སློབ་ཁྲིད་བྱེད་དོན་ནི་མི་སྐྱེད་སྲིང་བྱ་ཆེད་ཡིན།
2018.11.12 ཁུངས། མཚ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 83

ད་ལོའི་ཟླ9པའི་ཚེས10ཉིན་གྱི་སྔ་དྲོའི་དུས་ཚོད8དང་སྐར་མ45སྟེང་། རྒྱལ་ཡོངས་ཀྱི་སློབ་ཁྲིད་བྱས་ཏེ་མི་སྐྱེད་སྲིང་བྱེད་པའི་མིག་དཔེ། ཏ་ཐུན་རྫོང་སློབ་འབྲིང་གཉིས་པའི་དགེ་རྒན་གཡང་མོ་སྐྱིད་ཀྲུང་གོའི་སློབ་གསོའི་བརྙན་འཕྲིན་ཁང་གི་གདན་ཞུའི་སྐུ་མགྲོན་ཡིན་པ་དང་མོས་བཅར་འདྲི་དང་ལེན་བྱས། དེ་དུས་ཏ་ཐུན་རྫོང་སློབ་འབྲིང་གཉིས་པའི་མཐོ་གཉིས་འཛིན(གཅིག)གི་སློབ་ཁང་དུ། སློབ་མ་ཚོས་བློ་རྩེ་གཅིག་སྒྲིམ་གྱིས་ཁོ་ཚོའི་དགེ་རྒན་ལ་ལྟ་བཞིན་འདུག

དགེ་རྒན་གཡང་མོ་སྐྱིད་ནི་བོད་རིགས་བུད་མེད་ཅིག་ཡིན་ལ། 1974ལོར་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་དུ་སྐྱེས། 1996ལོར་མཚོ་སྔོན་དགེ་འོས་སློབ་གྲྭའི་ཆེད་སྦྱོང་ཚན་ཁག་གི་སློབ་གླིང་ནས་མཐར་ཕྱིན་རྗེས། ཏ་ཐུན་རྫོང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་ཧྲུའོ་པེ་བོད་རིགས་ཞང་ལྟེ་གནས་སློབ་གྲྭའི་རྒྱ་ཡིག་དགེ་རྒན་དུ་ལས་བགོས་བྱས། 2005ལོར་ཏ་ཐུན་རྫོང་སློབ་འབྲིང་གཉིས་པར་རྒྱུགས་སྤྲད་དེ་ལོ་རྒྱུས་དགེ་རྒན་བྱས།

“ང་ནི་དགེ་རྒན་ཕལ་བ་ཞིག་ཡིན”འདི་ནི་དགེ་རྒན་གཡང་མོ་སྐྱིད་ཀྱིས་དུས་རྒྱུན་བཤད་པའི་སྐད་ཆ་རེད། སློབ་གསོ་བདམས་ཚེ། ལས་བྲེལ་ཆེ་བ་དང་ཕངས་མེད་གསོལ་འབུལ་བྱེད་རྒྱུ་བདམས་པ་ཡིན།

ཁོ་མོ་ཡོད་པས། བྱིས་པ་ལ་ལའི་ལས་དབང་ལ་འགྱུར་ལྡོག་བྱུང་། དགེ་རྒན་བྱས་པའི་ལོ་ངོ་ཉེར་གཉིས་ཀྱི་རིང་ལ། མོས་སྔ་རྗེས་སུ་ཤ་ཁྲག་གི་འབྲེལ་བ་ཅི་ཡང་མེད་པའི་བྱིས་པ6རང་ཁྱིམ་ནས་སྡོད་དུ་བཅུག རིན་མི་ལེན་པར་ཁོ་ཚོའི་སློབ་སྦྱོང་དང་འཚོ་བར་ལྟ་རྟོག་དང་། མཐར་ཕྱིན་རག་བར་དུ་རོགས་སྐྱོར་གནང་སྟེ་ཁོ་ཚོ་སློབ་ཆེན་དུ་བསྐྱལ། མོས“བྱིས་པ་མ་རབས”མི་ཉུང་བ་ཞིག་ཀྱང་ཁྱིམ་ཚང་དང་འགྲིག་མཐུན་བྱེད་དུ་བཅུག་ཅིང་། འཇོན་མིར་འགྱུར་བའི་ལམ་ལ་བསྐྱོད་དུ་བཅུག་པ་རེད། མོས་ཐོག་མཐའ་བར་གསུམ་དུ་སློབ་མའི་མི་གཤིས་གསོ་སྐྱོང་བྱེད་པ་ནི་ཆེས་གལ་ཆེ་བར་བཞག་ཡོད། སློབ་མས་སྙིང་ཉེ་བའི་ངང་མོའི་མིང་ལ“ཨ་མ་གཡང་མོ”ཞེས་འབོད་བཞིན་འདུག

དཀའ་ལས་བརྒྱབ་ན་འབྲས་བུ་ཡོད་ངེས། “རྒྱལ་ཡོངས་གསུམ་བརྒྱད་མིག་དཔེ”“མཚོ་སྔོན་ཞིང་ཆེན་གྱི་གསུམ་བརྒྱད་མིག་དཔེ”“ཟི་ལིང་གྲོང་ཁྱེར་གྱི་རྐང་འཛིན་དགེ་རྒན”“ཟི་ལིང་གྲོང་ཁྱེར་གྱི་དཔེ་ཁྲིད་འཇོན་མི”“ཟི་ལིང་གྲོང་ཁྱེར་གྱི་ཕུལ་བྱུང་འཛིན་བདག”བཅས་ཀྱི་མཚན་སྙན་ཐོབ་མྱོང་ལ།ཉིན་ཤས་སྔོན་ལ། མི་ཀུན་གྱིས་བཀུར་བསྟི་ཐོབ་པའི་བུད་མེད་དགེ་རྒན་འདི་ཉིད་སློབ་གསོ་པུའུ་ཡིས་རྒྱལ་ཡོངས་ཀྱི་སློབ་ཁྲིད་བྱས་ཏེ་མི་སྐྱེད་སྲིང་བྱེད་པའི་མིག་དཔེ་རུ་དཔྱད་བསྡུར་འདེམས་བསྐོ་བྱས།

“རྒན་ལགས། དོ་དགོང་ང་ཁྱིམ་དུ་དགོང་ཟས་ཟ་རུ་ཡོང་ངེས”ཟླ9པའི་ཚེས5ཉིན་གྱི་ས་སྲོད་ཀྱི་དུས་སུ། གཡང་མོ་སྐྱིད་ལ་འཕྲིན་ཕྲན་འདི་ལྟ་བུ་ཞིག་འབྱོར། འཕྲིན་འདི་བསྐུར་མཁན་གཞན་མ་ཡིན་ཏེ། ཏག་ཏག2006ལོ་ནས་བཟུང་གཡང་མོ་སྐྱིད་ཚང་དུ་ལོ་གསུམ་ལ་བསྡད་མྱོང་བའི་ཝང་ཧའོ་རེད།

དེ་དུས། དགེ་རྒན་གཡང་མོ་སྐྱིད་ཏ་ཐུན་རྫོང་སློབ་འབྲིང་གཉིས་པར་ལས་གནས་སྤོར་མ་ཐག་ཡིན་པར་མ་ཟད། འཛིན་བདག་གི་འགན་བཞེས།

