སྒྲོལ་དཀར་སྐྱིད་ཀྱིས་བློ་གཅིག་སེམས་གཅིག་གིས་མང་ཚོགས་དབུལ་ཕོངས་ལས་ཐར་བར་ཞབས་ཞུ་བསྒྲུབས་པ།
2018.10.23 ཁུངས། ཀློག་གྲངས། 84

ནུབ་བྱང་སློབ་ཆེན་ནས་སློབ་མཐར་ཕྱིན་པའི་ཁོ་མོ་ནི་ལོ་ན་སུམ་ཅུར་བུད་ཡོད་ལ། ལུས་པོ་སྐམ་ཞིང་རིད་ཀྱང་ཁོ་མོར་རང་གི་ན་ཟླ་ཚོ་དང་མི་གཅིག་པའི་སྙིང་རུས་དང་བློ་སྤོབས་ཀྱིས་ཁེངས་ཡོད། ཁོ་མོས་རང་གི་བྱ་སྤྱོད་དངོས་ལ་བརྟེན་ནས་སྒེར་སེམས་མེད་པར་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་བྱས་རྗེས་འབུལ་བའི་གླུ་གཞས་ཤིག་བརྩམས་བྱུང་། ཁོ་མོ་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་འཕྲང་དམར་གྲོང་རྡལ་གྱི་ཀྲིན་ཀྲང་གཞོན་པ་སྒྲོལ་དཀར་སྐྱིད་ཡིན་ལ། ཕུལ་དུ་བྱུང་བའི་གྲོང་གསེབ་ལས་བྱེད་པ་ཞིག་ཀྱང་རེད།

སྒྲོལ་དཀར་སྐྱིད་ཡོད་སའི་འཕྲང་དམར་གྲོང་རྡལ་ལ་བསྡོམས་པས་སྲིད་འཛིན་སྡེ་བ་ཉེར་ལྔ་ཡོད་ཅིང་། དེའི་ནང་གི་སྡེ་བ་ཉེར་གསུམ་ནི་ཡིག་ཚགས་བཙུགས་ཤིང་བྱང་བུ་ལས་པའི་དབུལ་སྐྱོར་སྡེ་བར་གཏོགས། དབུལ་སྐྱོར་མི་གྲངས་ཀྱིས་ཕལ་ཆེར་རྫོང་ཡོངས་ཀྱི་ཕྱེད་ཀ་ཟིན་ཡོད་པ་དེས་ཉིས་སྟོང་བཅུ་དྲུག་ལོར་གསར་དུ་ཀྲིན་ཀྲང་གི་ལས་འགན་ཁུར་བའི་སྒྲོལ་དཀར་སྐྱིད་ལ་གནོན་ཤུགས་ཆེན་པོ་ཞིག་བྱིན།

“ལས་འགན་ཁུར་མ་ཐག་པའི་སྐབས་དེར། སྡེ་བ་སོ་སོའི་དབུལ་ཕོངས་ཁྱིམ་ཚང་གི་གནས་ཚུལ་ལ་རྒྱུས་ལོན་དེ་འདྲ་གསལ་པོ་མེད་པས། དབུལ་ཕོངས་སྡེ་བའི་ཁྱིམ་ཚང་གི་གནས་ཚུལ་གྱི་མཐིལ་རྟོགས་ཆེད། ངས་ཟླ་གཉིས་ལྷག་གི་རིང་ལ་ཁྱིམ་ཚང་རེ་རེར་རྟོག་ཞིབ་བྱས་པ་ཡིན། བྱ་བ་ལྗིད་ནའང་། དབུལ་སྐྱོར་བྱ་བར་མགྱོགས་མྱུར་ངང་སྐུལ་འདེད་གཏོང་དགོས་ན་དེ་ནི་བསྒྲུབ་འོས་པ་ཞིག་རེད”ཅེས་སྒྲོལ་དཀར་སྐྱིད་ཀྱིས་དེ་ལྟར་བཤད།

