མཐོ་སྒང་གི་སྨན་པ་བཟང་བོ་ཤེས་རབ་སྐྱིད།
2018.09.18 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 93

—ནང་ཆེན་རྫོང་ལྕི་ཉིན་སྲིབ་ཞང་འཕྲོད་བསྟེན་ཁང་གི་འཕོ་འགྱུར་གླེང་བ།

སྨན་པ་ཤེས་རབ་སྐྱིད་དང་འཕྲད་དུས། ཏག་ཏག་ཉིན་གུང་ཡོལ་ནས་ཕྱི་དྲོའི་དུས་ཚོད་གཉིས་ཡས་མས་ཤིག་རེད། སྐབས་དེར། ཁོ་མོའི་ལུས་ལ་བོད་ལྭ་གྲལ་དག་ཅིག་གྱོན་ཡོད་པ་དང་། འགྲམ་པའི་མཁུར་ཚོས་ལ་དམར་མདངས་རྒྱས་ཤིང་གདོང་ལ་འཛུམ་གྱིས་ཁེངས་ཡོད་པས། བལྟས་ཚོད་ཀྱིས་བོད་རིགས་བུད་མེད་སྤྱི་ལ་མངའ་བའི་བབ་ཆགས་དང་ཞི་འཇམ་གྱི་ཐུན་མིན་གཤིས་ཀ་ཞིག་ཁོ་མོའི་རྒྱུད་ལ་མ་བཅོས་རང་ཤུགས་ཀྱིས་གྲུབ་འདུག

བུད་མེད་སྨན་པ་ཤེས་རབ་སྐྱིད་ནི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་ལྕི་ཉིན་སྲིབ་ཞང་འཕྲོད་བསྟེན་ཁང་གི་ཡོན་ཀྲང་ཡིན་ལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས2017ལོའི་ཟླ་བཅུ་གཅིག་པར་ལོ་རེའི་ཟླ་བརྒྱད་པའི་ཚེས་བཅུ་དགུ་ཉིན་ནི“ཀྲུང་གོའི་སྨན་པའི་དུས་ཆེན”དུ་གཏན་འཁེལ་བྱས་ཤིང་། “ཀྲུང་གོའི་སྨན་པའི་དུས་ཆེན”ཐོག་མ་སྟེ་ད་ལོའི་ཟླ་བརྒྱད་པའི་ཚེས་ཚེས་བཅུ་དགུ་ཉིན། ཁོ་མོར“མཐོ་སྒང་གི་སྨན་པ་བཟང་པོ”ཞེས་པའི་གཟི་བརྗིད་མཚན་སྙན་ཐོབ་ཅིང་། ནང་ཆེན་རྫོང་དུ་གཟི་བརྗིད་མཚན་སྙན་འདི་ཐོབ་མཁན་གྱི་སྨན་པ་གཅིག་པུ་རེད། ཁོ་མོས་མཚམས་སྦྱོར་བྱས་པ་ལྟར་ན། མོ་རང1998ལོར་ཡུས་ཧྲུའུ་ཁུལ་འཕྲོད་བསྟེན་སློབ་གྲྭ་ནས་སློབ་མཐར་ཕྱིན་ཞིང་། སྐབས་དེ་ནས་བཟུང་ལྕི་ཉིན་སྲིབ་ཞང་འཕྲོད་བསྟེན་ཁང་དུ་ལས་བགོས་བྱས་ཏེ་ད་ལྟའི་བར་མི་ལོ་ཉི་ཤུ་འགོར་བར་བཤད།

