ཁོའི་རྗེས་སུ་འབྲངས་ན་ངར་ཤུགས་ལྡན།
2018.11.16 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 66

ཡུལ་ཤུལ་གྲོང་ཁྱེར་ཟུར་མང་ཆུང་བ་ཞང་འབུམ་འཇའ་སྡེ་བ་རུ“ཧྲུའུ་ཅི་དང་པོ”བསམ་གཏན་གླེང་སྐབས། སྡེ་དམངས་རྣམས་ཀྱིས་བསྟོད་པའི་མཐེ་བོང་ཡང་ཡང་བསྒྲེངས། སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཨོ་ཡོ་ཆོས་འཕེལ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཉི་མ་གཉིས་ཀྱིས་བཤད་རྒྱུར། “ང་ཚོ་ཁོའི་རྗེས་སུ་འབྲངས་ཏེ་བྱ་བ་བསྒྲུབས་ན་ངར་ཤུགས་ལྡན་ལ། གང་ཞིག་བསྒྲུབ་དགོས་པ་དང་ཇི་ལྟར་བསྒྲུབ་དགོས་པའང་ཤེས་པས། ཁོ་ནི་སྣེ་ཁྲིད་མཁན་ཡིན་ལ། ཁོ་ཡོད་པ་ནི་ང་ཚོ་ཚང་མའི་བསོད་ནམས་ཡིན།”

2017ལོའི་ཟླ8པ་ནས་བཟུང་འབུམ་འཇའ་ཞང་གི“ཧྲུའུ་ཅི་དང་པོའི”ལས་འགན་འཁུར་བ་ནས་བཟུང་། ཡུལ་ཤུལ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་གཞོན་པའམ་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱི་རུ་དཔོན་བསམ་གཏན་གྱིས་ཁོའི་ངལ་བ་ཁྱད་བསད་ཀྱི་གྲོང་གསེབ་ཏུ་བགྲོད་པའི་ལམ་བུའི་མགོ་བརྩམས། ལམ་བུ་དེའི་སྟེང་ཕར་འགྲོ་བ་དང་ཚུར་འོང་ཐེངས་རེར་དུས་ཚོད8ལྷག་དགོས་ལ། ཕར་འགྲོ་ཁར་ཁོས་སེམས་ཁྲལ་དང་ཐུགས་ཁུར་བསྣམས་ཏེ་སོང་ལ། ཚུར་ཡོང་ཁར་ཡུལ་མི་ཚོའི་མངག་བཅོལ་དང་རེ་འདུན་འཁུར་ནས་ཡོང་།

2018ལོའི་དཔྱིད་དུས་ཀྱི་ཉིན་ཞིག་ལ། ནངས་མོའི་དུས་ཚོད་དྲུག་ཡས་མས་ཀྱི་སྐབས་སུ། བསམ་གཏན་གྱིས་ཡང་བསྐྱར་ལས་བྱེད་མི་སྣ་འགའ་ཁྲིད་དེ་འབུམ་འཇའ་སྡེ་བར་ཕྱིན། དུས་ཚོད་བཞིའི་རྗེས་སུ་རླངས་འཁོར་སྐུ་བླ་རི་བོའི་རི་རྩེར་སླེབས་པ་དང་། དེར་གང་སར་ཁ་བས་གཡོགས་ཤིང་། གང་ཞིག་ནི་རི་བོ་ཡིན་པ་དང་གང་ཞིག་ལམ་ཡིན་པ་དབྱེ་འབྱེད་བྱེད་དཀའ་བར་གྱུར་ལ། རླངས་འཁོར་གྱི་འཁོར་ལོ་འདྲེད་བཞིན་མུ་མཐུད་དུ་དལ་བུར་མདུན་སྐྱོད་བྱས། དུས་ཚོད10ཡས་མས་ཤིག་ལ་གཞི་ནས་བདེ་འཇགས་ངང་འགྲོ་སའི་གནས་དེར་སླེབས་བྱུང་།

ཉིན་དེར། འཆར་གཞི་ལྟར་ན་འབུམ་འཇའ་སྡེ་བའི“སྒྲོག་འགྲེལ་གསུམ་དང་སྐུལ་འདེད་བཞི”ཡི་ཉིན་བརྒྱའི་བྱ་འགུལ་གྱི་སྒྲོག་འགྲེལ་ཚོགས་ཆེན་དང2018ལོའི་རྩྭ་ཐང་དང་སྐྱེ་ཁམས་བརླན་སའི་སྲུང་སྐྱོབ་མི་སྣའི་གསོ་སྦྱོང་འཛིན་གྲྭ་སྤེལ་དགོས་འདུག

