མཚོ་སྔོན་པོའི་འགྲམ་གྱི་གེ་སར་རིག་གནས་རྒྱུན་འཛིན་མཁན།
2018.11.28 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 81


ཟླ་དགུ་བའི་རྩྭ་ཐང་གི་ནམ་མཁའ་དྭངས་ཤིང་གཙང་ལ“གེ་སར་རིག་གནས་རྒྱུད་འཛིན་མཁན་གྱི་གཞི་གྲངས་མཛོད་འཛུགས་སྐྲུན་བྱེད་པའི་ཞིབ་འཇུག་ཚན་ཆུང་མཚོ་སྔོན་པོའི་འགྲམ་རྒྱུད་དུ་སོང་ནས་ཡུལ་དངོས་སུ་བརྟག་དཔྱད་བྱས་པར་མ་ཟད། 《གེ་སར་སྒྲུང》དང་བོད་ཀྱི་ཟློས་གར་འཁྲབ་སྟོན་བྱེད་མཁན་སོགས་ལ་བཅར་འདྲི་བྱས།

《གེ་སར》སྒྱུ་རྩལ་པ་ནི་གེ་སར་རིག་གནས་གསར་སྐྲུན་བྱེད་མཁན་དང་རྒྱུན་འཛིན་པ། རྒྱུད་སྒྲོག་བྱེད་མཁན་བཅས་ཡིན་པར་མ་ཟད། 《གེ་སར》རིག་གནས་ཞེས་པའི་དངོས་མིན་ཤུལ་བཞག་རིག་གནས་དེ་ཁག་འཁུར་བྱེད་མཁན་ཡང་ཡིན་པས་ཁོ་ཚོས་བྱེད་ཐབས་མི་འདྲ་བར་བརྟེན་ནས་ཁྱད་པར་བའི་རིག་གནས་ཀྱི་བརྡ་རྟགས་འདི་རྒྱུན་འཛིན་བྱེད་ཀྱིན་ཡོད་པ་རེད། རྒྱུན་འཛིན་བྱེད་སྟངས་ཐུན་མོང་མ་ཡིན་པའི་དབང་གིས་རྒྱུན་འཛིན་མཁན་དང་རྒྱུན་འཛིན་པའི་སྐད་ཆའི་ཁོར་ཡུག་དང་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་རྒྱུ་དེ་ནི་གེ་སར་རིག་གནས་ལ་སྲུང་སྐྱོབ་བྱེད་པའི་ལས་འགན་གཙོ་བོ་ཡིན།

དབང་ཕྱུག་ཚེ་རིང་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་སྤྲེལ་ནག་ཞང་ཆོས་རྗེ་སྡེ་བའི་འབྲོག་པ་ཞིག་ཡིན་ཞིང་། ཁོའི་མིང་གཞན་ལ“ཨ་བྷེ”ཟེར། ཁོ་ནི《གེ་སར་སྒྲུང》བཤད་མཁན་ཞིག་ཡིན་པར་མ་ཟད་དམངས་ཁྲོད་ཀྱི་བོད་ཀྱི《གེ་སར》ཟློས་གར་རྒྱུན་འཛིན་མཁན་ཡང་ཡིན། དབང་ཕྱུག་ཚེ་རིང་གིས་སྤྱི་ལོ་གཅིག་སྟོང་དགུ་བརྒྱ་བརྒྱད་ཅུ་ལོ་ནས་བཟུང《གེ་སར》ལོ་རྒྱུས་སྙན་རྩོམ་རིང་མོ་འདི་བཤད་མགོ་ཚུགས་པ་དང་ཁོ་ལ་མཚོན་ན《གེ་སར》སྒྲུང་གི་དཔེ་ཆ་རེ་རེ་ནི་སྐབས་དེའི་ཁོའི་བོད་ཡིག་གི་སློབ་དེབ་ལེགས་ཤོས་དེ་རེད།

