ཁོ་བོ་ནི་ཞིང་ཆེན་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཏེ་སྨན་མཆོག་བདུད་རྩི་སྲེག་སྨན་གྱི་རྒྱུད་འཛིན་པ་ཡིན་ལ། ཕངས་བ་མེད་པར་སྨན་སྦྱོར་གྱི་མན་ངག་མཐའ་དག་རང་ས་གནས་ཀྱི་སྨན་ཁང་ལ་གནང་མཁན་དེ་ཡིན། ཁོང་གིས་ལོ་ངོ་མང་པོར་དཀའ་བས་བསགས་པའི་གསོ་རིག་གི་ཤེས་བྱ་རིན་ཐང་དང་བྲལ་བ་དག་གིས། བོད་རིགས་མི་དམངས་ཀུན་ནད་ཀྱི་གདུང་བ་ལས་ཐར་བར་དུས་རྒྱུན་རྩོལ་བ་བྱེད་བཞིན་ཡོད་ལ། ཧུར་བརྩོན་ཆེན་པོས་རང་རེའི་གསོ་བ་རིག་པའི་མདུན་ལྗོངས་དང་ཀྲུང་ཧྭའི་གྱི་སྲོལ་རྒྱུན་རིག་གནས་ལ་འོད་སྣང་ཕྲ་མོ་རེ་འབུལ་རྒྱུ་ནི་ཁོང་གི་ཕུགས་འདུན་རེད།
ཉེ་ལམ། ང་ཚོ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་བོད་སྨན་ཁང་དུ་འབྱོར་ཞིང་། གནས་དེའི་ནད་ཁང་ཞིག་གི་ནང་དུ། ནད་པ་བཞི་དྲོད་ཐབ་གམ་དུ་རུབ་ཏེ། རང་ཉིད་ན་བའི་གནས་བསྟན་ནས་བསྡད་ཡོད་ཅིང་། སྨན་པས་ལག་ཏུ་ཤིང་ལེབ་ཞིག་བཟུང་སྟེ། མེ་ཁ་ཅུང་ཟད་གཏད་རྗེས་ནད་པ་དག་གི་རྐང་པ་དང་རྐེད་ཚུགས་སོགས་ལ་འཇོག་བཞིན་པ་མཐོང་། སྨན་བཅོས་མི་སྣས་ང་ཚོར་བཤད་རྒྱུར། “གསོ་ཐབས་འདི་ནི་སྨན་ཁང་འདིའི་ཁྱད་ཆོས་ལྡན་པའི་ཤིང་ཏེལ་ཀྱིས་དུགས་བཅོས་བྱེད་ཐབས་ཡག་ཤོས་དེ་ཡིན་ལ། སྨན་རྫས་བྱུག་ཡོད་པའི་ཤིང་ལེབ་ཞིག་རྨ་ཁར་སྐར་མ་བཅོ་ལྔའི་རིང་ལ་བཞག་ན། གྲུམ་བུའི་ནད་དང་རུས་འཛེར་གྱི་ནད་སོགས་ལ་ཤིན་ཏུ་ཕན་པ་ཡོད།” ཟེར།
དེའི་རྗེས། ང་ཚོ་ལོ་ཞེ་གཅིག་ཡིན་པའི་ཞིན་ཧེ་རྫོང་བོད་སྨན་ཁང་གི་འགོ་གཙོ་འབྲུག་ལྷ་ཐར་ལ་འཕྲད་པ་དང་། ཁོས་ང་ཚོར་ཁོ་དང་བོད་ལུགས་གསོ་བ་རིག་པའི་བར་གྱི་ལས་འབྲེལ་ཤར་མར་བརྗོད་པ་དང་། “སྨན་པ་ཞིག་ཡིན་ན་གཞན་ཕན་གྱི་སེམས་དང་ལྡན་དགོས”པ་ཁོས་སྔར་སོང་གི་བྱ་བའི་ལག་ལེན་སྟེང་ར་སྤྲོད་གནང་སོང་།