རླངས་འཁོར་ལས་བབས་མ་ཐག བསམ་གཏན་གྱིས་མྱུར་དུ་བྱ་བ་སྒྲུབ་མགོ་བརྩམས་ཏེ། “ཁང་ཐོག་གི་ཏང་གི་དར་ཆ་དེ་གསར་པ་ཞིག་ཏུ་རྗེས་ཤིག མྱུར་དུ་ཐབ་མེ་སྦར་རོགས། ཡུལ་མི་ཚོ་གྲང་དུ་མ་འཇུག འཕྲད་ཡིག་ཀྱང་ཡར་ཁོལ་དང”ཞེས་བཤད་ཞོར་ཕྱི་ནང་གཉིས་ཀར་བཀོད་སྒྲིག་བྱེད་བཞིན་འདུག་ལ། སྐབས་དེར་བསམ་གཏན་ལ“སྡུག་བསྔལ་བརྗོད་དུ་ཡོང་བའི”རྒན་མོ་བདེ་ལེགས་ཀྱིས་ཁོ་རང་མདུན་ནས་བཀག་བྱུང་། རྒན་མོ་དེའི་དཀའ་ཁག་ནི་བསམ་གཏན་གྱིས་གསལ་པོར་ཤེས་མོད། ཡིན་ཡང་ཁོས་སྔར་བཞིན་སུན་སྣང་མེད་པར་མོའི་སྐད་ཆར་ཉན། མོས་ཁོ་མོའི་བུ་མོར་སྨྱོ་ནད་བྱུང་ཡོད་པ་དང་། བུ་ཡང་དབང་པོ་སྐྱོན་ཅན་ཡིན་ལ། མོའི་ཁྱོ་ག་ཡང་ཚེ་ལས་འདས་པས། རྒས་ཀྱང་བརྟེན་ས་མེད་ཅེས་བཤད། བསམ་གཏན་གྱིས་ཨ་ཡེ་རྒན་མོའི་སྐད་ཆར་ཉན་རྗེས་ནན་ཏན་གྱིས་ཁོ་མོའི་བུ་ལ་ད་ལྟ་དབང་པོ་སྐྱོན་ཅན་གྱི་དཔང་ཡིག་སྒྲུབ་བཞིན་པའི་སྒང་ཡིན་ལ། ཁོ་མོའི་བུ་མོ་ཡུལ་ཤུལ་སྨན་ཁང་གསུམ་པ་རུ་བསྐྱལ་ཏེ་མོར་སྨན་བཅོས་བྱེད་དགོས་པའི་བསམ་ཚུལ་བཏོན།

སྐབས་དེ་ལྟ་བུ་དང་གནས་ཚུལ་དེ་ལྟ་བུ་ནི་བསམ་གཏན་ལ་མཚོན་ན་ཆེས་རྒྱུན་ལྡན་ཞིག་ཡིན་ལ། སྡེ་བའི་ནང་དུ་ཡོང་ཐེངས་རེ་རེར། ཁོས་སུན་སྣང་མེད་པར་སྡེ་དམངས་རྣམས་ཀྱི་དོགས་པ་སེལ་རོགས་བྱེད་བཞིན་ཡོད་པ་དང་། ཁོ་རང་སྡེ་བ་ལས་ཁ་བྲལ་རྗེས་སྡེ་དམངས་རྣམས་ཀྱིས་ཁོ་རང་ཕྱིར་སླེབས་པར་རེ་སྒུག་བྱེད་བཞིན་ཡོད། ཚང་མའི་སྐད་ཆས་བཤད་ན“གནད་དོན་ཐག་གཅོད་བྱེད་མ་ཐུབ་ཀྱང་ནན་ཏན་སྒོས་ང་ཚོའི་དཀའ་ཁག་ལ་ཉན་མཁན་ཞིག་ཡོད་ནའང་ཡག་པོ་འདུག”