གསར་འགོད་པས་ཁོ་ཚོའི་འཕྲོད་བསྟེན་ཁང་གི་སྔོན་ཆད་དང་ད་ལྟའི་འགྱུར་ལྡོག་ཤེས་འདོད་ཀྱི་བློས་ཀུན་ནས་དྲངས་ཏེ། ཁོ་མོར་དང་ཐོག་མོ་རང་ལྕི་ཉིན་སྲིབ་ཞང་འཕྲོད་བསྟེན་ཁང་དུ་བྱ་བར་ཞུགས་སྐབས་ཀྱི་གནས་ཚུལ་སོགས་དྲིས་པ་ན། ཁོ་མོས་བཤད་རྒྱུར། སྐབས་དེར། ལྕི་ཉིན་སྲིབ་ཞང་འཕྲོད་བསྟེན་ཁང་དུ་སྨན་པ་མོ་རང་གཅིག་པུ་ལས་མེད་ལ། འཕྲོད་བསྟེན་ཁང་གི་ཁང་པའང་ཁང་མིག་གྱན་གསུམ་ཅན་གྱི་ཁང་ལེབ་ཅིག་ཡིན། དེ་དུས་ཁོ་མོས་ཞང་མི་དམངས་སྲིད་གཞུང་དང་མཉམ་དུ་བྱ་བ་སྒྲུབ་དགོས་པ་དང་། བྱ་བ་གཙོ་བོ་ནི་ལྕི་ཉིན་སྲིབ་ཞང་གི་སྡེ་བ་བཞི་སྟེ་ལ་གོང་སྡེ་བ་དང་ཝ་རྫོ་སྡེ་བ། ལྕི་ལེ་སྡེ་བ། རྨེ་ཆུ་སྡེ་བ་བཅས་སུ་སོང་སྟེ་སྡེ་དམངས་རྣམས་ལ་རིན་མེད་སྒོས་སྨན་སྟེར་རྒྱུ་དེ་ཡིན། སྨན་ཀྱི་རིགས་གཙོ་ཆེ་བ་རྩྭ་སྨན་གྱི་རིགས་ཡིན་ལ། ཕྱི་ཐུམ་བརྒྱབ་ཡོད་པའི་ནུབ་སྨན་གྱི་རིགས་ཕལ་ཆེར་རེ་གཉིས་ཙམ་ལས་མེད། ནད་པ་སྨན་ཁང་ནས་ཞག་སྡོད་བྱེད་དགོས་ན་ངེས་པར་དུ་རྫོང་ཐོག་ཏུ་འགྲོ་དགོས། གཞན་འདིར་ད་དུང་གླེང་རིན་ཡོད་པ་ཞིག་ནི། ཞང་མི་དམངས་སྲིད་གཞུང་ཡོད་སའི་ལ་གོང་སྡེ་བ་མ་གཏོགས་པའི་སྡེ་བ་གཞན་གསུམ་ལ་སྨན་སྟེར་དུ་འགྲོ་དགོས་ཚེ། རྟར་ཞོན་ནས་དུས་ཚོད་ལྔ་ཡས་མས་ཀྱི་ལམ་ཐག་བརྒྱུད་དགོས་ཤིང་། ལམ་བར་ནས་ལྕི་ཆུ་བརྒལ་དགོས། སྐབས་དེར། ལྕི་ཆུ་ལ་ཟམ་པ་མེད་པས་ཆུ་བོའི་ཕ་རོལ་དུ་བརྒལ་དགོས་ན་ལྕགས་སྐུད་བསྒྲིམས་ཐག་ལ་བརྟེན་ནས་བརྒལ་དགོས་པ་དང་། ཆུ་བོར་བརྒལ་རྗེས་མུ་མཐུད་དུ་རྟར་ཞོན་ཏེ་ལམ་ལ་ཆས་དགོས། འདི་ལྟར་ཁོ་མོས་སྔོན་ཆད་ཀྱི་ལོ་ཟླར་ཕྱིར་དྲན་བྱེད་བཞིན་གོ་རིམ་ལྡན་པའི་ངང་སྐབས་དེའི་གནས་ཚུལ་ལྷུག་ལྷུག་ཏུ་བརྗོད་ཡོང་དུས། སྐྱ་ཟད་སྔོ་སྡུག་གི་འཚོ་བའི་རི་མོ་གསལ་ལ་མི་གསལ་བ་ཞིག་ང་ཚོའི་མིག་ལམ་དུ་སྣང་ཐུབ་ལ། ལྷག་པར་དུ་ཁོ་ཚོ་ལྕི་ཆུར་བརྒལ་ཚུལ་གྱི་རྣམ་པ་དེ་བརྗོད་པ་ན། སེམས་སུ་དབང་མེད་དུ་སྐྱི་གཡའ་བའི་འཇིགས་སྣང་ཞིག་ཀྱང་སྐྱེས་འོང་། གཞན་ད་དུང་སྐབས་དེར་མང་ཚོགས་ཀྱི་འཕྲོད་བསྟེན་འདུ་ཤེས་དང་། ནད་བྱུང་ཚེ་དུས་ཐོག་ཏུ་སྨན་ཁང་དུ་སོང་སྟེ་ནད་ལ་སྟོན་པ་དང་སྨན་བཅོས་བྱེད་པའི་འདུ་ཤེས་ཧ་ཅང་ཞན་ལ། དེའི་ཁར་འགྲིམ་འགྲུལ་སྟབས་ཀྱང་མི་བདེ་བས། སྲོག་ཉེན་མ་བྱུང་ཚེ་རང་འགུལ་གྱིས་སྨན་པ་བཙལ་མཁན་ཤིན་ཏུ་ཉུང་། ནད་རིགས་ཆེ་མ་ཆུང་གསུམ་བྱུང་ཚེ་མང་ཚོགས་ཕལ་མོ་ཆེས་མོ་འདེབས་པ་དང་རྩིས་རྒྱག་པ་སོགས་ལ་བརྟེན་ནས་ཆོས་ལུགས་ཀྱི་ཆོ་ག་དང་རིམ་གྲོ་སོགས་སྒྲུབ་པར་བྲེལ།

བཅོས་བསྒྱུར་སྒོ་འབྱེད་དང་ནང་སྒོས་སུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། རྒྱལ་ཁབ་ཀྱིས་དམངས་ཕན་སྲིད་ཇུས་རབ་དང་རིམ་པ་ཞིག་ལག་བསྟར་བྱས་ཤིང་། ཡང་དག་པའི་སྲིད་ཇུས་ཀྱི་ཉི་འོད་བོད་ཡུལ་གྱི་ཡུལ་གྲུ་སོ་སོར་རིས་མེད་དུ་འཕྲོས་པས། ནང་ཆེན་རྫོང་ལྕི་ཉིན་སྲིབ་ཞང་འཕྲོད་བསྟེན་ཁང་ལའང་སྔོན་མེད་ཀྱི་འགྱུར་ལྡོག་དང་འཕོ་འགྱུར་ཆེན་པོ་བྱུང་། སྨན་པ་ཤེས་རབ་སྐྱིད་ཀྱིས་བཤད་པ་ལྟར་ན། ད་ལྟ་ཁོ་ཚོའི་ཞང་འཕྲོད་བསྟེན་ཁང་དུ་སྨན་པ་བདུན་ཡོད་པ་དང་། སྡེ་བ་རེ་རེར་ཡང་སྡེ་བའི་འཕྲོད་བསྟེན་ཁང་རེ་ཡོད་ལ། སྡེ་བའི་འཕྲོད་བསྟེན་ཁང་སོ་སོར་སྨན་པ་གཉིས་རེ་ཡོད། ད་ལྟ་ལྕི་ཉིན་སྲིབ་ཞང་འཕྲོད་བསྟེན་ཁང་གི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་སུམ་སྟོང་དྲུག་བརྒྱ་ཡོད་ལ། འཕྲོད་བསྟེན་ཁང་དུ་སྒོ་བསྟེན་སྨན་བཅོས་ཁང་དང་ནད་པའི་ཞག་སྡོད་ཁང་ཡོད་པར་མ་ཟད། གཞན་ད་དུང་སྨན་པའི་མལ་ཁང་དང་ཟ་ཁང་སོགས་ཀྱང་ཡོད། སྨན་བཅོས་ཡོ་ཆས་ཀྱི་ཐད་ནས་ཀྱང་སྙིང་རིས་བརྟག་དཔྱད་ཡོ་ཆས་དང་དྲི་ཆུར་བརྟག་ཆས། ཚོན་ལྡན་སྒྲ་བརྒལ། སྐྱེ་དངོས་རྫས་འགྱུར་ཞིབ་བཤེར་ཡོ་ཆས་སོགས་ཆ་ཚང་ཡོད་ལ། ད་ལྟ་ནད་ཆུང་བ་བྱུང་ཚེ་སྡེ་བའི་ནང་ནས་སྨན་པར་བསྟན་ནས་སྨན