འབྲུག་ལྷ་ཐར་ལོ་དགུ་ལ་སོན་པ་ནས་བཟུང་། ཨ་མྱེས་ལ་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ཏེ་རྣ་ཐོས་གོ་ཐོས་མང་བོ་ཡོད་ལ། ཨ་མྱེས་ནི་ཁོ་རང་གསོ་རིག་གི་ལམ་བུ་འབྱེད་པའི་མེ་ལོང་ལྟ་བུ་ཡིན་ཞེས་ཁོས་རྒྱུན་པར་བཤད།
ཨ་མྱེས་གཡང་ལྷ་ནི། ཡུལ་ཕྱོགས་དེ་གར་མཚན་སྙན་ཆེས་ཆེར་ལྡན་པའི་སྲོལ་རྒྱུན་གྱི་བོད་ལུགས་སྨན་པ་ཞིག་ཡིན་ལ། དུས་རྒྱུན་ཞིན་ཧེ་རྫོང་དང་ཐག་ཉེ་རིང་ཀུན་ཏུ་གནས་པའི་ཡུལ་ཚོ་དག་ལ་སྨན་བཅོས་བྱེད་པར་འགྲོ་བཞིན་ཡོད་ལ། རྒྱ་བོད་གཉིས་ཀྱི་སྐད་ཡིག་ལ་ཐོགས་པ་མེད་པ་ཞིག་ཡིན་ཟེར། སྐབས་དེར་ཞིན་ཧེ་རྫོང་གི་མཐའ་འཁོར་ཡོངས་སུ་འགོས་ནད་སྣ་ཚོགས་ཡོད་ལ། ནད་ཕོག་ཚད་མཐོ་ཞིང་བཅོས་ཐབས་ཀྱང་ཤིན་ཏུ་དཀའ་བ་ཨ་མྱེས་ཀྱིས་ཤེས་རྟོགས་བྱུང་རྗེས། ཁོས་ནུབ་ལུགས་ཀྱི་སྲོལ་རྒྱུན་བཅོས་ཐབས་དང་བོད་ལུགས་ཀྱི་བཅོས་ཐབས་གཉིས་ཟུང་དུ་འབྲེལ་ནས། ཕྱི་བཀོལ་དང་ཁོང་བསྟེན་གྱི་སྨན་རྫས་རིགས་གཉིས་ལྡན་པའི་བདུད་རྩི་སྲེག་སྨན་གསར་གཏོད་དང་འདུལ་སྦྱོང་བྱས་པ་དེས། སྐབས་དེའི་ནད་རིགས་སྣ་ཚོགས་སེལ་བ་ལ་ཕན་ནུས་ཆེས་ཆེར་ཐོན་པས། དུས་ཐོག་སྨན་བཅོས་ཁྲོད་དྲག་སྐྱེད་བྱུང་ཚད་ཀྱང་བརྒྱ་ཆའི་གོ་བརྒྱད་ལ་བསླེབས་ཡོད།
ཕོ་ལོ་ཉེར་གཅིག་ལ་སོན་དུས། འབྲུག་ལྷ་ཐར་གྱིས་ཨ་མྱེས་ཀྱི་ཁྲིད་རྒྱུན་དང་བཅས་བོད་ཀྱི་གསོ་བ་རིག་པ་འཛིན་སྐྱོང་སྤེལ་གསུམ་ལ་འབད་རྩོན་དང་ཞིབ་འཇུག་བྱེད་འགོ་བརྩམས་ཤིང་། དུས་དེ་ནས་བཟུང་སྟེ། ཁོས་ཕྱོགས་ཡོངས་ནས་བོད་སྨན་བདུད་རྩི་སྲེག་སྨན་གྱི་འདུལ་སྦྱོང་དང་ལག་ལེན་བྱེད་ཐབས་ཀྱི་འགན་འཁྲི་ཕྲག་ཏུ་ཁུར་བས། གསོ་ཐབས་འདིའི་རྒྱུད་འཛིན་མི་སྣ་ཁོ་ནར་གྱུར།
འབྲུག་ལྷ་ཐར་གྱིས་བཤད་རྒྱུར། “མཚོ་སྔོན་ཞིང་ཆེན་ནི་ས་བབ་མཐོ་ཞིང་མཁའ་དབུགས་ཞན་ལ། རླུང་གནོན་དམའ་བ་དང་གསོ་རླུང་འདུས་ཚད་ཉུང་བ། ཉི་འོད་ཕོག་ཚད་རིང་ཞིང་འགྱེད་འཕྲོ་ཕོག་ཚད་ཆེ་བས། ཕྲ་ཕུང་དམར་འཕེལ་གྱི་ནད་དང་། གླང་ཤུའི་པགས་ནད། ཆུ་སེར་གྱི་ནད། ཤ་བཀྲའི་པགས་ནད་དང་གསོ་བཅོས་དཀའ་བའི་པགས་ནད་སོགས་ས་མཐོའི་ནད་རིགས་བྱུང་བའི་ནད་པ་ཤིན་ཏུ་མང་། བོད་ལུགས་གསོ་རིག་གི་བསྐུ་བྱུག་ལག་ལེན་ནི་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་། ཚན་རིག་རང་བཞིན་དང་ལྡན་ལ། ས་མཐོའི་རྒྱུན་མཐོང་ནད་རིགས་བཅོས་ཐབས་ལ་ཤིན་ཏུ་ཕན་ཞིང་། དེར་སྟབས་བདེ་གོ་ཆོད་དང་རིན་གོང་དམའ་བ་བཅས་ཀྱི་ཁྱད་ཆོས་ལྡན། ལོ་རྒྱུས་ཀྱི་རྒྱུ་རྐྱེན་སྣ་ཚོགས་དང་། སྲོལ་རྒྱུན་གྱི་ཁྲིད་ཐབས་ཀྱི་ཚད་བཀག དེང་རབས་ཅན་གྱི་རྣམ་པ་དང་བསྟུན་ནས། ད་ལྟ་བོད་སྨན་བདུད་རྩི་སྲེག་སྨན་གྱི་འདུལ་སྦྱོང་བྱེད་ཐབས་ལ་ཆ་རྒྱུས་ཡོད་པའི་རྒྱུན་འཛིན་པ་ནི་ཤིན་ཏུ་དཀོན་པ་དང་ཁྲིད་རྒྱུན་ཆད་པའི་ཚད་ལ་ཐོན་ཡོད། དེར་བརྟེན། གསོ་རིག་ལག་རྩལ་འདི་མ་ཉམས་གོང་སྤེལ་དང་ཉམས་པ་སོར་ཆུད་བྱ་རྒྱུ་ནི་མཚོ་བོད་མཐོ་སྒང་སྟེང་གི་མི་རིགས་སོ་སོའི་བདེ་ཐང་ལ་དོན་སྙིང་གལ་ཆེན་ལྡན་པར་མ་ཟད། སྔ་རབས་བོད་ཀྱི་གསོ་རིག་དང་བོད་སྨན་འཛིན་སྐྱོང་སྤེལ་གསུམ་གནང་བར་ཡང་ནུས་པ་བླ་ལྷག་ལྡན། ད་སྐབས། ངའི་གམ་དུ་སློབ་བུ་ལྔ་ཡོད་ལ། དགེ་རྒན་གྱིས་སློབ་མ་སྐྱོང་བའི་ཐབས་ལ་བརྟེན་ནས་སྨན་རྒྱུན་འདི་རྒྱུན་འཛིན་བྱེད་བཞིན་ཡོད། དེར་མ་ཟད། ཞིན་ཧེ་རྫོང་བོད་སྨན་ཁང་གིས་ཀྱང་རིག་ཚན་འཛུགས་སྐྲུན་དང་། དུས་ཐོག་སྨན་བཅོས་སོགས་ཀྱི་ཕྱོགས་ལ་སྲུང་སྐྱོང་རང་བཞིན་གྱི་བྱེད་ཐབས་སྣ་ཚོགས་བེད་སྤྱོད་བྱས་ཤིང་། སྨི་གྲུ་བཞི་མ་བརྒྱ་ཅན་གྱི་ཞིབ་འཇུག་དར་སྤེལ་ལས་དོན་ཁང་ཞིག་འཛུགས་སྐྲུན་བྱས་ཏེ། སྲོལ་རྒྱུན་ལག་རྩལ་སྲུང་སྐྱོང་ཐད་ལ་བྱེད་ནུས་ངེས་ཅན་ཞིག་ཐོན་ཡོད། 