ཉིས་སྟོང་བཅུ་བདུན་ལོར་འཕྲང་དམར་གྲོང་རྡལ་གྱི་དབུལ་སྐྱོར་ཡུལ་སྤོར་ལས་གཞི་མགོ་རྩོམ་སྐབས། རོང་འབྲོག་མང་ཚོགས་མི་ཉུང་བ་ཞིག་གིས་རམ་འདེགས་མི་བྱེད་ལ། ཁོ་ཚོའི་ཁྲོད་ཀྱི་ཕལ་ཆེ་བ་ཞིག་མི་རབས་ནས་མི་རབས་བར་གནས་དེ་ནས་སྐྱེས་ཤིང་འཚར་ལོངས་བྱུང་བ་ཡིན་སྟབས། ཕ་ས་ཕ་ཡུལ་ལ་བརྩེ་འདང་ཟབ་པས་བསྐྱུར་ཐུབ་ཀྱིན་མེད་པ་དང་། གནས་སྤར་རྗེས་ཆ་རྒྱུས་མེད་པའི་འཚོ་བའི་ཁོར་ཡུག་གིས་དབུལ་སྐྱོར་གནས་སྤོར་ལས་གཞི་བདེ་བླག་ངང་བསྒྲུབ་པར་དཀའ་ཁག་བཟོས།

དེའི་དབང་གིས་མང་ཚོགས་རྣམས་ལ“སེམས་བདེ་རིལ་བུ”ཇི་ལྟར་འཐུང་དུ་འཇུག་པའི་སྐོར་ལ་སྒྲོལ་དཀར་སྐྱིད་ཀྱིས་བསམ་བློ་གསར་པ་གཏོང་མགོ་བརྩམས།

“ཐབས་བཀོད་འཐེན་ཏེ་རོང་འབྲོག་མང་ཚོགས་ཀྱི་སེམས་བདེ་རུ་འཇུག་དགོས་པ་དང་། ཚང་མར་སྔོན་གྱི་བསམ་བློ་གཏོང་སྟངས་བསྒྱུར་དུ་བཅུག་ནས་འཚོ་བ་གསར་པ་རོལ་ཏུ་འཇུག་དགོས”ཟེར། དེ་ནས། སྒྲོལ་དཀར་སྐྱིད་སྡེ་བའི་ནང་གི་ཁྱིམ་ཚང་རེ་རེར་སོང་སྟེ་ཁ་ཞེ་གཉིས་མེད་ཀྱིས་ཁོ་ཚོར་ཁ་བརྡ་བྱས།“རམ་འདེགས་མི་བྱེད་པའི་མང་ཚོགས་ལ་འཕྲད་སྐབས། ངས་ཀྱང་ཁོ་ཚོའི་ཕ་ཡུལ་བློས་གཏོང་ཕོད་ཀྱིན་མེད་པའི་བརྩེ་འདང་དེ་རྟོགས་ཐུབ་པས།ངས་ཁོ་ཚོར་གཟིགས་སྐྱོང་སྲིད་ཇུས་དང་རྗེས་ཕྱོགས་ཀྱི་འཚོ་བའི་འགན་སྲུང་གི་ཕྱོགས་བཤད་དགོས་པར་མ་ཟད། དུས་མཚུངས་སུ་ཁོ་ཚོ་ཁྲིད་དེ་ཡུལ་དངོས་སུ་སོང་ནས་ཁང་པར་ལྟ་རུ་འཇུག་དགོས། གྲོང་རྡལ་ནས་ད་དུང་ཆེད་དུ་དབུལ་སྐྱོར་གནས་སྤོར་ལ་དམིགས་ཏེ་རྩལ་ནུས་ཟབ་སྦྱོང་བཙུགས་པ་དང་། དེ་ལ་བརྟེན་ནས་ཁོ་ཚོའི་རྗེས་ཕྱོགས་ཀྱི་ལས་ཞུགས་གནད་དོན་ཐག་བཅད་པ་ཡིན”ཟེར།

སྒྲོལ་དཀར་སྐྱིད་ཀྱིས་དུས་རྒྱུན་ཁ་བརྡ་བྱེད་པའི་ཐབས་ལ་བརྟེན་ནས། རོང་འབྲོག་མང་ཚོགས་ཀྱི་བསམ་བློའི་བྱ་བ་བསྒྲུབས་པ་དང་། སྐབས་རེར་མཁྲེགས་འཛིན་ཅན་གྱི་མང་ཚོགས་དང་འཕྲད་ཚེ།ཁོ་མོས་སུན་སྣང་མེད་པར་དུས་ཚོད་མང་པོ་བཀོལ་ཏེ། ཐེངས་གཅིག་ལ་སློབ་གསོ་བཏང་ནས་མ་ཉན་ན། ཁོ་མོས་ཐེངས་གཉིས་དང་། ཡང་དང་བསྐྱར་དུ་སོང་ནས་མང་ཚོགས་མོས་མཐུན་ཡོང་རག་བར་དུ་བྱ་བ་བསྒྲུབས།