དགུན་ཐོན་ལ་ཉེ་མོད།དགེ་རྒན་གཡང་མོ་སྐྱིད་ཀྱིས་འཛིན་གྲྭའི་སློབ་སྡོད་སློབ་མ་ཝང་ཧའོ་ཡིས་སྔར་བཞིན་ལུས་ལ་སློབ་ལྭ་སྲབ་མོ་དང་། རྐང་པར་མཛུབ་མོ་འཇུར་བའི་འགྱིག་ལྷམ་ཧྲུལ་པོ་ཞིག་གྱོན་ཡོད་པ་མཐོང་། གཡང་མོ་སྐྱིད་ཀྱིས་རྒྱུས་ལོན་བྱས་རྗེས་ད་གཟོད་ཝང་ཧའོ་ཡི་ཁྱིམ་ཞིང་སྡེ་རུ་ཡོད་ལ། ཨ་མ་ཡུན་རིང་ནད་ཀྱིས་མནར་ཡོད་པ་དང་། འཚོ་བར་ཤིན་ཏུ་དཀའ་ཁག་ཆེ། ཐ་ན་གཟའ་འཁོར་རེར་ཁྱིམ་དུ་ལོག་པའི་རླངས་འཁོར་གྱི་གླ་སྒོར་ལྔ་ཡང་སྟེར་བའི་ནུས་པ་མེད་པ་རེད། ཉིན་རེའི་ཟས་ཐུན་གསུམ་ནི་རླངས་འཁོར་ཁ་ལོ་བར་བསྐུར་ཡོང་བའི་གོ་རེ་ལ་བརྟེན་བཞིན་ཡོད་པའི་གནས་ཚུལ་ཤེས།

ཝང་ཧའོ་སྤྱང་གྲུང་འཛོམས་ཤིང་སློབ་སྦྱོང་ལ་དགའ་མོད།ཁྱིམ་གྱི་གནས་ཚུལ་གྱིས་སློབ་མ་དེར་མདུན་སྐྱོད་ཀྱི་སྤོབས་སེམས་རྨང་ནས་ཞི་འདུག དགེ་རྒན་གཡང་མོ་སྐྱིད་ཀྱིས་ཝང་ཧའོ་རང་ཁྱིམ་ནས་སྡོད་དུ་འཇུག་རྒྱུར་ཐག་བཅད། རང་གི་བུ་ཕྲུག་ཇི་བཞིན་ཁོ་སྙོར་སྐྱོང་བྱས། དུས་རྒྱུན་མོས་ཝང་ཧའོ་ལ་མདུན་ལམ་ཡོད་པའི་མི་ཞིག་བྱེད་པར་སྐུལ་མ་བཏང་། ཝང་ཧའོ་མོའི་ཁྱིམ་དུ་ལོ་གསུམ་ལ་བསྡད་པ་དང་། དགེ་རྒན་གཡང་མོ་སྐྱིད་དང་མོའི་ཁྱོ་གས་ཝང་ཧའོ་ཡི་སློབ་རིན་ཚབ་སྤྲོད་དང་། ལྭ་བ་བཀྲུ་བ།ཟ་མ་གཡོས་སྦྱོར་བྱེད་པ། ལྭ་དང་ལྷམ་ཉོ་བ་བཅས་བྱས་པར་མ་ཟད། དམའ་འབྲིང་སློབ་མཐར་ཕྱིན་མ་ཐག་པའི་ཁོའི་ནུ་བོའི་ཆེད་དུ་ཡར་རྒྱུག་མར་རྒྱུག་དང་བློ་འདོན་ཇུས་འགོད་ཀྱང་བྱས། ཝང་ཧའོ་ལ་ན་ཚ་བྱུང་དུས། ཐག་རིང་གི་རི་ཁུལ་ན་ཡོད་པའི་ཁོའི་ཕ་མས་གནས་ཚུལ་གཅིག་ཀྱང་མི་ཤེས་མོད། དགེ་རྒན་གཡང་མོ་སྐྱིད་བཟའ་མི་གང་བོས་ཁོ་ལ་བདེ་སྡུག་འདྲི་བ་དང་། ནད་དྲག་རག་བར་དུ་ཁོ་ཁྲིད་དེ་ཁབ་རྒྱག་པ་དང་སྨན་ལེན་དུ་སོང་བ་རེད།