དབང་ཕྱུག་ཚེ་རིང་གིས་བཤད་པའི《གེ་སར》ལོ་རྒྱུས་སྙན་རྩོམ་རིང་མོ་དེ་ནི་ཁོའི་མེས་པོ་བསམ་འགྲུབ་ནས་བརྒྱུད་ཡོང་བ་ཞིག་སྟེ། ཁོའི་མེས་པོ་བསམ་འགྲུབ་ནས་དེའི་བུ་སྐར་མས་རྒྱུན་འཛིན་བྱས་པ་དང་དེ་ནས་སྐར་མའི་བུ་སྐལ་བཟང་མགོན་པོས་རྒྱུད་འཛིན་བྱས། དབང་ཕྱུག་ཚེ་རིང་ནི་སྐལ་བཟང་མགོན་པོའི་ཚ་བོ་རེད། དབང་ཕྱུག་ཚེ་རིང་ལོ་ན་ཆུང་བའི་སྐབས་སུ་དུས་རྒྱུན་དུ་ཁོའི་ཨ་ཞང་སྐལ་བཟང་མགོན་པོ་ཚང་ལ་སོང་ནས《གེ་སར》སྒྲུང་རབས་ཆེན་མོའི་དབྱངས་རྟའི་འགུག་ལུགས་དང་རྨང་གཞིའི་ཤེས་བྱའི་སྐོར་ལ་སློབ་སྦྱོང་བྱས། ཁོ་རང་ལོ་ན་བཅུ་བདུན་ལ་སོན་སྐབས་སུ་སྐབས་དེར་དར་ཁྱབ་ཆེ་བའི《གེ་སར》སྒྲུང་གི་དབྱང་རྟ་སྐོར་ཞིག་བྱང་ཆ་ལྡན་པར་གྱུར་བར་མ་ཟད་རིམ་བཞིན་ས་གནས་དེའི་མིང་དུ་གྲགས་པའི《གེ་སར》རིག་གནས་ཐད་ཀྱི་སྒྱུ་རྩལ་པར་གྱུར་བ་རེད། དེ་ནས་བཟུང་ས་གནས་དེའི་རྟ་རྒྱུགས་འགྲན་བསྡུར་སོགས་དགའ་སྟོན་ཆེ་ཆུང་ཀུན་གྱི་སྟེང་སུ་ཁོས་བཤད་པའི《གེ་སར》སྒྲུང་དེ་ཐོས་ཐུབ་ཀྱི་ཡོད་པ་དང་། ཁོས་བཤད་པའི་གེ་སར་ལོ་རྒྱུས་སྙན་རྩོམ་རིང་མོ་དེའི་ས་གནས་དེའི་འབྲོག་པ་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་བར་མ་ཟད། མཚོ་སྔོན་པོའི་འགྲམ་རྒྱུད་དུ་དར་ཁྱབ་ཆེ་བའི《གེ་སར》 སྒྲུང་བཤད་པའི་རིག་གནས་སྒྱུར་རྩལ་དེ་རྒྱུན་འཛིན་དང་སྲུང་སྐྱོབ་བྱས་པ་རེད།

དབང་ཕྱུག་ཚེ་རིང་གིས 《གེ་སར》ལོ་རྒྱུས་སྙན་རྩོམ་རིང་མོ་དེ་བཤད་པའི་ཚེ་ན་སྨྲ་བརྗོད་དག་ལ་དབྱངས་འགྲོས་སྙན་ཆ་ཆེ་ཞིང་ད་ལྟའི་བར་དུ་སྒྲུང་རྟ་སུམ་ཅུ་ལྷག་ཐོགས་མེད་དུ་འགུག་ཐུབ་པ་རེད། སྤྱི་ལོ་གཅིག་སྟོང་དགུ་བརྒྱ་གྱ་བརྒྱད་ལོ་ནས་བཟུང་མཚོ་སྔོན་བོད་སྐད་རླུང་འཕྲིན་ལས《རྟ་རྒྱུགས་རྒྱལ་འཇོག》 དང《ཨ་སྟག་ལྷ་མོ 》 སོགས་སྒྲུང་སྣ་སྐོར་ཞིག་སྒྲ་བླངས་ནས་བཏང་པས་མི་དམངས་མང་ཚོགས་ཀྱི་གདེང་འཇོག་ཆེན་པོ་ཐོབ། གཅིག་སྟོང་དགུ་བརྒྱ་གོ་དྲུག་ལོར《ཨ་སྟག་ལྷ་མོ》དང《དཔའ་གོང་བ་དགྲ་བཙན་ཐར་ཡག》《འཇང་སྲས》སོགས་སྒྲུང་སྣ་སྐོར་ཞིག་ནུབ་མཚོ་མི་རིགས་སྒྲ་བརྙན་པར་སྐྲུན་ཁང་ནས་པར་སྐྲུན་འགྲེམ་སྤེལ་བྱས།

དབང་ཕྱུག་ཚེ་རིང་ནི་དམངས་ཁྲོད་ཀྱི་བོད་ཀྱི《གེ་སར》ཟློས་གར་གྱི་རྒྱུན་འཛིན་མཁན་ཞིག་ཀྱང་རེད། སྤྱི་ལོ་ཉིས་སྟོང་བཅུ་ལོ་ནས་བཟུང་ཁོས་ཕྱུགས་འཚོ་ཞོར་གྱི་ཁོམ་སྐབས་དང་བསྟུན་ནས་གེ་སར་སྒྲུང་རབས་ཆེན་མོའི་རྒྱུ་ཆ་མང་པོར་ལྟ་ཀློག་བྱས་ནས་འཁྲབ་གཞུང་འབྲི་མགོ་བརྩམས་པར་མ་ཟད《གེ་སར》སྒྱུ་རྩལ་པ་བདུན་རྩ་འཛུགས་དང་སྐྱེད་སྲིང་བྱས་ཡོད་པ་རེད། ཉིས་སྟོང་བཅུ་གཅིག་ལོར། མཚོ་སྔོན་པོའི་འགྲམ་རྒྱུད་དུ《གེ་སར》གླུ་གར་ཟློས་གར《དཔའ་རྟུལ་བདུན》ཞེས་པ་དེ་ཐོག་མར་འཁྲབ་སྟོན་བྱས་པ་དང་། དེ་ནི་མཚོ་སྔོན་པོའི་མཐའ་སྐོར་ས་ཁུལ་གྱི《གེ་སར》དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་ཐོག་མའི་རྣམ་པ་དེ་རེད། ད་ལྟ་ཚོགས་པ་དེར་སྒྱུ་རྩལ་པ་བཞི་བཅུ་ལྷག་ཏུ་འཕེལ་རྒྱས་སུ་སོང་ཡོད་པ་དང་ཁོ་ཚོའི་ཁྲོད་དུ་ལོ་ན་ཆེས་རྒན་པ་དེ་ལོ་ང་ལྔ་དང་ཆེས་ཆུང་བ་དེ་ལོ་ན་བཅུ་བདུན་རེད།

དབང་ཕྱུག་ཚེ་རིང་གིས་རྩ་འཛུགས་དང་སྒྲིག་བཟོ་བྱས་པའི《གེ་སར》གླུ་གར་འཁྲབ་གཞུང་ལ་སྤྱི་ཚོགས་སྟེང་གི་ལས་རིགས་སོ་སོའི་མི་སྣས་དོ་ཁུར་དང་དགའ་བསུ་བྱེད་བཞིན་ཡོད། ཉིས་སྟོང་བཅུ་བཞི་ལོར་གུང་ཧོ་རྫོང་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡིས་བསྒྲུབས་པའི“རྒྱ་ལོ་བཅོ་ལྔའི་རིག་རྩལ་སྤྲོ་ཚོགས”སྟེང་བྱ་དགའ་ཨང་གསུམ་པ་ཐོབ་པ་དང་། ཉིས་སྟོང་བཅོ་བརྒྱད་ལོར་གུང་ཧོ་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་གཙོ་སྒྲུབ་བྱས་པའི“གུང་ཧོ་རྫོང་གི་ལོ་སར་རིག་རྩལ་སྤྲོ་ཚོགས”སྟེང་བྱ་དགའ་ཨང་དང་པོ་ཐོབ། ཁོ་རང་ད་དུང་ཞིང་ཆེན་རིག་གནས་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་བསྒྲུབས་པའི་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་དྲིལ་སྒྲོག་བྱེད་པའི་འཁྲབ་སྟོན་བྱ་འགུལ་སྟེང་ཞུགས་མྱོང་།

དབང་ཕྱུག་ཚེ་རིང་གིས《གེ་སར》 དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་སྣེ་ཁྲིད་ནས་ས་གནས་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་བར་མ་ཟད། ལྷག་པར་དུ་མཚོ་སྔོན་པོའི་མཐའ་འཁོར་ས་ཁུལ་དུ《གེ་སར》 ལོ་རྒྱུས་སྙན་རྩོམ་རིང་མོ་དར་ཁྱབ་ཏུ་གཏོང་བ་དང་གེ་སར་རིག་གནས་རྒྱུན་འཛིན་པ་སྔོག་འདོན་དང་མྱུར་སྐྱོབ། སྲུང་སྐྱོབ། སྐྱེད་སྲིང་དང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བྱེད་པར་ནུས་པ་གལ་ཆེན་ཐོན་ཡོད་པ་རེད།

                                                                                               ལོ་ཙཱ་བ།  གཡང་འབུམ་རྒྱལ།