སྒྲོལ་དཀར་སྐྱིད་ཀྱི་དཀའ་སྡུག་གི་འབྲས་བུར་མང་ཚོགས་ཀྱིས་ཁས་ལེན་ཐོབ་པར་མ་ཟད། དེ་བས་ཀྱང་ཁོ་ཚོར་དབུལ་ཐར་གྱི་རེ་བ་མཐོང་དུ་བཅུག་སོང་།

གཞི་རིམ་གྱི་བྱ་བ་སྣེ་མང་རྙོག་འཛིང་ཡིན་སྟབས། གོང་ན་རྒན་པ་གཉོར་རྒྱུ་ཡོད་ལ་ཞོལ་ན་ལོ་གསུམ་ཅན་གྱི་བྱིས་པ་སྙོར་སྐྱོང་བྱེད་དགོས་པའི་སྒྲོལ་དཀར་སྐྱིད་ལ་མཚོན་ནས་བཤད་ན། ཁྱིམ་ཚང་ཆུང་ཆུང་བློས་བཏང་སྟེ་ཁྱིམ་ཚང་ཆེན་མོར་ཁ་ཡ་བྱེད་རྒྱུ་དེ་མོའི་བྱ་བའི“གོམས་གཤིས”ཤིག་ཏུ་གྱུར། ལས་གྲོགས་རྟ་མགྲིན་རྡོ་རྗེ་ཡི་མིག་ནང་དུ། སྒྲོལ་དཀར་སྐྱིད་ཀྱི་ངལ་བ་དང་འཁང་ར་གཉིས་བཟོད་སྒོམ་བྱེད་པའི་གཤིས་སྤྱོད་དེས་དུས་རབས་གསར་པའི་གཞི་རིམ་གྱི་ལས་བྱེད་པའི་ཕུལ་བྱུང་གཤིས་སྤྱོད་ཕྱི་རུ་མངོན་ཡོད་ཟེར། ཁོས་བཤད་རྒྱུར། “ཁོ་མོ་སློབ་ཆེན་ནས་མཐར་ཕྱིན་རྗེས་ཞིང་ཆེན་དུ་བྱ་བ་བསྒྲུབས་པའི་གོ་སྐབས་བསྐྱུར་ནས། ཐེ་ཚོམ་སྤུ་ཙམ་མེད་པར་ཁྲི་ཀ་རྫོང་གི་ཆེས་དབུལ་བའི་གྲོང་རྡལ་གཅིག་པུར་ཡོང་ནས་བྱ་བ་བསྒྲུབས་པ་རེད།དབུལ་སྐྱོར་བྱ་བ་དོ་དམ་བྱེད་མཁན་གཙོ་བོའི་ཀྲིན་ཀྲང་གཞོན་པ་ཞིག་ཡིན་པའི་ཆ་ནས། སྒྲོལ་དཀར་སྐྱིད་ཀྱི་ལུས་ན་བོད་རིགས་བུད་མེད་ཀྱི་བརྟན་ཚུགས་དང་ཨུ་ཚུགས་ཡོད་ལ་མོའི་བྱ་བའི་སྤྱོད་ཚུལ་དང་། བྱ་བའི་ནུས་པས་ང་ཚོར་ཡིད་ཆེས་ཀྱིས་ཁེངས་སུ་བཅུག”ཟེར།

ཉིས་སྟོང་བཅུ་བདུན་ལོའི་ཟླ་བཞི་པའི་ཟླ་སྨད་དུ། ཏུང་ཧྥང་བརྙན་འཕྲིན་གྱི《ང་ཚོ་འགུལ་སྐྱོད་བྱེད་བཞིན་ཡོད》ཅེས་པའི་ལེ་ཚན་ཚན་ཆུང་འཕྲང་དམར་གྲོང་རྡལ་ལ་ཡོང་ནས་བརྙན་ཕབ། བརྙན་མིག་གི་མདུན་དུ། ལུས་པོ་སྐམ་ཞིང་ཕྲ་བའི་སྒྲོལ་དཀར་སྐྱིད་ཀྱིས་སྦ་གསང་མེད་པར་གཞི་རིམ་བྱ་བའི་སེམས་ཁམས་ཀྱི་འགྱུར་བ་འདི་ལྟར་གླེང་བཞིན་ཡོད་དེ། “འཕྲང་དམར་གྲོང་རྡལ་ལ་སླེབས་རྗེས། མང་ཚོགས་གང་མང་ཞིག་སྲང་ལམ་ནས་ང་དང་འཕྲད་སྐབས། ང་ལ་ཁོ་ཚོའི་འཚོ་བའི་དཀའ་སྡུག་གླེང་ཡོང་། ང་རང་སྔོན་ཆད་ཁུལ་ཐོག་ཏུ་སོང་ནས་བྱ་བ་བསྒྲུབ་པའི་གོ་སྐབས་ཡོད་མྱོང་མོད། འོན་ཀྱང་མི་མང་པོ་ཞིག་གིས་ཁོ་ཚོའི་དཀའ་གནད་མང་པོ་ཞིག་ཐག་གཅོད་པར་སྒུག་ཡོད་པ་ཡིད་ལ་དྲན།བདག་གིས་འདི་ལྟར་དྲན་མྱོང་སྟེ། གལ་ཏེ་ང་རང་སོང་རྗེས་མི་གཞན་པས་བྱ་བའི་འཕྲོ་མཐུད་མ་ཐུབ་ན་ཅི་བྱ་སྙམ། རྒྱལ་ཡོངས་ཀྱི་ས་ཕྱོགས་ཚང་མས་དབུལ་ཐར་འགག་སྒྲོལ་བྱེད་པ་མཐོང་བས་ང་རང་འདུག་རྒྱུ་ཐག་བཅད་པ་ཡིན”ཟེར། འགན་འཁྲི་དེས་བུད་མེད་ཀྱི་ཆོད་སེམས་བརྟན་པོ་མཚོན་ཡོད་ལ།དེ་བས་ཀྱང་སྒྲོལ་དཀར་སྐྱིད་ཀྱིས་གཞི་རིམ་ནས་ལེགས་སྐྱེས་འབུལ་བའི་འགྱོད་མེད་ཀྱི་ལེའུ་གསར་པ་ཞིག་བྲིས་སོང་།

ད་ལྟའི་འཕྲང་དམར་གྲོང་རྡལ་ལ་མཚོན་ན། དབུལ་སྐྱོར་ལས་གཞི་སྣ་ཚོགས་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་ལ། དབུལ་སྐྱོར་གནས་སྤོ་དོན་ཐོག་ཏུ་འཁྱོལ་བ་དང་། དངུལ་རྩའི་དབུལ་སྐྱོར“530”ལས་གཞིས་ཀུན་ལ་ཕན་ཐོགས་པ།“རོགས་རེས་མ་དངུལ”གྱི་རོགས་སྐྱོར་སོགས་གནད་ཁེལ་དབུལ་སྐྱོར་གྱི་བྱ་བ་དེ་དག་གིས་སྒྲོལ་དཀར་སྐྱིད་ཀྱི་ངར་ཤུགས་ལ་སྐུལ་འདེད་བཏང་བ་དང་། རྗེས་ཕྱོགས་ཀྱི་བྱ་བ་གླེང་སྐབས། སྒྲོལ་དཀར་སྐྱིད་ཀྱི་རེ་འདུན་མཚོན་པའི་སྐད་ཆ་ཚིག་འགས་མི་རྣམས་ལ་གོ་རྒྱུ་ཅན་གྱི་དམ་བཅའ་བཞག་པ་སྟེ།“ངའི་རེ་བ་ཡིན་ན་རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད་མུ་མཐུད་དུ་དབུལ་ཐར་འགག་སྒྲོལ་བྱ་བ་ལེགས་པོར་བསྒྲུབ་སྟེ།གནད་ཁེལ་དབུལ་སྐྱོར་གྱི་ལམ་བུའི་སྟེང་གི‘དཀའ་གནད’མང་པོ་ཐག་བཅད་དེ་མང་ཚོགས་ལ་སྔར་ལས་མང་བའི་མཐོང་རྒྱུ་དང་རེག་རྒྱུ་ཡོད་པའི་དོན་དངོས་བསྒྲུབ་རྒྱུ་ཡིན”ཟེར།
                                                                                                                               རྩོམ་སྒྲིག་པ། སྐར་མ་མཚོ།