2009ལོའི་མཐོ་རྒྱུགས་སྐབས་སུ། ཝང་ཧའོ་ཡིས་ཏ་ཐུན་རྫོང་གི་རིག་ཚན་གྱི་ཨང་བཞི་པ་དང་། མཚོ་སྔོན་ཞིང་ཆེན་གྱི་རིག་ཚན་གྱི་ཨང་དོན་གཉིས་པའི་ཕུལ་བྱུང་རྒྱུགས་འབྲས་བླངས་པར་བརྟེན་ནས་ཀྲུང་གོའི་སྲིད་ཁྲིམས་སློབ་ཆེན་གྱིས་སློབ་བསྡུ་བྱས། སློབ་ཆེན་དུ་སློབ་སྦྱོང་བྱེད་དུས་ཝང་ཧའོ་ཡིས་གཡང་མོ་སྐྱིད་ལ“རྒན་ལགས། ཁྱེད་ཉིད་ང་ལ་མཚོན་ན། ཨ་མ་མིན་ཡང་ཨ་མ་ལས་ལྷག”“རྒན་ལགས་ཀྱི་ཁྱིམ་ནི་ངའི་ཁྱིམ་ཡིན”ཟེར།ད་ལྟ། ཝང་ཧའོ་ནི་ཏ་ཐུན་རྫོང་སྲིད་གཞུང་གི་གཞུང་ཞབས་པ་ཞིག་ཏུ་གྱུར་ཡོད། ཁྱིམ་གཉིས་ནི་ཁྱིམ་གཅིག་ལྟར་སྙིང་ཉེ་བ་རེད།

ཝང་ཧའོ་སློབ་ཆེན་དུ་བསྐྱལ་ནས་ཉིན་འགའ་ལས་འགོར་མེད་མོད། ཁང་པ་ཆུང་ཆུང་འདིའི་ནང་དུ་ཡང་མགྲོན་པོ་གསར་པ་ཞིག་ཐོན། དེ་ནི་ཡན་ཡན་རེད། རིག་ཚན་དང་རྩིས་ཚན་མ་བཀར་གོང་། མོ་ནི་དགེ་རྒན་གཡང་མོ་སྐྱིད་ཀྱི་འཛིན་གྲྭའི་སློབ་མ་རེད། ཡན་ཡན་གྱི་ཕ་མ་གཉིས་ནི་ས་ཐག་རིང་ཞིན་ཅང་ས་ཆ་རུ་ཞོར་ལས་ལ་སོང་ཡོད། ཡུན་རིང་བོར་བརྩེ་བ་ཐོབ་མ་ཐུབ་པའི་རྐྱེན་གྱིས། ཡན་ཡན་གྱི་གཤིས་ཀ་ནི་ཉིན་རེ་ནས་ཉིན་རེར་ཁ་གྲག་རྒྱུར་མི་དགའ་བ་ཞིག་ཏུ་གྱུར།སློབ་སྦྱོང་གི་གྲུབ་འབྲས་ཉིན་རེར་ཇེ་ཞན་དང་། ཕལ་ཆེར་སློབ་སྦྱོང་བྱེད་པའི་འདུན་པ་ཉམས་སོང་བ་རེད། མཐོ་གསུམ་སྐབས་སུ། ཡན་ཡན་གྱི་ཕ་མས་དགེ་རྒན་གཡང་མོ་སྐྱིད་བཙལ་ཡོང་། ཁོ་གཉིས་ཀྱིས་བུ་མོའི་སློབ་སྦྱོང་དང་འཚོ་བར་ཤིན་ཏུ་སེམས་ཁྲལ་བྱེད་བཞིན་ཡོད། དགེ་རྒན་གཡང་མོ་སྐྱིད་ཚང་དུ་བུ་མོ་སྡོད་ཐུབ་མིན་ལ་གྲོས་བསྡུར་བྱས།

