རྩྭ་ཐང་གི་དབུལ་ཐར་ཕྱུག་བསྒྱུར་གྱི་ཕུགས་འདུན་ལ་འདེགས་སྐྱོར་བྱེད་མཁན།
2018.09.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 131

རྒྱལ་ཁབ་གློག་དྲ་མགོ་ལོག་གློག་འདོན་ཀུང་ཟིའི་སྡེ་སྡོད་ཧྲུའུ་ཅི་དང་པོ་དོན་འགྲུབ་རྒྱལ་གྱི་གནས་ཚུལ་བཀོད་པ།

བརྗིད་ཆགས་པའི་རི་ཚོགས་དང་གཡའ་དག་པའི་ནམ་མཁའ། རྣམ་དག་གི་དད་མོས། ངོ་གདོང་ནག་ཅིང་བཅོས་མིན་གྱི་འཛུམ་མདངས་བཅས་ནི་མདོ་དབུས་མཐོ་སྒང་གིས་མི་རྣམས་ལ་བཞག་པའི་སྣང་བརྙན་རེད། འོན་ཀྱང་། ཁྱོད་རང་དངོས་ནས་ས་གཞི་འདིའི་སྟེང་གཞིས་སྡོད་བྱས་ན། ད་གཟོད་དེའི་དཀའ་སྡུག་ཤེས་ཐུབ།

“ཁྱིམ་གྱི་མི་རྣམས་ལ་འདུག་རོགས་བྱེད་མ་ཐུབ་ཀྱང་། རྩྭ་དེའུ་སྡེ་བའི་ཉིན་རེའི་འགྱུར་ལྡོག་ལ་འགོར་འགྱངས་བྱས་མེད། རང་ཉིད་ཀྱིས་དངོས་སུ་བློ་སེམས་རྩེ་གཅིག་གིས་བྱ་བ་སྒྲུབ་ན། ད་གཟོད་མི་རྣམས་ཀྱི་རེ་འདུན་སྟོང་ཟད་དུ་མི་གཏོང”ཞེས་དོན་འགྲུབ་རྒྱལ་གྱིས་དེ་ལྟར་བཤད།

རྒྱལ་ཁབ་གློག་དྲ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གློག་འདོན་ཀུང་ཟིས་རྨ་སྟོད་རྫོང་མཛོ་རྒན་རྭ་བར་གྲོང་རྡལ་རྩྭ་དེའུ་སྡེ་བར་མངགས་པའི་སྡེ་སྡོད་ཧྲུའུ་ཅི་དང་པོ་དོན་འགྲུབ་རྒྱལ་གྱིས་ལོ་གསུམ་གྱི་དུས་ཚོད་བེད་སྤྱད་དེ། དབུལ་ཕོངས་སྡེ་བའི་འཕེལ་རྒྱས་ཀྱི་ཆེད་དུ་གང་སར་བརྒྱུགས་པ་དང་། སྡེ་སྡོད་ཧྲུའུ་ཅི་དང་པོའི་དོན་དངོས་བྱ་སྤྱོད་ལ་བརྟེན་ནས། དབུལ་ཕོངས་མང་ཚོགས་སྔར་ལས་མང་པོ་དབུལ་ཐར་ཕྱུག་བསྒྱུར་བྱེད་རྒྱུ་བརྩོན་ལེན་བྱས།

ཉེ་ལམ། གསར་འགོད་པ་རྩྭ་དེའུ་སྡེ་བར་ཐོན་པ་དང་། ཐོག་དང་པོར་དོན་འགྲུབ་རྒྱལ་དང་འཕྲད་སྐབས། ངོ་གདོང་ནག་ཅིང་བབ་ཆགས་པའི་གོན་པ་གྱོན་ཡོད་ལ། བོད་སྐད་ཐོགས་པ་མེད་པར་སྨྲ་བའི་ཧྲུའུ་ཅི་དང་པོའི་གསར་འགོད་པར་བག་ཆགས་ཟབ་མོ་བཞག

རྩྭ་དེའུ་སྡེ་བར་མཚོ་ངོས་ལས་མུས་སྟོང་བཞི་སུམ་བརྒྱ་ཡོད་པ་དང་། ནམ་ཟླར་འགྱུར་ལྡོག་ཆེ་ལ། མི་མང་པོ་ཞིག་གནས་དེར་ཡོང་ན་རྫ་དུག་རྒྱག་པ་དང་མགོ་ན་བ། མཚན་མོ་གཉིད་མི་ཁུག་པ་ཞིག་རེད།

དོན་འགྲུབ་རྒྱལ་གྱི་དུས་རྒྱུན་གྱི་གཞུང་སྒྲུབ་གནས་སུ་ཐོན་པ་ན། ཐོག་མར་མཐོང་བ་ནི་དམག་བཀོལ་ཞྭ་མོ་དང་ཅོག་ཙེའི་སྟེང་དུ་བཞག་པའི་སེམས་བདེའི་སྨན་དང་ཟུག་འཇོམས་སྨན་བཅས་རེད། དོན་འགྲུབ་རྒྱལ་གྱིས་བཤད་རྒྱུར། དུས་ཡུན་རིང་བོར་མཚོ་ངོས་ལས་མཐོ་བའི་ས་ཁུལ་དུ་བྱ་བ་སྒྲུབ་ན། འདི་དག་ཚང་མ་དུས་རྒྱུན་བཀོལ་དགོས་པ་ཞིག་རེད་ཟེར། དེ་ནས་གསར་འགོད་པའི་ལག་ཏུ་མིང་བྱང་ཅིག་བཞག་པ་དང་། དེ་ནི་རྨ་སྟོད་རྫོང་གི་ཧྲུའུ་ཅི་དང་པོ་དང་སྡེ་སྡོད་དབུལ་སྐྱོར་ལས་བྱེད་ཀྱི་འབྲེལ་གཏུག་བྱང་བུ་རེད། མིང་བྱང་དེ་གླེང་སྐབས། དོན་འགྲུབ་རྒྱལ་ལ་ཚོར་སྣང་ཟབ་པའི་དོན་དག་མང་པོ་ཡོད།

དང་ཐོག་སྡེ་བར་སོང་ནས་འགན་འཁྲི་ཁུར་སྐབས། ཁྱིམ་ཚང་དུ་སོང་ནས་གནས་ཚུལ་རྒྱུས་ལོན་བྱེད་པ་དང་ཁྱིམ་ཐོར་འགོད་པ་ནི་ཆེས་གཞི་རྩའི་བྱ་བ་རེད། དངོས་སུ་ཁྱིམ་ཚང་རེ་རེར་སོང་ནས་གནས་ཚུལ་རྒྱུས་ལོན་བྱས་ཏེ། སྡེ་དམངས་དང་བསམ་བློ་བརྗེ་རེས་མང་པོ་མ་བྱས་ཚེ། དབུལ་ཕོངས་མང་ཚོགས་ཇི་ལྟར་དབུལ་བོར་གྱུར་བ་མི་ཤེས་ལ། ཇི་ལྟར་བྱས་ན་དབུལ་ཐར་བྱེད་ཐུབ་པའི་ཐབས་བཀོད་བཙལ་དཀའ་བ་ཞིག་རེད། དོན་འགྲུབ་རྒྱལ་གྱི་བྱ་བའི་ཟིན་བྲིས་མཐུག་པོའི་སྟེང་། ཤོག་བུ་རེ་རེའི་སྟེང་ཁྱིམ་ཚང་རེ་རེའི་གནས་ཚུལ་གསལ་བོར་བཀོད་ཡོད་པ་དང་། ཁྱིམ་ཚང་རེ་ལ་མི་གྲངས་དུ་ཡོད་པ་དང་། ཅི་ཞིག་ལ་བརྟེན་ནས་ཡོང་སྒོ་བཙལ་བ། དཔལ་འབྱོར་ཆ་རྐྱེན་ཇི་འདྲ་ཡིན་པ། བུ་བུ་མོའི་བྱ་བ་ཅི་ཞིག་སྒྲུབ་པ། ཐོན་ལས་ཅི་ཞིག་ཡོད་པ། དཀའ་ཁག་གང་དག་སེལ་དགོས་པ་བཅས་ཚང་མ་འབྲི་དེབ་སྟེང་བཀོད་ཡོད་ལ། སེམས་སུ་བཟུང་ཡོད།