་ལེན་ཐུབ་པ་དང་། དལ་བའི་རང་བཞིན་གྱི་ནད་དང་རྒྱུན་འབྱུང་ནད་བྱུང་བའམ་སྨན་ཁང་དུ་ཞག་སྡོད་བྱེད་དགོས་ཚེ། སྔོན་ཆད་ལྟར་རྫོང་ཐོག་ཏུ་འགྲོ་མི་དགོས་པར་ཞང་འཕྲོད་བསྟེན་ཁང་ནས་སྨན་བཅོས་བྱེད་ཆོག་པས། མང་ཚོགས་རྣམས་ཀྱིས་ནད་སྟོན་པར་སྟབས་བདེ་ཆེན་པོ་བསྐྲུན་ཡོད། ལྷག་པར་དུ2004ལོར་རྒྱལ་ཁབ་ཀྱིས་ཞིང་སྡེའི་མཉམ་ལས་སྨན་བཅོས་ཉེན་འགོག་གསར་པའི་སྲིད་ཇུས་ལག་བསྟར་བྱས་པའི་རྗེས་སུ། གོང་རིམ་གྱིས་ལྕི་ཉིན་སྲིབ་ཞང་འཕྲོད་བསྟེན་ཁང་ལ་སྨན་རིགས་མང་དུ་འདོན་སྤྲོད་བྱས་ཤིང་། ད་ལྟ་འཕྲོད་བསྟེན་ཁང་དུ་རྒྱ་སྨན་རིགས་ཉིས་བརྒྱ་ལྷག་དང་། བོད་སྨན་རིགས་བརྒྱ་དང་ལྔ་བཅུ་ལྷག་ཡོད་ལ། དེར་མ་ཟད། སྨན་རིན་ཕལ་མོ་ཆེ་ཡང་རྩིས་ཞུ་བྱེད་ཆོག་སྟེ། དཔེར་ན། ནད་པ་སྨན་ཁང་དུ་ཞག་སྡོད་བྱས་ན་མི་རེར་ཁ་གསབ་རོགས་སྐྱོར་སྒོར་སྟོང་གཅིག་དང་ཉིས་བརྒྱ་ཡོད་ལ། སྨན་རིན་ལས་བརྒྱ་ཆའི་དགུ་བཅུ་རྩིས་ཞུ་བྱེད་ཆོག་པས། གཞི་རྩའི་སྟེང་ཁྱིམ་ཚང་གི་ཆ་རྐྱེན་ཞན་པའི་དབང་གིས་ནད་སྟོན་དཀའ་བའི་གནས་ཚུལ་ཐག་གཅོད་བྱས། ད་དུང་གོང་རིམ་ནས་ཁོ་ཚོའི་ཞང་འཕྲོད་བསྟེན་ཁང་ལ་སྨན་བཅོས་སྲོག་སྐྱོབ་རླངས་འཁོར་ཞིག་དང་ཕི་ཁ་རྟགས་ཅན་གྱི་རླངས་འཁོར་ཞིག་ཀྱང་བཀོད་སྒྲིག་བྱས་ཡོད་ལ། གློ་བུར་དུ་ནད་ཚབས་ཆེན་སོགས་བྱུང་བ་ཡིན་ན། ཁོ་ཚོས་རིན་མི་ལེན་པར་ནད་པ་རྫོང་ཐོག་ཏུ་སྐྱེལ་བཞིན་ཡོད་པར་མ་ཟད། ལམ་བར་ནས་ནད་པར་བདག་སྐྱོང་བྱེད་མཁན་གྱི་སྨན་པའང་བཀོད་སྒྲིག་བྱེད་བཞིན་ཡོད་ཟེར། སྨན་པ་ཤེས་རབ་སྐྱིད་ཀྱིས་དགའ་འོས་པའི་ད་ལྟའི་གནས་ཚུལ་འདི་དག་གླེང་འོང་དུས། དགའ་སྤྲོས་ཁེངས་བཞིན་ཁམས་སྐད་ཀྱི་ལམ་ནས“ད་ལྟ་སྲིད་ཇུས་བཟང་བས་ཆ་རྐྱེན་དངོས་གནས་ཡག་པོ་འདུག”ཟེར། རྒྱལ་ཁབ་ཀྱི་སྨན་བཅོས་སྲིད་ཇུས་ལེགས་ཤིང་འཕྲོད་བསྟེན་ཐད་ཀྱི་དྲིལ་སྒྲོག་སློབ་གསོ་སྤེལ་བའང་བཟང་བས། ད་ལྟ་མང་ཚོགས་རྣམས་ཀྱི་སྨན་བཅོས་འདུ་ཤེས་སྔོན་ལས་ལྡབ་འགྱུར་གྱིས་ཇེ་ལེགས་སུ་ཕྱིན་ཞིང་། དུས་ལྟར་སྨན་ཁང་དུ་ལུས་པོར་ཞིབ་བཤེར་བྱེད་དུ་ཡོང་བ་དང་བྱིས་པར་འགོག་སྨན་རྒྱག་ཏུ་ཡོང་མཁན་ཤིན་ཏུ་མང་ལ། ཞང་འཕྲོད་བསྟེན་ཁང་ནས་ཞག་སྡོད་བྱེད་མཁན་གྱི་ནད་པའང་མང་པོ་ཡོད།

ལྕི་ཉིན་སྲིབ་ཞང་འཕྲོད་བསྟེན་ཁང་གི་གནས་ཚུལ་ལ་རྒྱུས་ལོན་བྱེད་པའི་གླེང་མོལ་གྱི་བར་གསེང་ནས། ཁོ་མོས་མོར་མཚོན་ན་ཆེས་བརྗེད་མེད་ཀྱི་དྲན་ཤིང་དུ་གྱུར་པའི་དོན་དག་ཅིག་ཀྱང་ཞོར་ནས་གླེང་བྱུང་། “ད་ལོའི་དབྱར་དུས་སུ་དབྱར་རྩྭ་བརྐོ་བའི་སྐབས་སུ། ས་ཆ་འདིའི་བུད་མེད་གཉིས་ལ་ཐོག་གིས་བརྒྱབས་ཏེ་བུད་མེད་གཅིག་ཚེ་ལས་འདས་པ་དང་། བུད་མེད་གཞན་པ་དེ་ཁྱིམ་བདག་རྣམས་ཀྱིས་ང་ཚོའི་ཞང་འཕྲོད་བསྟེན་ཁང་དུ་བསྐྱལ་འོང་། སྐབས་དེར་བུད་མེད་དེའི་དབུགས་རྒྱུའང་ཆད་ལ་ཉེ་བ་ཞིག་རེད། ངས་འཚབ་མ་འཚུབ་ཀྱིས་འདྲུད་ལྷམ་གྱོན་བཞིན་གཞན་བྱེད་འབྱིན་རྔུབ་ཀྱི་ཐབས་བཀོལ་བས་མཇུག་མཐར་བུད་མེད་དེ་གསོན་ཐུབ་བྱུང་། སྐབས་དེར་མོའི་ཁྱིམ་མི་རྣམས་ཀྱིས‘དངོས་གནས་གསོན་ཐུབ་སོང་ངམ། དངོས་གནས་གསོན་ཐུབ་སོང་ངམ’ ཞེས་ཟེར་ལ། སྨན་པ་ཞིག་ཡིན་པའི་ཆ་ནས་ང་རང་ཁོ་ཚོ་ལས་ཀྱང་དགའ་སྤྲོ་ཆེན་པོ་སྐྱེས།” གཞི་རིམ་དུ་རྐང་ཟུག་པའི་སྤྱིར་བཏང་གི་སྨན་པ་ཞིག་གིས་འཆི་བདག་གི་ཁ་ནས་ནད་པའི་ཚེ་སྲོག་ཕྱིར་འཕྲོག་པའི་མི་སེམས་འགུལ་བའི་གཏམ་རྒྱུད་འདི་ཐོས་དུས། སེམས་གཏིང་ནས་མོ་རང་ལ་གོང་བཀུར་ཚད་མེད་སྐྱེས་ཤིང་། ད་ལོར་ཁོ་མོར“མཐོ་སྒང་གི་སྨན་པ་བཟང་པོ”ཡི་གཟི་བརྗིད་མཚན་སྙན་ཐོབ་པ་ནི་ཀུན་ནས་མིང་དོན་མཚུངས་པ་ཞིག་རེད་སྙམ་པ་དང་།“ཁྱེད་ནི་དངོས་གནས་སྨན་པ་རླབས་ཆེན་ཞིག་རེད”ཅེས་པའི་བསྟོད་ཚིག་ཅིག་ངག་ནས་དབང་མེད་དུ་ཤོར་