དགེ་རྒན་གཡང་མོ་སྐྱིད་ཀྱི་བསམ་པར། སློབ་མའི་མི་ཚེ་གང་བོའི་ཆེད་དུ། དཀའ་ཚེགས་མྱངས་ན་ཅི་སྐྱོན། མོས་ཡན་ཡན་ཕ་མ་གཉིས་ཀྱི་རེ་བ་བསྐངས།ཡན་ཡན་ཉིན་རེའི་ཞོགས་པའི་དུས་ཚོད6དང་སྐརམ40སྟེང་སློབ་ཁང་དུ་ཐོན་དགོས། ཡན་ཡན་གྱི་གཉིད་ཡུན་ཅུང་ཙམ་བསྲིང་ཆེད། ཉིན་རེའི་ཞོགས་པར་གཡང་མོ་སྐྱིད་ཀྱིས་ཞོགས་ཟས་གཡོས་སྦྱོར་བྱས་རྗེས།སྒེའུ་ཁུང་གི་འགྲམ་དུ་བཞག་ནས་འཁྱག་རྗེས་ཁོ་མོར་བཟའ་རུ་འཇུག་གིན་ཡོད། ཉིན་གུང་དང་དགུང་མོར། གཡང་མོ་སྐྱིད་བྲེལ་འཚུབ་ངང་ཁྱིམ་དུ་ལོག་སྟེ། ཡན་ཡན་ཁྱིམ་དུ་མ་ཐོན་གོང་ལ་ཟས་ཁོལ་མ་སྒྲོག་ཙེའི་སྟེང་སྒྲིག་བཞིན་ཡོད་པ་རེད། ཡན་ཡན་གྱིས་དགེ་རྒན་གཡང་མོ་སྐྱིད་ལ་བཤད་པའི་སྐད་ཆ་ཆེས་མང་བ་ནི། “རྒན་ལགས། ཁྱེད་ནི་ངའི་ཨ་མ་དང་འདྲ”ཞེས་པ་དེ་རེད། 2010ལོའི་མཐོ་རྒྱུགས་སྐབས་སུ། ཡན་ཡན་གྱིས་གྲུབ་འབྲས་ཕུལ་བྱུང་བླངས་ཏེ་ཀྲུང་པེ་སློབ་ཆེན་དུ་རྒྱུགས་འཕྲོད།

ལོ22ཀྱི་རིང་ལ། སྔ་གཞུག་ཏུ་སློབ་མ6ནི་ལོ་གཅིག་གམ་ལོ་གཉིས། ཡང་ན་ལོ་གསུམ་གྱི་རིང་ལ་དགེ་རྒན་གཡང་མོ་སྐྱིད་ཚང་དུ་བསྡད། ཉལ་ཁང་དེ་ལ་ཡང་དགེ་རྒན་གཡང་མོ་སྐྱིད་ཀྱི་བུ་མོས“སློབ་མའི་འགྲུལ་ཁང”ཞེས་མིང་བཏགས་ཡོད།སློབ་མ་འདི་དག་ནི། ལ་ལ་ཁྱིམ་ཚང་ལ་རྐྱེན་ངན་གོད་ཆག་བྱུང་བ་དང་། ལ་ལ་གཟུགས་ཞན་ནད་མང་ཡིན་པ། ལ་ལ་འཛུལ་སའི་ཁྱིམ་མེད་པ་རེད། འོན་ཀྱང་ཚང་མ་གནས་འདི་ནས་གཅིག་འཕྲོར་གཅིག་བྱས་ཏེ་སློབ་ཆེན་དུ་ཚུད་པ་རེད།