དོན་འགྲུབ་རྒྱལ་གྱིས་སྡེ་དམངས་ལ་དོན་དངོས་སྣ་ཚོགས་སྒྲུབ་པ་དང་བསྟུན་ནས། མི་རྣམས་ཀྱིས་རེ་བ་མཐོང་བ་དང་། མང་ཚོགས་དཀའ་ཁག་ལ་འཕྲད་ཚེ་ཐོག་མའི་དུས་ཚོད་ནང་ཁོ་རང་དྲན་སྲིད།

རྨ་སྟོད་རྫོང་གི་ས་ཁོངས་རྒྱ་ཆེ་ལ། རྩྭ་དེའུ་སྡེ་བ་རྫོང་མཁར་དང་ཐག་རིང་། ཕྱུག་བསྒྱུར་བྱེད་དགོས་ན་སྔོན་ལ་ལམ་ལས་དགོས། དོན་འགྲུབ་རྒྱལ་གྱིས་གསར་འགོད་པར་བཤད་རྒྱུར། རྩྭ་དེའུ་སྡེ་བ་དབུལ་བོར་གྱུར་དོན་ནི་གནས་འདིའི་རང་བྱུང་ཆ་རྐྱེན་ཞན་པ་ཡིན་ལ། རྩྭ་དེའུ་སྡེ་བ་དཀའ་ཁག་ཡོད་པ་ནི་ལམ་ཡིན་པ་དང་། རྨང་གཞིའི་སྒྲིག་ཆས་རྗེས་ལུས་ཡིན་པས་རེད། ང་རང་ཉིད་ཀྱིས་མགྱོགས་མྱུར་སྒོས་སྡེ་བ་ཡོངས་ཀྱི་འགྲིམ་འགྲུལ་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ཐད་རོགས་སྐྱོར་བྱེད་པའི་སེམས་ཐག་བཅད་ཡོད་ལ། འབྲོག་པ་མང་ཚོགས་ཚང་མ་འབྱོར་འབྲིང་གི་བགྲོད་ལམ་དུ་བསྐྱོད་པར་རྨང་གཞི་བརྟན་པོ་འདིང་རྒྱུ་ཡིན་ཟེར།

ད་ཡོད་ཀྱི་གནས་ཚུལ་གསལ་བོར་རྟོགས་པས། ཁ་ཕྱོགས་ཡང་དག་རྙེད་ཡོད་ལ། མང་ཚོགས་ཀྱི་འབོད་སྐུལ་ཐོས་བྱུང་། ཟླ་འགའི་དུས་ཚོད་ནང་ཁོ་རང་ཐེངས་མང་པོ་རྒྱལ་ཁབ་གློག་དྲ་གློག་འདོན་ཀུང་ཟི་རུ་སོང་ནས། འབྲེལ་ཡོད་ཀྱི་རོགས་སྐྱོར་ལས་གཞི་དང་མ་དངུལ་དགོས་མཁོ། གསོ་སྦྱོང་འཆར་འགོད་སོགས་ལས་ཁུངས་ལ་སྙན་ཞུ་བྱས།

དོན་འགྲུབ་རྒྱལ་ཐེངས་མང་པོར་བརྒྱུགས་པས་མཇུག་མཐར་གྲུབ་འབྲས་ཡོད་པར་གྱུར། ད་ལོར། རྒྱལ་ཁབ་གློག་དྲ་ཀུང་ཟིས་མ་དངུལ་སྒོར་ས་ཡ་གཉིས་བཏང་ནས། རྩྭ་དེའུ་སྡེ་བར་ཁོད་སྙོམས་འཕྲུལ་ཆས་དང་རྐོ་འདྲུའི་འཕྲུལ་ཆས། ལྡུག་འཁོར། ཏུན་བརྒྱད་ཅན་གྱི་རང་ཕོག་ཟོང་འཁོར། ལམ་གནོན་འཕྲུལ་ཆས་བཅས་ཉོས་པ་མ་ཟད། བདག་སྐྱོང་རུ་ཁག་གི་ལྭ་བ་ཉོས་པ་དང་། འཁོར་རྒྱུག་མ་དངུལ་སྒོར་ཁྲི་དྲུག་དང་སྟོང་ལྔ་ཡོད་པས། རྩྭ་དེའུ་སྡེ་བའི་འགྲིམ་འགྲུལ་ཤར་གཏོང་ཐུབ་པར་འགན་སྲུང་བྱས།