བ་ན། ཁོ་མོས་ཁེངས་སྐྱོང་གི་ཚུལ་གྱིས“སྨན་པ་ཞིག་ཡིན་པའི་ཆ་ནས་སྲོག་སྐྱོབ་རྒྱུ་ནི་ང་ཚོའི་འོས་འགན་རེད། ནད་པ་དྲག་སྟེ་ཁྱིམ་མི་རྣམས་ཀྱིས་ང་ལ་བཀའ་དྲིན་ཞུ་སྐབས། ང་ལ་སྨྲ་མི་ཤེས་པའི་དགའ་ཚོར་ཅིག་དང་གཟི་བརྗིད་ཅིག་འདུག”ཟེར།

མཇུག་མཐར་གསར་འགོད་པས་ཁོ་མོར་ལྕི་ཉིན་སྲིབ་ཞང་འཕྲོད་བསྟེན་ཁང་ལ་ད་ལྟའི་འགྱུར་ལྡོག་འདི་ལྟ་བུ་ཞིག་ཇི་ལྟར་བྱུང་བ་ཡིན་ནམ་ཞེས་དྲིས་པ་ན། ཁོ་མོས་བསམ་བློ་ཅི་ཡང་མི་གཏོང་བར“དེ་ནི་ཏང་དང་རྒྱལ་ཁབ་ཀྱི་བཀའ་དྲིན་རེད། དེང་སྐབས་ཏང་གི་སྲིད་ཇུས་ཡག་པས་ང་ཚོའི་འཕྲོད་བསྟེན་ཁང་གི་ཆ་རྐྱེན་ཇེ་ལེགས་སུ་སོང་བ་དང་། མང་ཚོགས་རྣམས་ཀྱིས་ནད་སྟོན་པར་ཡང་སྟབས་བདེ་གང་ལེགས་བསྐྲུན་ཡོད་པ་རེད། གལ་ཏེ་འདི་འདྲའི་སྲིད་ཇུས་ཡག་པོ་ཞིག་མེད་ཚེ། ང་ཚོ་སྨན་པ་ཚོས་འབད་པ་ཅི་འདྲ་བྱས་རུང་ནུས་པ་དེ་འདྲ་ཆེན་པོ་ཞིག་ཐོབ་མི་སྲིད”ཟེར། ཁོ་མོའི་སྐད་ཆ་འདི་ནི་ཉན་མ་ཐག་ཆེས་སྤྱིར་བཏང་གི་སྐད་ཆ་ཞིག་ཏུ་སྣང་ཡང་། ཞིབ་ཏུ་བསམ་བློ་བཏང་ན་སྤྱིར་བཏང་གི་སྐད་ཆ་ཞིག་ཡེ་ནས་མིན་ཏེ། ཏང་དང་མང་ཚོགས་བར་གྱི་འབྲེལ་བ་ནི་ཆུ་དང་ཉ་མོའི་བར་གྱི་འབྲེལ་བ་དང་ཀུན་ནས་མཚུངས་ལ། ནམ་ཡང་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་ཚུལ་དུ་འབྲལ་མེད་དུ་གནས་ཡོད། དེ་བཞིན་དུ་ལྕི་ཉིན་སྲིབ་ཞང་འཕྲོད་བསྟེན་ཁང་གི་ད་ལྟའི་འགྱུར་ལྡོག་ཀྱང་ཏང་གི་ཡང་དག་པའི་སྲིད་ཇུས་དང་ཁ་འབྲལ་ཐབས་མེད་ལ། ད་ལྟའི་གྲུབ་འབྲས་ཀྱི་རྒྱབ་ལོགས་སུ་སྨན་པ་རྣམས་ཀྱི་དཀའ་སྤྱད་སྡུག་རུས་ཀྱི་ངལ་རྩོལ་འབྲས་བུ་ཡོད་པར་མ་ཟད། དེ་ལས་ཀྱང་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་དང་རྒྱབ་སྐྱོར་སོགས་ནམ་ཡང་རྟག་བརྟན་དུ་གནས་ཡོད།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།