི་ལོངས་སྤྱོད་གཏན་དུ་འཕེལ་མི་སྲིད་པ་དང་། ཡང་གཅིག་བཤད་ན་བཟའ་མགོ་གྲངས་ཇེ་མང་ཡིན་པས་རྩྭ་ས་ཆུང་ཆུང་འདི་ཁོ་ནར་བརྟེན་ནས་སྡོད་མི་རུང་བར། ད་ནི་ཅིས་ཀྱང་ལག་རྩལ་ཞིག་བསླབས་ནས་ཡོང་སྒོ་འཚོལ་བའི་ཐབས་ལམ་ཞིག་རྙེད་དགོས་ཞེས་ཐེངས་གཅིག་མིན་དུ་ཡིད་ལ་འཁོར་མྱོང་། དེ་བས་ཉིན་ཞིག་ཁོས་རང་གི་འདོད་ཚུལ་དེ་ཨ་ཕར་བཤད་པ་ན། ཨ་ཕ་ཡང་ཁོའི་དྲན་ཚུལ་ལ་འཐད་པ་བྱུང་ཞིང་། སྐབས་དེར། ཁོ་ཚང་གི་ཨ་ཁུ་ཞིག་གིས་ཟོང་སྐྱེལ་རླངས་འཁོར་བསྐོར་བཞིན་ཡོད་པས། ཁོ་རང་དེའི་རྗེས་སུ་འབྲངས་ནས་ལོ་གཅིག་ཙམ་རིང་རླངས་འཁོར་བསྐོར་སྲོལ་བསླབས་པ་དང་། རྗེས་སུ་རང་ཉིད་ཀྱིས་རླངས་འཁོར་བསྐོར་བའི་དཔང་ཡིག་བླངས་པ་ན། ཕ་བུ་གཉིས་ཀས་སྔ་མོ་ནས་འཆར་གཞི་བཟོས་ཡོད་པའི་ཟོང་སྐྱེལ་རླངས་འཁོར་ཞིག་ཉོ་རྒྱུའི་གྲ་སྒྲིག་བྱས། ཡིན་ནའང་ཟོང་སྐྱེལ་རླངས་འཁོར་ཞིག་ཉོ་བར་མ་མཐའ་ཡང་སྒོར་ཁྲི་གསུམ་བཞི་ཞིག་དགོས་པས། སྐབས་དེར་ཁོ་ཚང་ལ་མཚོན་ན་དེ་ནི་བློས་དཔོག་མི་ཐུབ་པའི་གྲངས་ཀ་ཞིག་ཡིན་མོད། འོན་ཀྱང་ཕ་བུ་གཉིས་ཀ་ཡར་རྒྱུག་མར་རྒྱུག་བྱས་མཐར་སྒོར་ཁྲི་གསུམ་གྱི་དངུལ་བུན་རེག་པས་ཟོང་སྐྱེལ་རླངས་འཁོར་ཞིག་ཉོས་པ་རེད། ཟོང་སྐྱེལ་རླངས་འཁོར་ཉོས་མ་ཐག་ཏུ་རྡོ་བྷོར་དགའ་སྤྲོ་དཔག་མེད་ཅིག་སྐྱེས་ནའང་། དེ་ནི་སྐད་ཅིག་ཙམ་ཡིན་ཏེ། ཕྱིས་ཀྱི་ལོ་ཟླ་རིང་མོའི་དཀའ་ཚེགས་ཁྲོད། རྡོ་བློའི་གདོང་ལ་ཡང་རྒས་མ་རན་གོང་ལ་གཉེར་རིས་ཤིག་བསྣན་འདུག དེ་ནི་རྡོ་བྷོས“རླངས་འཁོར་ཉོས་པ་ནས་བཟུང་ཕྱུགས་ཟོག་འཚོས་པ་ལས་ཀྱང་དཀའ་སྡུག་རབ་དང་རིམ་པ་ཞིག་མྱངས་མྱོང”ཟེར་བ་བཞིན། རླངས་འཁོར་ཉོས་རྗེས་ཁོས་ཟི་ལིང་ནས་མགོ་ལོག་བར་དངོས་ཟོང་སྐྱེལ་འདྲེན་བྱས་ཤིང་། སྐབས་དེར་ད་ལྟ་བཞིན་མྱུར་བགྲོད་གཞུང་ལམ་མེད་ལ། གཞུང་ལམ་ཡོད་ཀྱང་བདེ་མོ་ཤར་སེ་གཏོང་ཐུབ་པ་ཞིག་ག་ལ་ཡིན། དེ་བས། མཚམས་མཚམས་སུ་ཆར་ཞོད་དང་ཁ་བ་ཆེན་པོ་འབབ་པའི་དུས་སུ་མདུན་དུ་བགྲོད་ཐབས་མེད་པར་ལམ་སྐེད་ནས་གཞུང་ལམ་སྟེང་ཞག་ཏུ་ལུས་པའང་གྲངས་མེད་ཡིན་ཟེར། སྐབས་དེའི་རྣམ་པ་ཕྱིར་དྲན་བྱེད་སྐབས་རྡོ་བྷོའི་གདོང་གི་འཛུམ་མདངས་ཀྱང་གར་སོང་ཆ་མེད་དུ་གྱུར་ཅིང་། ཁོས་ཡུད་ཙམ་ལ་མགོ་བོ་སྨད་རྗེས“ཆེས་བརྗེད་རྒྱུ་མེད་པ་ནི1996ལོའི་དགུན་ཁའི་མཚན་མོ་ཞིག་ལ། ཁྲི་ཀའི་མུ་རྒྱུད་ཀྱི་སྒོ་མེ་ལ་རུ་ཞག་གང་བོར་ལུས་སོང་བ་དེ་རེད། གྲང་ལྟོགས་གཉིས་ཀ་མྱངས་བ་ད་དུང་ཡང་དེ་རིང་བྱུང་བ་ལྟ་བུ་ཞིག་རེད”ཅེས་དབུགས་རིང་ནར་ནར་དུ་འབྱིན་པ་དང་། སྐབས་དེ་དག་ཏུ་ཁོས་དཀའ་སྡུག་ཇི་འདྲ་ཞིག་མྱངས་པ་ནི་གདོང་གི་རྣམ་འགྱུར་དང་དབུགས་རིང་ནར་ནར་དུ་འབྱིན་པ་ལས་ཀྱང་ངང་གིས་ཤེས་ཡོང་།

ཡིན་ཡང་བརྩོན་འགྲུས་ཅན་གྱིས་ཅི་ཡང་ནུས་ཟེར་བ་བཞིན། རྡོ་བྷོས་དེ་ལྟར་དཀའ་སྡུག་ཇི་འདྲ་མྱངས་རུང་། ཁོའི་དང་ཐོག་གི་འདུན་པར་གཡོ་བ་སྤུ་ཙམ་ཡང་བྱུང་མ་མྱོང་། ཁོས་ལོ་ངོ་བཅུ་ཕྲག་ལ་ཟོང་སྐྱེལ་རླངས་འཁོར་གཉིས་གསུམ་ཞིག་བརྗེས་ནས་དཀའ་བ་བསྐྱེད་མཐར། ཁྱིམ་ཚང་གི་ཆ་རྐྱེན་ཡང་སྔར་ལས་ལྡབ་འགྱུར་གྱིས་ཇེ་བཟང་ལ་སོང་ཞིང་། ཁོ་ཡང་ཕོ་ལོ་བཅོ་བརྒྱད་ནས་བྱིས་པ་གཉིས་ཀྱི་ཨ་ཕར་གྱུར་ལ། མཐོང་རྒྱ་དང་མིག་རྒྱ་ཡང་སྔར་ལས་ལྡབ་འགྱུར་གྱིས་བསྐྱེད། རིམ་བཞིན་ཁོས་ཀྱང་ཚོང་གཉེར་གྱི་ཐབས་ལམ་གཞན་ཞིག་འཚོལ་མགོ་བརྩམས་ཤིང་། དང་ཐོག་ཁོས་རང་ལ་བསགས་དངུལ་ཉུང་ཙམ་ཡོད་པའི་སྟེང་ཕྱོགས་ཡར་མར་ནས་སྒོར་ཁྲི་འགའ་བསྐྱིས་ཏེ་མགོ་ལོག་ཁུལ་ཐོག་ཏུ་མུའུ4ཅན་གྱི་ས་སྟོང་ཞིག་ཉོས་པ་དང་། དེར་རླངས་འཁོར་ཞིག་གསོ་ཁང་ཞིག་ལས་རྗེས་དང་ཐོག་གི་ལག་རྩལ་པ་གཉིས་ནས་ད་ལྟའི་ལག་རྩལ་པ་དང་ལག་རོགས་པ་བཅུ་གྲངས་ལྷག་ལ་རྒྱ་བསྐྱེད་ཅིང་། ཆེ་བ་རླངས་འཁོར་ནས་ཆུང་བ་སྦག་སྦག་འཁོར་ལོའི་བར་དུ་ཞིག་གསོ་བྱེད་ཀྱིན་ཡོད་ལ། དེར་བརྟེན་ནས་ཁོས་ཡོང་སྒོའང་མི་དམན་པ་ཞིག་བླངས་པ་རེད། ཡིན་ནའང་ཁོ་ནི་མིག་སྔའི་ཡོང་སྒོ་ཙམ་ལ་ཡིད་ཚིམས་ནས་སྡོད་མཁན་ཞིག་མིན་པར། དུས་ནམ་ཡང་མདུན་དུ་སྐྱོད་མཁན་དང་ཡར་སྐྱེད་ཀྱི་ངར་ཤུགས་ལྷོག་ལྷོག་ཏུ་འཕྱུར་མཁན་ཞིག་ཡིན་པས། རླངས་འཁོར་ཞིག་གསོ་ཁང་ཁོ་ན་གཉེར་རྒྱུ་ནི་ཁོའི་མཐའ་མཇུག་གི་རེ་བ་ག་ལ་ཡིན། དེ་བས། ཁོས་སྔ་མོ་ནས་འཆར་གཞི་བཟོས་པ་ལྟར་རླངས་འཁོར་ཞིག་གསོ་ཁང་གི་གཞོགས་གཅིག་སྟོང་བར་ལུས་ཡོད་པ་དེར་མགྲོན་ཁང་ཆུང་ཆུང་ཞིག་ལས་རྒྱུའི་སེམས་ཐག་བཅད་པ་ན། ཁུལ་ཡིད་རྟོན་དངུལ་ཁང་དུ་སོང་ནས་སྒོར་ཁྲི30ཡི་དངུལ་བུན་བླངས་རྗེས། སུམ་ཐོག་ཅན་གྱི་མགྲོན་ཁང་ཆུང་ཆུང་ཞིག་ལས་པ་དང་། ཐོག་མའི་བསམ་ཚུལ་ལྟར་རང་སྡེ་བ་དང་ཉེ་འཁོར་གྱི་ཞབས་ཞུ་པ་འགའ་བསྡུས་ནས་མགྲོན་ཁང་གཉེར་མགོ་བརྩམས། གསར་འགོད་པས་ཁྱོད་ནི་དངོས་གནས་མི་བཀོད་པ་ཅན་ཞིག་རེད་ཅེས་བསྔགས་བརྗོད་བྱེད་སྐབས། ཁོས་ཁེངས་སྐྱུང་དང་བཅས“མིན་མིན། གཙོ་བོ་རྒྱལ་ཁབ་ཀྱི་སྲིད་ཇུས་ཡག་སོང་ནི་རེད། མིན་ཚེ་ང་ལྟ་བུ་ཞིག་གིས་ཡིད་རྟོན་དངུལ་ཁང་ནས་དངུལ་བུན་ལེན་རྒྱུ་དཀའ་མོ་རེད། རྒྱལ་ཁབ་ཀྱིས་ང་ཚོར་འདི་ལྟར་རྒྱབ་སྐྱོར་བྱེད་པས། ང་ཚོ་ལའང་ཤུ་རེ་བྱེད་རྒྱུའི་སྙིང་སྟོབས་ཡོད་ཀི”ཞེས་ཁ་མིན་སེམས་ཀྱིས་དྲིན་ཅན་དྲིན་དུ་ཚོར་བའི་སྐད་ཆ་ཞིག་བཤད་བྱུང་།