དོན་འགྲུབ་རྒྱལ་གྱིས་བཤད་རྒྱུར། ང་རང་ཉིད་ཀྱིས་སྡེ་བའི་གཞུང་ལམ་འཛུགས་སྐྲུན་བྱས་                                ཏེ་དབུལ་སྐྱོར་མཁྲེགས་གཏོར་གྱི་བཟོ་སྐྲུན་གཙོ་བོར་བཟུང་ནས། སྡེ་བ་ཡོངས་ཀྱི་མང་ཚོགས་ལ་བགྲོད་ལམ་དཀའ་བའི་ལོ་རྒྱུས་མཇུག་རྫོགས་སུ་འཇུག་རྒྱུ་ཡིན་ལ། མང་ཚོགས་རྣམས་ཕྱུག་བསྒྱུར་གྱི་ལམ་དང་བདེ་སྐྱིད་ཀྱི་ལམ་དུ་འཇུག་རྒྱུ་ཡིན་ཟེར།

ད་ལྟ། ལམ་གསོའི་སྒྲིག་ཆས་འདི་དག་ཡོད་པས། རྩྭ་དེའུ་སྡེ་བའི་ནམ་ཟླ་བཟང་དུས་ལུས་ཡོངས་ས་རྡུལ་གྱིས་ཁེངས་བ་དང་། ཆར་ཆུ་འབབ་དུས་ལམ་ཡོངས་འདམ་གྱིས་ཁེངས་བའི་ལོ་རྒྱུས་མཇུག་རྫོགས་ལ། སྡེ་བའི་དབུལ་ཕོངས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་རྣམ་པ་ཡང་གསར་བར་བརྗེས་ཡོད།

དོན་ཆེན་ཞིབ་ཏུ་སྒྲུབ་དགོས་ལ། དོན་བཟང་དེ་ལས་ཀྱང་བཟང་བོར་སྒྲུབ་དགོས། བགྲོད་ལམ་ཉམས་གསོའི་སྒྲིག་ཆས་ཡོད་པས། དོན་འགྲུབ་རྒྱལ་གྱིས་སྡེ་བ་ཡོངས་ཀྱི་དབུལ་ཕོངས་ཁྱིམ་ཚང་ཁྲོད་མི་སྣ་བདམས་ནས་གཞུང་ལམ་ཉམས་གསོ་རུ་ཁག་ཅིག་བཙུགས་པ་དང་། ཞོར་དུ་སྡེ་བའི་དབུལ་ཕོངས་མང་ཚོགས་ཀྱི་ལས་ཞུགས་གནད་དོན་ཡང་ཐག་གཅོད་བྱས།

དབུལ་ཕོངས་ཁྱིམ་ཚང་བུའུ་ཡང་གིས་གསར་འགོད་པར་བཤད་རྒྱུར། དེ་སྔོན་ང་ཚོའི་སྡེ་བའི་གཅིག་བསྡུས་དཔལ་འབྱོར་ཡོང་སྒོ་གཅིག་ཀྱང་མེད་ལ། གཙོ་བོར་ཕྱུགས་ཟོག་ལ་བརྟེན་དགོས། ད་ལོར་སྡེ་བའི་ནང་དུ་གཞུང་ལམ་ཉམས་གསོ་རུ་ཁག་བཙུགས་པས། ང་རང་ཉིད་ཀྱིས་ཧུར་ཐག་གིས་སྒྲིག་ཆས་དེ་དག་བཀོལ་སྤྱོད་བྱེད་རྒྱུ་སློབ་སྦྱོང་བྱས་ཏེ། ཡོང་སྒོ་ཇེ་མཐོར་གཏོང་བ་དང་ཆབས་ཅིག དབུལ་ཐར་བྱེད་པ་བརྩོན་ལེན་བྱ་རྒྱུ་ཡིན་ཟེར།