སློབ་ཁྲིད་བྱས་ཏེ་མི་སྐྱེད་སྲིང་བྱེད་པའི་བྱ་བའི་ཁྲོད། དགེ་རྒན་གཡང་མོ་སྐྱིད་ཀྱིས་སློབ་མ་ནི་རང་གི་བུ་ཕྲུག་ལྟ་བུར་བརྩིས་པར་མ་ཟད། གསར་སྐྲུན་བྱེད་སྟངས་དང་རིག་པར་གཞིགས་ནས་སློབ་གསོ་གཏོང་བ་གཙིགས་སུ་འཛིན།

དགེ་རྒན་གཡང་མོ་སྐྱིད་ཀྱིས་འཛིན་གྲྭ་རུ་ཕུལ་བྱུང་དཔྱད་ཞིབ་ཀྱི་བྱེད་ཐབས་ཁྱབ་སྤེལ་བཏང་། གཟའ་འཁོར་རེའི་གཟའ་ཟླ་བའི་ཉིན། མོས་བསམ་བློ་ཞིབ་ཏུ་བཏང་ནས་ཇུས་འགོད་བྱས་པའི་འཛིན་གྲྭའི་འགྲན་སྡུར་རེའུ་མིག་ནག་པང་གི་གམ་དུ་སྦྱར། ནང་དོན་ནི་སློབ་ཞུགས་ཚད་དང་། ལས་བྱ་སྤྲོད་ཐེངས། མིང་ཚིག་ཉན་འབྲི། སློབ་སྡོད་སློབ་མའི་གཙང་སྦྲ། དཔལ་ཡོན་གུས་ཞབས་བཅས་དང་འབྲེལ་ཡོད། གཟའ་འཁོར་རེར་འཛིན་གྲྭ་ལས་སྤྱི་བསྡོམས་ཐེངས་ཤིག་བྱེད་ངེས། ཨང་རིམ་དང་པོ་ཐོབ་མཁན་གྱི་ཚན་ཆུང་ལ་བྱ་དགའ་ཐོབ་པ་དང་། སྤྱི་རྒྱུགས་ཀྱི་གསུམ་བཟང་སློབ་མའི་དཔྱད་བསྡུར་བཅས་ཀྱི་གཞི་འཛིན་ས་ཡང་དེ་བྱེད་པ་རེད།

ཆེས་ཐོག་མར་ཕུལ་བྱུང་དཔྱད་ཞིབ་བྱེད་ཐབས་ཚོད་ལྟ་བྱས་པའི་འཛིན་གྲྭ་དེ། ལོ་གཅིག་གི་རྗེས་སུ་འཛིན་གྲྭའི་སློབ་མའི་སྐར་འབྲས་ནི་ལོ་རིམ་གཅིག་པའི་མཐའ་མ་ནས་ཐད་ཀར་སྔོན་གྲལ་དུ་སླེབས།

སློབ་ཁྲིད་ཀྱི་གོ་རིམ་ཁྲོད། དགེ་རྒན་གཡང་མོ་སྐྱིད་ཀྱིས་ད་དུང་ཏ་ཐུན་རྫོང་གི་ཀུན་སྤྱོད་དཔེ་ལེགས་པ་ལུའི་པིང་ཧྥེང་དང་ཀུའུ་ཅུན་ལིན་གཉིས་གདན་འདྲེན་བྱས་ཏེ་མཚན་འཛིན་འཛིན་བདག་གི་འགན་གཞེས་སུ་བཅུག ཁོང་གཉིས་སློབ་ཁང་དུ་ཡོང་སྟེ། རང་ཉིད་ཀྱི་མྱོང་བ་དངོས་ཀྱིས་བྱིས་པ་ཚོར་ཕུགས་འདུན་དགོས་པའི་ངར་སློང་སློབ་གསོ་དང་དྲིན་གཟོའི་སློབ་གསོ་བཏང་།

