ཚེ་རིང་ཆོས་སྐྱབས་དང་ཁོའི་ཁོར་ཡུག་སྲུང་སྐྱོབ་མཐུན་ཚོགས།
2018.11.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 64

ཚེ་རིང་ཆོས་སྐྱབས་ནི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་སྤྱི་སྟོད་ཞང་གི་འབྲོག་པ་དཀྱུས་མ་ཞིག་ཡིན་ལ། གཙང་གསུམ་འབྱུང་ཡུལ་ནས་སྐྱེས་པའི་ཚེ་རིང་ཆོས་སྐྱབས་ལ་མཚོན་ན། ཁོར་ཡུག་སྲུང་སྐྱོབ་ལ་རྒྱུས་ལོན་དང་ངོས་ཟིན་ཟབ་མོ་ཡོད།

ཚེ་རིང་ཆོས་སྐྱབས་ཀྱིས་བཤད་རྒྱུར། ང་ཚོས་ས་ཆ་འདི་ལ་བརྟེན་ནས་ཟ་མ་ཟ་བཞིན་ཡོད་པས། ས་གཞི་འདིའི་ང་ཚོ་གསོ་སྐྱོང་བྱས་པ་རེད། དེ་སྔོན་ང་ཚོས་ཁོར་ཡུག་ལ་བདག་སྐྱོང་བྱེད་མ་ཤེས་པས་ཕམ་ཁ་ཡང་བྱུང་མྱོང་ལ། ངའི་སེམས་ནས་སྐྲག་སྣང་ཡང་སྐྱེས་མྱོང་། འོན་ཀྱང་། ད་ལྟ་ད་དུང་འཕྱི་མེད། ངས་སྲུང་སྐྱོབ་བཟང་བོ་བྱེད་དགོས་ཟེར།

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་བཙུགས་པ་དང་བསྟུན་ནས། རྒྱལ་ཁབ་ཀྱིས་སྐྱེ་ཁམས་ལ་མཐོང་ཆེན་བྱེད་བཞིན་ཡོད་པ་དང་། ཁྱད་པར་དུ་ཡུལ་ཤུལ་གྱི་མཛེས་སྡུག་ལྡན་པའི་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་བྱེད་རྒྱུ་ནི་ལྡོག་མེད་ཀྱི་ལས་འགན་ཞིག་རེད།

ཚེ་རིང་ཆོས་སྐྱབས་ཀྱིས་དང་ཐོག་གད་སྙིགས་འཐུ་བ་དང་ཆུ་འགྲམ་གྱི་གད་སྙིགས་གཙང་སེལ་བྱེད་པ་སོགས་ཀྱི་བྱ་བ་ཆུང་ངུ་ནས་མགོ་བརྩམས་པ་མ་ཟད། ཁྱིམ་མི་ཡི་སྣེ་ཁྲིད་དེ་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐད་རང་ཉིད་ཀྱི་ནུས་ཤུགས་གང་ཡོད་བཏོན།

ཚེ་རིང་ཆོས་སྐྱབས་ཀྱིས་བཤད་རྒྱུར། ཁྱིམ་ཚང་གཅིག་གི་ནུས་པར་ཚད་ཡོད་པས། དང་ཐོག་ཁྱིམ་མི་རྣམས་ཀྱིས་ཤེས་རྟོགས་ཆེན་པོ་བྱེད་བཞིན་མེད་ལ། ངས་དེ་ལྟར་སྒྲུབ་ན་དོན་སྙིང་མེད་སྙམ་བཞིན་ཡོད། འོན་ཀྱང་། ང་རང་ཉིད་ཀྱིས་མུ་མཐུད་དུ་དེ་ལྟར་སྒྲུབ་ལ། རང་ཉིད་ཀྱི་བྱ་སྤྱོད་ལ་བརྟེན་ནས་ཁོ་ཚོ་ཁོར་ཡུག་སྲུང་སྐྱོབ་ཀྱི་གལ་ཆེན་རང་བཞིན་རྟོགས་སུ་བཅུག་པ་ཡིན་ཟེར།

དུས་ཀྱི་འཕོ་འགྱུར་དང་བསྟུན་ནས། ཚེ་རིང་ཆོས་སྐྱབས་ཀྱིས་ཉིན་རེ་རེ་བཞིན་ཆུ་འགྲམ་གྱི་གད་སྙིགས་གཙང་སེལ་བྱས་པས། ཆུ་འགྲམ་གཙང་མར་གྱུར་ལ་སེམས་སུ་སྤྲོ་སྐྱིད་ཀྱི་སྣང་བ་སྟེར་སྲིད། རིམ་བཞིན་ཁྱིམ་གྱི་མི་རྣམས་ཀྱི་རྒྱབ་སྐྱོར་ཐོབ་ལ། ཚང་མ་མཉམ་དུ་ཟབ་ཞུགས་བྱས་པས། ཚེ་རིང་ཆོས་སྐྱབས་ཀྱིས་ལས་ཀ་དེ་མུ་མཐུད་དུ་ལས་འདོད་པའི་སྤོབས་པ་བསྩལ།