སྡེ་མི་བུའུ་ཡང་དང་ཡུས་གུ་གཉིས་ཀྱིས་ལག་རྩལ་མི་སྣས་མཛུབ་སྟོན་འོག སྒྲིག་ཆས་དེ་དག་ཇི་ལྟར་བཀོལ་སྤྱོད་བྱེད་དགོས་པ་ཤེས་པར་གྱུར་ལ། དེ་ནི་ཁོ་ཚོའི་མ་འོངས་པའི་བྱ་བ་གསར་བ་རེད། ཁོ་ཚོས་མ་འོངས་པར་མི་སྣ་གཞན་དག་དང་མཉམ་དུ་ཆུ་རྐ་གཙང་སེལ་དང་རི་ངོས། བགྲོད་ལམ་བཅས་ལས་ཏེ། རྩྭ་དེའུ་སྡེ་བའི་བགྲོད་ལམ་གྱི་རྣམ་པ་གསར་བརྗེས་བྱེད་རྒྱུ་རེད།

ང་ནི་སྡེ་བའི་གཞུང་ལམ་དོ་དམ་རུ་ཁག་གི་མི་སྣ་ཡིན་ལ། ངའི་བྱ་བ་ནི་སྡེ་བའི་ནང་གི་བགྲོད་ལམ་དོ་དམ་སྲུང་སྐྱོབ་བཟང་བོ་བྱེད་རྒྱུ་དེ་ཡིན་པ་དང་། ད་ལྟ་བྱ་བ་ཞིག་ཡོད་པར་གྱུར་ལ། ཁྱིམ་མིར་ཡང་ལྟ་སྐྱོང་བྱས་ཆོག་པས། ང་རང་དགའ་སྤྲོ་ཆེན་པོ་སྐྱེས་ཡོད་ཅེས་དབུལ་ཕོངས་ཁྱིམ་ཚང་གི་ཁྱིམ་མི་ཡུས་གུ་ཡིས་དགའ་སྤྲོའི་ངང་དེ་ལྟར་བཤད།

ན་ནིང་། དོན་འགྲུབ་རྒྱལ་རྨ་སྟོད་རྫོང་དབུལ་སྐྱོར་ཅུའུ་ཡིས2017ལོའི་དབུལ་སྐྱོར་མཁྲེགས་གཏོར་གྱི་ཕུལ་བྱུང་ཧྲུའུ་ཅི་དང་པོར་བདམས། རྩྭ་དེའུ་སྡེ་བའི་སྡེ་དམངས་ཀྱིས་དོན་འགྲུབ་རྒྱལ་ལ“མང་ཚོགས་སེམས་སུ་བཅངས་ནས། མང་ཚོགས་ལ་དཀའ་ཁག་སེལ”ཅེས་པའི་དར་ཆ་གནང་བ་དང་། ཁོའི་དབུལ་སྐྱོར་བྱ་བར་སྡེ་མི་ཡོངས་ཀྱི་རྒྱབ་སྐྱོར་དང་ཁས་ལེན་ཐོབ།

ལོ་གསུམ་གྱི་དུས་ཚོད་ནང་། དོན་འགྲུབ་རྒྱལ་གྱིས་རྩྭ་ཐང་འདི་རུ་རྨ་སྟོད་རྫོང་དབུལ་སྐྱོར་འགན་འཁྲི་དེ་གོ་གནས་གཙོ་བོར་བཞག་ནས། མུ་མཐུད་དུ་རྨ་སྟོད་རྫོང་གི་དབུལ་སྐྱོར་མཁྲེགས་གཏོར་བྱ་བར་བློ་རིག་དང་ནུས་ཤུགས་འབུལ་བཞིན་ཡོད།

དོན་འགྲུབ་རྒྱལ་གྱིས་བཤད་རྒྱུར། རང་ཉིད་ཀྱི་བྱ་བ་བརྗེ་བ་ཁོ་ན་མ་ཡིན་པར། སྡེ་བ་ཡོངས་ཀྱི་མང་ཚོགས་ཀྱི་རེ་སྒུག་སེམས་སུ་བཅིངས་ཡོད་པས། དངོས་ནས་སྡེ་མི་རྣམས་ལ་འབྱོར་ཕྱུག་གི་འཚོ་བ་བཟང་བོ་རོལ་དུ་འཇུག་དགོས་ཟེར།

ལོ་ཙཱ་བ། ཤ་བོ་རིན་མཚོ།