བློ་ཁོག་ཡངས་པའི་རྩྭ་ཐང་གི་བུ་རྒོད།
2018.10.29 ཁུངས། མཚོས་ྔོན་གསར་འགྱུར་དྲ་བ། ཀློག་གྲངས། 115

ལོ་ཞེ་གསུམ་ཡིན་པའི་ཡོན་ཏན་ཚེ་དབང་ནི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་མཁར་དམར་གྲོང་རྡལ་འགྱུར་དགོན་སྡེ་བའི་འབྲོག་པ་དཀྱུས་མ་ཞིག་ཡིན་ལ། ཁོ་ནི་རྩྭ་ཐང་གི་སྐྱེས་བུ་བློ་བརྟན་གཞུང་དྲང་ཞིག་ཡིན་པ་དང་། ཁོས་སྡེ་བའི་ནང་གི་བདག་མེད་ལོ་ལོན་གཉིས་ཁྱིམ་དུ་ཁྲིད་ནས་རང་གི་ཕ་མ་ལྟར་བརྩེ་ཞིང་བཀུར་བ་དང་། བྱམས་སྐྱོང་གང་ལེགས་བྱས་པས། ལོ་ལོན་གཉིས་ཀྱིས་ཚེ་མཇུག་གི་འཚོ་བ་སྐྱིད་པོ་རོལ་ཐུབ་པ་བྱུང་།

དང་ཐོག་སྡེ་བའི་ནང་གི་མི་རྣམས་ཀྱིས་ཁྱིམ་དུ་གསེར་དངུལ་འཁྱེར་བ་མཐོང་མོད། ཁྱིམ་དུ་ལོ་ལོན་ཁྲིད་པ་མཐོང་མ་མྱོང་། ཡོན་ཏན་ཚེ་དབང་ལ་ཅི་བྱས་སོང་ངམ་ཟེར། སྡེ་བའི་ནང་གི་མི་རྣམས་ཀྱིས་དང་ལེན་བྱེད་དཀའ་བའི་གནད་དོན་དེ་དག་ལ་ཡོན་ཏན་ཚེ་དབང་དགོད་ཞོར་བཤད་རྒྱུར། གཙོ་བོ་བདག་མེད་ལོ་ལོན་ཡིན་པ་དང་སྙིང་རེ་རྗེ་བའི་བསམ་བློ་བཅངས་ནས་ད་ལྟའི་བར་ལོ་ངོ་ཉི་ཤུའི་སེམས་ཤུགས་ཕུལ་བ་ཡིན་ཟེར།

1998ལོར། ཡོན་ཏན་ཚེ་དབང་ལོ་ཉེར་གསུམ་ཡིན་པའི་ལོ་དེར། ཁོས་སྡེ་བའི་རུ་ཁག་དང་པོའི་ཨ་ཡེ་ཧ་ལུ་དང་རུ་ཁག་གསུམ་པའི་ཨ་མྱེས་ལུང་རྟོགས་གཉིས་ལ་བྱིས་པ་མེད་པ་དང་གཉོར་སྐྱོང་བྱེད་མཁན་མེད་པས། འཚོ་བ་དཀའ་ཁག་ཧ་ཅང་ཆེ་བའི་གནས་ཚུལ་ཤེས་རྗེས། སྔ་གཞུག་ཐེངས་མང་ལ་ཕྱེ་དང་གཡིས་སོགས་ཉོས་ནས་བལྟ་རུ་སོང་བ་དང་། ཁོས་ལོ་ལོན་དེ་གཉིས་ལ་ཉལ་ས་ལེགས་པོ་ཞིག་དང་ཟ་མ་བཟང་བོ་ཞིག་ཀྱང་མེད་པའི་དཀའ་སྡུག་གི་གནད་དོན་ཤེས་རྗེས། རྒན་པ་གཉིས་གཉོར་སྐྱོང་བྱེད་རྒྱུའི་བསམ་ཐག་བཅད།

སྐབས་དེར་ཁོ་ཚང་གི་ཁྱིམ་ཚང་དེ་འདྲ་ཕྱུག་པོ་མིན་རུང་། ཁོས་ཆུང་མ་རིན་ཆེན་མཚོ་ལ་བདག་མེད་ལོ་ལོན་གཉིས་བདག་སྐྱོང་བྱེད་རྒྱུའི་བསམ་ཚུལ་བཤད་རྗེས། གཤིས་རྒྱུད་བཟང་བའི་ཆུང་མ་རིན་ཆེན་མཚོ་ཡིས་ཐེ་ཚོམ་ཅི་ཡང་མེད་པར་ཁས་ལེན་བྱས། དེ་བས། ཁོ་བཟའ་ཟླ་གཉིས་ཀྱིས་རྒན་པ་དེ་གཉིས་སྔོན་བསུ་བྱེད་པའི་ཆེད་དུ་བྲེལ་མགོ་བརྩམས། འདུག་ཁང་གྲ་སྒྲིག་བྱེད་པ་དང་ཉལ་གདན་ཉོ་བ། ལྕགས་ཐབ་ཉོ་བ། ཚ་དམ་གྲ་སྒྲིག་བྱེད་པ། མལ་སའི་སྟེང་དུ་མལ་གདན་གསར་བ་འདིང་བ། གྱང་ངོས་སུ་དཀར་རག་བྱུག་པ་བཅས་བྱས་པས། ཁང་བའི་ནང་ཧ་ཅང་གཙང་བོར་གྱུར། ཡོན་ཏན་ཚེ་དབང་བཟའ་ཟླ་གཉིས་ཀྱིས་རྒན་པ་གཉིས་ཁྱིམ་དུ་བསུ་རུ་སོང་སྐབས། རྒན་པ་གཉིས་ཀྱིས་འཚོ་བ་དཀའ་ཁག་ཆེ་རུང་ཡོན་ཏན་ཚེ་དབང་ལ་དཀའ་ལས་ཕུད་མ་འདོད་པར་བསྡད། འོན་ཀྱང་། བཟའ་ཟླ་གཉིས་ཀྱིས་དོན་དག་དེ་ལྟར་མ་བསྐྱུར་བར། ཉིན་རྒྱུན་དུས་ལྟར་རྒན་པ་གཉིས་ལ་ཟ་མ་སྐྱེལ་བ་དང་། ཞོར་དུ་རྒན་པ་གཉིས་རང་ཁྱིམ་དུ་སྤོར་བའི་བསམ་བློའི་བྱ་བ་སྣ་ཚོགས་སྒྲུབས།

ཡོན་ཏན་ཚེ་དབང་བཟའ་ཟླ་གཉིས་ཀྱིས་རང་ཁྱིམ་གྱི་ལས་ཀ་བྲེལ་བ་ལས་གཞན། ཁོ་ཚོའི་ཁྱིམ་དུ་ཡར་རྒྱུག་མར་རྒྱུག་བྱེད་དགོས་པས། རྒན་པ་གཉིས་ཀྱི་སེམས་ནས་མ་བཟོད་པར། ཡོན་ཏན་ཚེ་དབང་བཟའ་ཟླ་གཉིས་ལ་ཁོམ་སྐབས་རེ་ཡོད་ཚེ་ཁོ་གཉིས་ལ་བལྟ་རུ་ཡོང་ན་ཆོག་ཅེས་བཤད། འོན་ཀྱང་། ཡོན་ཏན་ཚེ་དབང་གིས་རྒན་པ་གཉིས་ལ་རང་ཉིད་ཀྱི་ཕུགས་འདུན་དང་བསམ་ཚུལ་བཤད། “ཁྱེད་ཚོར་བལྟ་རུ་ཡོང་བའི་ཉིན་དེ་ནས་བཟུང་། ངེད་བཟའ་ཟླ་གཉིས་ཀྱིས་ཁྱེད་གཉིས་རང་ཁྱིམ་གྱི་ཕ་མ་ལྟར་བརྩི་བཞིན་ཡོད”ཞེས་བཤད། ཡོན་ཏན་ཚེ་དབང་བཟའ་ཟླ་གཉིས་ཀྱིས་རྒྱུན་འཁྱོངས་ལྷོད་མེད་བྱས་འོག ལོ་དོན་དགུ་ཡིན་པའི་ཨ་ཡེ་ཧ་ལུ་དང་ལོ་རེ་བརྒྱད་ཡིན་པའི་ཨ་མྱེས་ལུང་རྟོགས་གཉིས་ཡོན་ཏན་ཚེ་དབང་ཚང་གི་ཁྱིམ་མི་རུ་གྱུར།