བྱེད་ཐབས་དེ་དག་གིས་སློབ་མ་ཚོའི་ཤེས་རྒྱ་དང་མཐོང་རྒྱ་བསྐྱེད། ཚང་མས་བཤད་རྒྱུར། དགེ་རྒན་གཡང་མོ་སྐྱིད་ཀྱི་སློབ་མ་ཚང་མ་བསམ་ཤེས་ཡིན་ལ། རང་ཉིད་ཀྱི་ཕ་མར་ཤ་ཚ་ཞིང་རྒན་ལ་བརྩི་བཀུར་བྱེད་པ་ཏག་ཏག་རེད་ཟེར། དགེ་རྒན་གཡང་མོ་སྐྱིད་ཀྱིས་སྐྱེད་སྲིང་བྱས་པའི་སྐབས་རེ་རེའི་སློབ་མ་ནི་གཞན་དང་མི་མཐུན་པས། འཛིན་གྲྭ་གཞན་པའི་ཁྱིམ་བདག་དང་དགེ་རྒན་ལ་དངོས་གནས་ཡིད་སྨོན་སྐྱེས་སུ་བཅུག 2016ལོའི་ཟླ3པར། དགེ་རྒན་གཡང་མོ་སྐྱིད་ཀྱིས་ཀུན་སྤྱོད་སློབ་གསོའི་ཕྱོགས་ནས་གྲུབ་འབྲས་འབུར་ཐོན་བླངས་སྟབས། ཏ་ཐུན་རྫོང་སློབ་གསོ་ཅུའུ་ཡིས“ཏ་ཐུན་རྫོང་གཡང་མོ་སྐྱིད་ཀུན་སྤྱོད་སློབ་གསོ་ལས་སྒྲུབ་ཁང”འཛུགས་རྒྱུ་ཐག་བཅད། ལས་སྒྲུབ་ཁང་བཙུགས་ཚུན་ལ། དགེ་རྒན་གཡང་མོ་སྐྱིད་ཀྱིས་ཁྲིད་སྟོན་བྱས་པ་བརྒྱུད། རྫོང་ཡོངས་ཀྱི་སློབ་གྲྭ་སོ་སོས་ཀུན་སྤྱོད་སློབ་གསོས་མི་གསོ་སྐྱོང་བྱེད་པའི་དཔེ་དབྱིབས་གསར་པ་འཚོལ་ཞིབ་དང་། ནུས་ལྡན་རང་བཞིན་གྱི་འཛིན་གྲྭའི་ཚོགས་འདུའི་དཔེ་དབྱིབས་འཚོལ་ཞིབ་བྱེད་པ། མ་རབས་སློབ་མར་དམིགས་ཏེ“བྱང་བུ་དང་ཡིག་ཚགས་བཟོ་བ། གནད་ཁེལ་གསོ་སྐྱོང”དཔེ་དབྱིབས་འཚོལ་ཞིབ་བྱེད་པ་བཅས་ཀྱི་འཚོལ་ཞིབ་བྱེད་པའི་མཐོ་རླབས་ཤིག་འཕྱུར་བར་མ་ཟད། ཏ་ཐུན་གྱི་ཁྱད་ཆོས་ལྡན་པའི་ཀུན་སྤྱོད་སློབ་གསོའི་དཔེ་དབྱིབས་ཤིག་རིམ་གྱིས་གྲུབ། ད་ལྟ་ཏ་ཐུན་རྫོང་ཡོངས་སུ“གཡང་མོ་སྐྱིད་ཀྱི་ལས་སྒྲུབ་ཁང”ཉེར་གཉིས་བཙུགས་ཡོད་པ་དང་། དགེ་རྒན་གཡང་མོ་སྐྱིད་དང་མོའི་ལས་གྲོགས་ཚོས་གསར་འཛུགས་བྱས་པའི་ཀུན་སྤྱོད་སློབ་གསོའི་དཔེ་དབྱིབས་ཤུགས་ཆེན་པོས་ཁྱབ་གདལ་དུ་གཏོང་བཞིན་ཡོད།