དུས་རྒྱུན་གྱི་འཚོ་བའི་ཁྲོད། ཚེ་རིང་ཆོས་སྐྱོབས་ཀྱིས་ས་གནས་ཀྱི་མི་རྣམས་ལ་ཁོར་ཡུག་སྲུང་སྐྱོབ་ཀྱི་འབྲེལ་ཡོད་ཤེས་བྱ་དྲིལ་སྒྲོག་བྱེད་པར་རང་ཉིད་ཀྱི་རྒྱུད་ན་ཤེས་བྱ་ཞན་པས། ཁོ་རང་ཉིད་ཀྱིས་སློབ་སྦྱོང་བྱེད་མགོ་བརྩམས་པ་དང་། སློབ་སྦྱོང་བཟང་བོ་བྱས་རྗེས། ཚང་མར་གཙང་གསུམ་འབྱུང་ཡུལ་ནི་རྒྱལ་ཁབ་དང་མི་རིགས་ལ་མཚོན་ན་ཧ་ཅང་གལ་ཆེན་ཡིན་པ་རྟོགས་སུ་བཅུག་པ་མ་ཟད། ཚང་མར་སྐྱེ་ཁམས་ཁོར་ཡུག་གི་ཧུར་བརྩོན་རང་བཞིན་སྐུལ་སློང་བྱས།

2014ལོའི་ཟླ་བདུན་པར། ཚེ་རིང་ཆོས་སྐྱབས་ཀྱིས་ཁོར་ཡུག་སྲུང་སྐྱོབ་མཐུན་ཚོགས་ཤིག་རྩ་འཛུགས་བྱས། མཐུན་ཚོགས་བཙུགས་མ་ཐག མང་ཚོགས་མང་པོ་རང་འགུལ་སྒོས་དེའི་ཁྲོད་ཟབ་ཞུགས་བྱས་པ་དང་། ཁོ་ཚོའི་ཁྲོད་རྒན་པ་དང་བྱིས་པ་ཡོད་མང་པོ་ཡོད་པས། ཚེ་རིང་ཆོས་སྐྱབས་དགའ་ཞིང་བློ་བདེ་བར་གྱུར་བ་མ་ཟད། མ་འོངས་པར་སྔར་ལས་ཕུགས་འདུན་ཡོད་པར་གྱུར།

ཚེ་རིང་ཆོས་སྐྱབས་ཀྱིས་བཤད་རྒྱུར། “ཐེངས་འགར་གད་སྙིགས་ཅུང་མང་པས། མི་ཤུགས་ཀྱིས་མི་འདང་བ་དང་། རླངས་འཁོར་དུ་ལྡུག་དཀའ་བས། རྫོང་མཁར་དུ་སོང་ནས་རྐོ་འདོན་འཕྲུལ་ཆས་གཅིག་དང་ལྡུག་འཁོར་གཅིག་གླས་པ་དང་། ཐེངས་དེར་བསྡོམས་པས་སྐྱེལ་འདྲེན་རླངས་འཁོར་འགའ་རྫོང་གད་སྙིགས་ཐག་གཅོད་བཟོ་གྲྭར་སྐྱེལ་འདྲེན་བྱས་པ་ཡིན”ཟེར།

རྟ་ངུ་སྡེ་བ་ནི་འབྲི་ཆུའི་མགོ་ཁུངས་དང་སྐྱིད་ཆུའི་མགོ་ཁུངས་སུ་གནས་ཡོད་ལ། ཚེ་རིང་ཆོས་སྐྱབས་ཀྱིས་མི་སྣ་རྩ་འཛུགས་བྱས་ཏེ་གནས་དེའི་རི་ཆུ་ལ་སྲུང་སྐྱོབ་བྱས་ནས། སྔ་རྗེས་སུ་ཐེངས་མང་པོར་གད་སྙིགས་གཙང་སེལ་བྱེད་པའི་བྱ་འགུལ་སྤེལ།