རྒན་པ་གཉིས་ཁྱིམ་དུ་བསྡད་རྗེས། ཡོན་ཏན་ཚེ་དབང་བཟའ་ཟླ་གཉིས་ཀྱིས་ཉིན་རེར་ཁྱིམ་གྱི་ལས་ཀ་ལས་པ་ལས་གཞན། དུས་ཚོད་མང་པོ་ལོ་ལོན་གཉིས་ལ་བདག་སྐྱོང་བྱེད་པའི་སྟེང་བཀོལ་གྱིན་ཡོད། ཁོ་ཚོས་ཉིན་རེར་རྒན་པ་གཉིས་ལ་ཁ་བརྡ་བྱེད་རོགས་བྱས་ཏེ། ཁོ་ཚོ་སྡོད་གནས་དང་ཁ་ཟས་བཟང་བོ་བཀོལ་སྤྱོད་བྱས། རྒན་པ་གཉིས་ལ་མཚམས་ལན་རེར་ཆམ་པ་ཕོག་ཚེ། བཟའ་ཟླ་གཉིས་ཀྱིས་སྨན་ལྡུད་པ་དང་། རྒྱབ་རྡུང་བ། འཕུར་མཉེད་སོགས་བྱས་ཏེ། རྒན་པ་གཉིས་ལ་ཐུགས་ཁུར་ཟབ་མོ་བྱེད་ཀྱིན་ཡོད། འགྱུར་ལྡོག་ནི་དཔག་དཀའ་བ་ཞིག་ཡིན་པས། རྒན་པ་གཉིས་ཀྱི་ལོ་ཇེ་ཆེར་སོང་བ་དང་བསྟུན་ནས། ཁྲག་ཤེད་མཐོ་བ་སོགས་ཀྱི་ནད་བྱུང་བ་དང་། ཅང་མ་འགོར་བར་སྔ་རྗེས་བྱས་ཏེ་མིག་ལོང་བར་གྱུར། ཡོན་ཏན་ཚེ་དབང་གིས་ཆུང་མར་རྒན་པ་གཉིས་ལ་བྱིས་པ་མེད་པས། ཁོ་ཚོའི་སེམས་སུ་གནོད་པ་ཅུང་ཙམ་ཡང་ཐེབས་སུ་འཇུག་མི་རུང་ཞེས་བཤད། དུས་དེ་ནས་བཟུང་། ཁོ་ཚོས་རྒན་པ་གཉིས་ལ་ནུས་ཤུགས་གང་ཡོད་བཏོན་ནས་གཅེས་སྐྱོང་བྱས་པ་དང་། རྒན་པ་གཉིས་ཐང་ལ་འགྱེལ་བ་དང་གྲང་ངར་ཆེ་བར་བསམ་ནས། ཡོན་ཏན་ཚེ་དབང་བཟའ་ཟླ་གཉིས་ཀྱིས་སེམས་ཞིབ་མོས་ཕྱི་རུ་བགྲོད་དཀའ་བའི་ལོ་ལོན་ལ་ཆབ་ཏོག་དང་འཚོ་བའི་དངོས་རྫས་གྲ་སྒྲིག་བྱས།