འབུམ་འཇའ་སྡེ་བ་ནི་ཕྱུགས་ལས་རྐྱང་རྐྱང་གཉེར་བའི་སྡེ་བ་ཞིག་ཡིན་ལ། སྡེ་བའི་ཁྱིམ་ཚང500དང་སྡེ་མི2200ཡོད་པའི་སྡོད་གནས་ཕལ་མོ་ཆེ་ཐར་ཐོར་ཡིན་ཁར། འཕྲིན་གཏོང་བརྡ་རྟགས་ཀྱང་ད་རུང་ཁེབས་མེད་པས། དེས་ཚད་ངེས་ཅན་ཞིག་གི་སྟེང་ནས་བསམ་གཏན་གྱིས་སྡེ་བའི་བྱ་བ་སྒྲུབ་པར་དཀའ་ཁག་བཟོས་འདུག དེ་འདྲ་ཞིག་ཡིན་ནའང་། སྲིད་ཇུས་གང་ཞིག་བརྒྱུད་བསྒྲགས་བྱེད་དགོས་པ་དང་། ཁྲིམས་ལུགས་གང་ཞིག་ཁྱབ་གདལ་དུ་གཏོང་དགོས་པ། དབུལ་སྐྱོར་བྱ་བ་གང་ཞིག་སྤེལ་དགོས་པ། གཞན་སྡེ་བར་དོན་བཟང་སྒྲུབ་དགོས་པ་དང་སྡེ་བའི་དཀའ་ཁག་ཐག་གཅོད་བྱེད་དགོས་པ་སོགས་གཅིག་ཀྱང་ཁོས་ཆད་ལུས་བྱུང་དུ་བཅུག་མ་མྱོང་།

ཉིན་གུང་ལ་སླེབས་སྐབས། སྡེ་དམངས་རྣམས་གཅིག་རྗེས་གཉིས་མཐུད་ཀྱིས་ཐོན་ཞིང་། ཏང་ཡོན་བྱ་འགུལ་ཁང་དེ་མ་ཐག་འདུ་འཛི་ཆེ་བར་གྱུར། ཅང་མ་འགོར་བར། བསམ་གཏན་གྱིས་ཆེད་དུ་ཁྲིད་ཡོང་བའི“འཆད་འཁྲིད་དགེ་རྒན”དགའ་རུས་ཐུབ་པས་སྐད་གསང་མཐོ་ཞིང་། འགྱུར་ཁུགས་སྙན་ལ་བརྩེ་བ་དང་བཅས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་དང་དམངས་ཕན་སྲིད་ཇུས་ཡང་དག་ཅིང་ཆད་ལྷག་མེད་པར་བརྒྱུད་བསྒྲགས་བྱས་ཤིང་། ཁོས་ཁྲིད་པ་གོ་སླ་ཞིང་གསོན་ཉམས་ལྡན་པས། སྡེ་དམངས100ལྷག་གིས་སྤྲོ་བ་དང་བཅས་ཉན་པ་དང་། ད་རུང་མཚམས་མཚམས་སུ་མོས་མཐུན་བྱུང་བའི་རྣམ་འགྱུར་སྟོན་པར་བྱེད།

ཐེངས་དེར་འབུམ་འཇའ་སྡེ་བར་བསྐྱོད་པ་ལ། བསམ་གཏན་ལ་ད་རུང་ཐག་གཅོད་བྱེད་དགོས་པའི“ཁ་ཚ་དགོས་གཏུག”ཏུ་གྱུར་པའི་དོན་དག་མང་པོ་ཞིག་ཡོད།

ཐོག་མར་འབུམ་འཇའ་སྡེ་བ་རུ་ཡོང་སྐབས་ཀྱི་འགྱིག་ཤོག་གད་སྙིགས་ཀྱི་སྦགས་བཙོག་སེམས་སུ་དྲན་པ་ན། ཁོས་ངེས་པར་རྩྭ་ཐང་ལ་དྭངས་གཙང་དང་མཛེས་སྡུག་གི་ངོ་གདོང་ཞིག་སྤྲོད་རྒྱུའི་ཆོད་སེམས་དམ་བཅའ་བཞག དེའི་ཆེད་དུ། ཐེངས་དེར་ཁོས་ཡང་བསྐྱར“རྩྭ་ཐང་སྐྱེ་ཁམས་བརླན་སའི་སྲུང་སྐྱོབ་མི་སྣའི་གསོ་སྦྱོང་འཛིན་གྲྭ”བསྡུས།

གསོ་སྦྱོང་འཛིན་གྲྭ་སྤེལ་སྐབས། དགའ་རིས་ཐུབ་པས་རྩྭ་ཐང་གི་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་མི་སྣ70ལྷག་ལ་སྐོར་གཟིགས་ལྟ་སྐྱོང་གི་ཉིན་ཐོ་འབྲི་ཚུལ་ཞིབ་ཕྲ་སྒོས་ཁྲིད་པར་མ་ཟད། ཚང་མའི་བྱ་བའི་ལས་འགན་དང་དཔྱད་ཞིབ་བྱེད་ཐབས་སྔར་ལས་ལྷག་པར་གསལ་བཤད་བྱས།

གསོ་སྦྱོང་མཇུག་རྫོགས་རྗེས། དོ་དམ་སྲུང་སྐྱོབ་མི་སྣ་རྣམས་ཀྱིས་དཔུང་རྟགས་དམར་པོ་བཏགས་པ་ན། གཟི་བརྗིད་ཀྱི་འདུ་ཤེས་དང་ལས་འགན་འདུ་ཤེས་རང་ཤུགས་ཀྱིས་སྐྱེ་ཡོང་།