ཚེ་རིང་ཆོས་སྐྱབས་ཀྱིས་བཤད་རྒྱུར། ལོ་ངོ་བཞིའི་རིང་ལ། ང་ཚོ་ཁོར་ཡུག་སྲུང་སྐྱོབ་མཐུན་ཚོགས་ཀྱི་བསྡོམས་པས་གད་སྙིགས་སྐྱེལ་འདྲེན་རླངས་འཁོར་བརྒྱ་དང་གོ་དགུ་སྐྱེལ་འདྲེན་བྱས་པ་དང་། ཁོར་ཡུག་སྲུང་སྐྱོབ་མི་སྣ་དང་ཐོག་གི་མི་བཅོ་ལྔ་ནས་ད་ལྟའི་དྲུག་ཅུ་ལྷག་ཏུ་འཕར་ཡོད་ཟེར།

ཁོར་ཡུག་སྲུང་སྐྱོབ་མཐུན་ཚོགས་དེ་ནི་རང་འགུལ་གྱིས་བཙུགས་པ་ཡིན་པས། གད་སྙིགས་གཙང་སེལ་གྱི་གྲོན་དངུལ་བརྒྱ་ཆའི་དགུ་བཅུ་ཁོར་ཡུག་སྲུང་སྐྱོབ་མཐུན་ཚོགས་ཀྱིས་འགན་ཁུར་བཞིན་ཡོད་ལ། སྡེ་མི་ལ་ལས་རོགས་སྐྱོར་ཡང་བྱེད་བཞིན་ཡོད། དེ་ལྟར་ཡིན་རུང་། ཚེ་རིང་ཆོས་སྐྱབས་དང་ཁོའི་ཁོར་ཡུག་སྲུང་སྐྱོབ་མཐུན་ཚོགས་ཀྱིས་སྔར་བཞིན་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཐད་རང་ཉིད་ཀྱི་ནུས་ཤུགས་འབུལ་བཞིན་ཡོད།

ད་ལྟ། ཚེ་རིང་ཆོས་སྐྱབས་དང་ཁོའི་ཁོར་ཡུག་སྲུང་སྐྱོབ་མཐུན་ཚོགས་སྔར་ལས་ཇེ་རྒྱས་ཇེ་ལེགས་སུ་སོང་ཡོད་པ་དང་། སྔར་ལས་འཆར་འགོད་ཡོད་པར་གྱུར་ཡོད། ཁོ་ཚོའི་ད་དུང་ཁོར་ཡུག་སྲུང་སྐྱོབ་མཐུན་ཚོགས་ལ་གཅིག་གྱུར་སྒོས་གོན་པ་བཟོས་ཡོད་པ་མ་ཟད། མཐུན་ཚོགས་ཀྱི་མིང་གོན་པའི་སྟེང་གསར་བོར་བཀོད་ཡོད་ལ། བལྟས་པ་ཙམ་གྱིས་ཁོར་ཡུག་སྲུང་སྐྱོབ་མཐུན་ཚོགས་ཀྱི་མི་སྣ་ཡིན་པ་ཤེས་ཐུབ།

མཐུན་ཚོགས་ཀྱི་མི་སྣ་བསོད་ནམས་ཆོས་ཉིད་ཀྱིས་བཤད་རྒྱུར། ང་ཚོས་དུས་རྒྱུན་རང་ཉིད་ཀྱིས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐད་མ་འོངས་བའི་ལྟ་ཚུལ་དང་མི་འདང་ས་ཕན་ཚུན་བར་གླེང་མོལ་བཞིན་ཡོད་ལ། ཉེ་འགྲམ་གྱི་རྒན་པ་དང་བྱིས་པ། ཁྱིམ་མི་དང་འབྲོག་པ་ཚང་མར་སྐུལ་སློང་བྱས་ཏེ་ཟབ་ཞུགས་བྱེད་དུ་འཇུག་བཞིན་ཡོད། ད་ལྟ་མཐུན་ཚོགས་དེ་བལྟས་པ་ཙམ་གྱིས་ཁྱིམ་ཚང་ཆེན་པོ་ཞིག་དང་འདྲ་ཟེར།

ཚེ་རིང་ཆོས་སྐྱབས་ལ་མཚོན་ནས་བཤད་ན། མི་སྔར་ལས་མང་པོ་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་དོན་ཁྲོད་ཞུགས་སུ་འཇུག་རྒྱུ་ནི་གཟི་བརྗིད་ཅིག་དང་འགན་འཁྲི་ཅིག་ཏུ་བརྩི་བཞིན་ཡོད། ཕ་ཡུལ་ལ་བཅངས་བའི་བརྩེ་སེམས་ཀྱིས་ཁོས་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་བ་སྔར་ལས་སེམས་ཤུགས་ཆེན་པོས་སྒྲུབ་བཞིན་ཡོད།

ལོ་ཙཱ་བ། ཤ་བོ་རིན་མཚོ།