ཡོན་ཏན་ཚེ་དབང་གི་བུ་མོ་ཆེ་བ་དམའ་འབྲིང་འགྲིམ་དགོས་པས་རྫོང་མཁར་དུ་སོང་ནས་སློབ་གྲྭ་འདོན་དགོས། དེ་བས། བཟའ་ཟླ་གཉིས་ཀྱིས་རྫོང་མཁར་དུ་ཁང་བ་ཞིག་གླས་པ་དང་། རྒན་པ་གཉིས་ཁྲིད་དེ་རྫོང་མཁར་དུ་སོང་ནས་བསྡད། འོན་ཀྱང་། རྒན་པ་གཉིས་དུས་ཡུན་རིང་བོར་འབྲོག་ཁུལ་དུ་བསྡད་པས་ཐོག་ཁང་དུ་བསྡད་ན་མི་གོམ་མོད། འོན་ཀྱང་། ཁོ་གཉིས་ཀྱིས་ཁ་ནས་ཅི་ཡང་མ་བཤད། ཡོན་ཏན་ཚེ་དབང་གིས་རྣམ་འགྱུར་དེ་ཤེས་པས། ཆུང་མ་དང་གྲོས་བྱས་རྗེས། བུ་མོ་ཤ་ཉེའི་ཁྱིམ་དུ་བཅོལ་རྗེས། རྒན་པ་གཉིས་ཁྲིད་དེ་རྩྭ་ཐང་དུ་ཕྱིར་ལོག

སྟོན་དཔྱིད་རུ་བ་སྤོར་བའི་སྐབས་སུ། ཡོན་ཏན་ཚེ་དབང་གིས་ཆུང་མ་ཁྱིམ་དུ་ལོ་ལོན་གཉིས་ལ་བདག་སྐྱོང་བྱེད་དུ་འཇུག་པ་དང་། ཁོ་གཅིག་པུས་ནོར་ལུག་དེད་དེ་དངོས་པོ་རྟ་ཐོག་ཏུ་བཀལ་ནས་སྤྱི་ལེ་བཅུ་ཕྲག་འགའ་ཡོད་པའི་དབྱར་ས་རུ་སོང་ནས་རས་གུར་ཕིབ་པ་དང་། ཕྱུགས་ར་ལས་ཏེ་ཡོད་ཚད་གྲ་སྒྲིག་བྱས་རྗེས། ད་གཟོད་རྒན་པ་གཉིས་དབྱར་ས་རུ་ཁྲིད་ནས་འཚོ་བ་རོལ་བཞིན་ཡོད།

2016ལོའི་ཚུན་ལ། ཡོན་ཏན་ཚེ་དབང་བཟའ་ཟླ་གཉིས་ཀྱིས་རྒན་པ་གཉིས་ཀྱི་ལོ་ཧ་ཅང་ཆེ་བས་མཚོ་ངོས་ལས་མཐོ་བའི་དབྱར་ས་རུ་འཚོ་བ་རོལ་ན་དཀའ་ཁག་ཆེ་སྙམ་ནས། གྲོན་ཆུང་བྱས་ཏེ་བསགས་པའི་སྒོར་མོས་ཕྱུགས་འཚོ་མཁན་ཞིག་གླས་པ་དང་། བཟའ་ཟླ་གཉིས་ཀྱིས་ལོ་ལོན་གཉིས་ལ་བདག་སྐྱོང་བྱས།

རྒན་པ་གཉིས་ཀྱིས་སེམས་སུ་བདེ་སྐྱིད་ལྡན་ཡོད། དུས་རྒྱུན་ཉེ་འགྲམ་གྱི་མི་རྣམས་ལ་སྤོབས་པས་བཤད་རྒྱུར། ལོ་འདི་འདྲའི་མང་པོའི་རིང་། ཁོ་ཚོས་དུས་རྒྱུན་ངེད་གཉིས་ལ་ལྭ་བ་གསར་བ་གོན་པ་དང་། ཟ་མ་ལེགས་པོ་ལས་པས། བྱིས་པ་ཡོད་པའི་རྒན་པ་ལ་ལས་ང་ཚོའི་འདི་ལྟ་བུའི་བདེ་སྐྱིད་ཀྱི་འཚོ་བ་རོལ་ཐུབ་ཀྱིན་མེད། ཡོན་ཏན་ཚེ་དབང་ང་ཚོའི་བྱིས་པ་མིན་རུང་། རང་གི་བྱིས་པ་ལས་ཀྱང་བཟང་བས། ང་ཚོར་འདི་ལྟ་བུའི་བུ་དང་བུ་མོ་ཡོད་པས་སེམས་སུ་བདེ་སྐྱིད་དང་ཡིད་ཚིམས་ཡོད་ཟེར།

ལོ་ཙཱ་བ། ཤ་བོ་རིན་མཚོ།