རྡོ་བྷོའི་ཕྱུག་སྒྱུར་གྱི་ལམ་བུ་ནི་དེ་འདྲའི་གཏམ་རྒྱུད་དང་ལྡན་པ་ཞིག་རེད་ལ། ཁོའི་དཀའ་སྤྱད་ཀྱི་ས་བོན་ལ་གསེར་མདོག་གི་འབྲས་བུ་སྨིན་ཡོད་པའང་མིག་ཐོགས་ལག་ཟིན་རེད། ཁོའི་གྲུབ་འབྲས་དེ་དག་ལས་ཀྱང་ཆེས་གླེང་རིན་ལྡན་པ་ནི2015ལོར་ཁོ་རང་ཀྲུང་གོ་ཞིང་སྡེའི་ན་གཞོན་ཕྱུག་སྒྱུར་སྣེ་ཁྲིད་པའི་མཐུན་ཚོགས་ནང་ཚུད་པ་དེ་རེད་ལ། དེ་ནི་ཁོས་རང་ཉིད་ཀྱི་ལྟོ་རྒྱབ་གནད་དོན་ཐག་གཅོད་པ་ཙམ་ལས་འགོངས་ཏེ་རང་སའི་མང་ཚོགས་ཕྱུག་སྒྱུར་གྱི་ལམ་དུ་སྐྱོད་པར་རོགས་འདེགས་དང་སྣེ་ཁྲིད་བྱས་དང་བྱེད་མུས་སུ་ཡོད་པའི་དན་རྟགས་ཡིན་ལ། དེར་ཁོ་རང་གིས་ཀྱང“རྗེས་ཕྱོགས་ཆ་རྐྱེན་འཛོམས་ན་མགྲོན་ཁང་གི་རྒྱ་ཇེ་ཆེར་བཏང་ནས། རང་སའི་མི་གང་མང་ལས་ཞུགས་བྱེད་པར་ལས་རྐང་འདོན་སྤྲོད་བྱ་རྒྱུ་ཡིན་ལ། རང་གི་ནུས་ཚོད་ཀྱིས་སེམས་ཅན་ལ་ཕན་ཞིག་འདོགས་ཐུབ་ན་བསམ་གི་ཡོད”ཅེས་དྲན་ཚུལ་ངོ་མ་བོ་བཤད་བྱུང་།

རྡོ་བྷོའི་ལྷག་བསམ་དྲོན་མོའི་སྨོན་འདུན་དང་མཉམ་དུ་ང་ཚོའི་བཅར་འདྲི་མཇུག་རྫོགས་ལ་ཉེ་ཞིང་། རྡོ་བྷོ་ནི1979ལོ་སྟེ་བཅོས་བསྒྱུར་སྒོ་འབྱེད་ཀྱི་རྦ་རླབས་ཀྲུང་གོའི་འཛིན་མའི་ཁྱོན་དུ་འཕྱུར་མགོ་བརྩམས་པའི་ལོ་དེར་སྐྱེས་ཤིང་། ཁོ་ནི་ཀྲུང་གོས་ཕྱོགས་སྒོ་མོ་ཀུན་ནས་བཅོས་བསྒྱུར་བྱས་པ་དང་བསྡོངས་ནས་འཚར་ལོངས་བྱུང་མཁན་ཞིག་ཡིན་ལ། བཅོས་བསྒྱུར་སྒོ་འབྱེད་དང་བསྡོངས་ནས་ཀྲུང་གོའི་ཕྱོགས་ཡོངས་དར་རྒྱས་གོང་འཕེལ་གཏོང་བ་དང་མཉམ་དུ་ཕྱུག་སྒྱུར་གྱི་ལམ་བུར་སྤོས་མཁན་ཞིག་ཀྱང་ཡིན། སླད་མར་ཡང་། རང་རེ་རྒྱལ་ཁབ་ཀྱིས་ཚོང་གཉེར་སྣ་མང་ཅན་དར་སྤེལ་དང་དམངས་གཉེར་ཁེ་ལས་ལ་རྒྱབ་སྐྱོར་ཆེན་པོ་བྱེད་པའི་སྲིད་ཇུས་ཀྱི་འོད་སྣང་ཕྱོགས་བཞིར་འཕྲོས་པ་དང་ཆབས་ཅིག ཁོའི་ཚོང་གཉེར་གྱི་མདུན་ལམ་རྒྱ་ཇེ་ཆེ་དང་ཁོད་ཇེ་ཡངས་སུ་སོང་སྟེ་དབུལ་ཐར་ཕྱུག་སྒྱུར་གྱི་སྣེ་ཁྲིད་པ་མིང་དོན་དང་མཚུངས་པ་ཞིག་ཏུ་འགྱུར་རྒྱུའི་རེ་བ་ཤིན་ཏུ་ཆེ།

རྩོམ་སྒྲིག་པ། རྟ་མགྲིན་སྐྱབས།