འབུམ་འཇའ་ལ་གཞན་ལས་འགྲན་ཟླ་བྲལ་བའི་རང་བྱུང་གི་ཡུལ་ལྗོངས་ཡོད་པ་དང་། མིག་སྔར། ཕྱི་ཕྱོགས་དང་འབྲེལ་བའི་གཞུང་ལམ་ལས་བཞིན་ཡོད་ལ། ངའི་ཆེས་ཆེ་བའི་རེ་འདུན་ནི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་ཡག་པོ་བྱེད་པའི་དུས་མཚུངས་སུ། ས་གནས་འདིའི་ཡུལ་སྐོར་ལས་རིགས་མཐོར་འདེགས་སུ་གཏོང་འདོད། དེ་ལྟར་བྱས་ཚེ་སྡེ་དམངས་རྣམས་ཀྱི་མིག་རྒྱ་བསྐྱེད་ཐུབ་པར་མ་ཟད། ཁོ་ཚོའི་ཡོང་སྒོའང་ཇེ་མང་ལ་བཏང་སྟེ། ཁོ་ཚོའི་འཚོ་བ་ལེགས་བཅོས་སུ་གཏོང་ཐུབ།སྒྲོག་འགྲེལ་དང་གསོ་སྦྱོང་གཉིས་ཀྱི་བྱ་བ་སྒྲུབ་ཚར་རྗེས། བསམ་གཏན་གྱིས་ཚང་མའི་སྣེ་ཁྲིད་དེ་ཏང་ཡོན་བྱ་འགུལ་ཁང་དང་སྡེ་བའི་འཕྲོད་བསྟེན་ཁང་བསྒྱུར་བཀོད་བྱས། ཁོས་འཕྲོད་བསྟེན་ཁང་ལ་ཤེལ་གྱི་འོད་ལྡན་ཁང་བ་ཞིག་ལས་འདོད། ཁང་བ་དེ་ལས་པ་ཡིན་ན་ཚད་ངེས་ཅན་ཞིག་གི་སྟེང་ནས་ནད་པར་གནམ་ཁབ་རྒྱག་སྐབས་ས་གནས་གུ་དོག་པའི་སྟབས་བདེ་མིན་པ་ཇེ་ལེགས་སུ་གཏོང་ཐུབ།

ལས་དེ་དག་ལ་བྲེལ་བ་ལས་གཞན། བསམ་གཏན་ད་དུང་བཀྲ་ཤིས་རྡོ་རྗེ་ལ་བལྟ་རུ་སོང་སྟེ། ཁོས་རྟག་ཏུ་དྲན་བཞིན་པའི་ཁོ་རང་ཏང་ནང་དུ་ཞུགས་པའི་དོན་དག་སྐོར་ནས་ཁ་བརྡ་བྱ་རྒྱུ་སེམས་སུ་བཟུང་ཡོད་ལ། ད་དུང་བྱིས་པ་མང་པོའི་དབང་ཕྱུག་རྡོ་རྗེ་ཚང་ལ་བལྟ་རུ་འགྲོ་དགོས་པ་དང་། ཁོའི“གྲོགས་པོ་བཟང་པོ”སྟེ་ཨ་ཡེ་རྒན་མོ་བུ་མོ་ལགས་ལ་བལྟ་རུ་འགྲོ་དགོས་པ། ལོ་ཧྲིལ་པོར་ཉལ་སར་ལྷུང་ཡོད་པའི་ཆོས་ཕྱུག་ལ་འཚམས་འདྲི་བྱེད་དུ་འགྲོ་དགོས་པ་སོགས་སེམས་སུ་བཟུང་ཡོད།

བསམ་གཏན་གྱི་མིག་ནང་དུ། འབུམ་འཇའ་སྡེ་བའི་ཡུལ་མི་རྣམས་ནི་ཁོ་རང་ཉིད་ཀྱི་ཕ་མ་དང་ཕུ་ནུ་མིང་སྲིང་ཡིན་ལ། ཁོས་སྡེ་མི་ཡོད་ཚད་ཁོའི་སེམས་པའི་གཏིང་རིམ་དུ་བཅུག་པའི་ཚེ་ན། སྡེ་དམངས་རྣམས་ཀྱིས་ཀྱང་རང་བཞིན་གྱིས་ཁོ་རང་ཆེས་གལ་ཆེ་བའི་གོ་གནས་ཤིག་ཏུ་བཞག་འདུག