2017ལོར་མཚོ་སྔོན་ཞིང་ཆེན་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་སྲུང་སྐྱོབ་མིང་ཐོའི་ཁྲོད་དུའང་ཚུད་ཡོད་ཅེས་ཟེར།
སྲོལ་རྒྱུན་གྱི་གསོ་ཐབས་བདུད་རྩི་སྲེག་སྨན་དར་སྤེལ་རྒྱུད་འཛིན་གཏོང་བ་ལས་གཞན། ཁོང་གིས་ད་དུང་སྨན་པ་རྣམས་ལ་སྣེ་ཁྲིད་དེ། ནམ་རྒྱུན་གཞི་རིམ་གྱི་དབུལ་ཕོངས་ཁྱིམ་ཚང་དག་ལ་རིན་མེད་སྨན་བཅོས་བྱེད་དུ་སོང་ཞིང་། ལན་རེར་ཕུལ་བྱུང་སྨན་བཅོས་མི་སྣ་དང་ཆེད་མཁས་མི་སྣ་རྩ་འཛུགས་བྱས་ཏེ། གན་རྒྱ་བཞག་པའི་སྨན་ཁང་སོ་སོར་སོང་ནས་མཉམ་འབྲེལ་སྨན་བཅོས་ལག་ལེན་རོགས་སྐྱོར་བྱེད་པའི་བྱ་འགུལ་སྣ་ཚོགས་སྤེལ་བཞིན་ཡོད།
འབྲུག་ལྷ་ཐར་གྱིས་བཤད་རྒྱུར། བོད་ལུགས་སྨན་རྫས་ཞིབ་འཇུག་དང་དར་སྤེལ་གྱི་གོ་རིམ་ཁྲོད། ང་དང་ཨ་མྱེས་བོད་སྨན་རྒྱུན་འཛིན་དང་ལོ་ངོ་སྟོང་ཕྲག་གི་བོད་ཀྱི་གསོ་རིག་འཕེལ་རིམ་གཉིས་ནམ་ཡང་གཅིག་ཏུ་འབྲེལ་ཞིང་མཉམ་དུ་གནས་ཡོད། ང་རང་བདུད་རྩི་སྲེག་སྨན་འདུལ་སྦྱོང་ལག་རྩལ་གྱི་རྒྱུན་འཛིན་པ་ཡིན་པའི་ཆ་ནས། ཚན་རིག་དང་མཐུན་པའི་ལག་རྩལ་བེད་སྤྱོད་དང་སྲོལ་རྒྱུན་བཟོ་རྩལ་ལ་ཞིབ་འཇུག་བྱས་ཏེ། དེའི་ཕན་ནུས་ཇེ་མཐོར་གཏོང་རྒྱུ་ནི་རང་ཉིད་ཀྱི་ཐོག་མའི་ཆོད་སེམས་དང་ཕུགས་འདུན་ཡིན། མི་ལོ་བཅུ་ལྷག་གི་བྱ་བའི་རྒྱུད་རིམ་ཁྲོད། རང་ཉིད་ཀྱིས་བོད་ཀྱི་གསོ་རིག་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་པ་དེ་རེ་སྙེགས་བྱེད་སར་བཟུང་ནས། ཅི་ནུས་གང་ཐུབ་ཀྱིས་སློབ་གསོ་དང་། ཚན་རིག་ཞིབ་འཇུག རྒྱུན་འཛིན། གསར་གཏོད་སོགས་ཀྱི་ལས་དོན་ཐད་བྱ་བ་མང་པོ་བསྒྲུབས་མྱོང་ལ། ཀུན་ལ་ཕན་པའི་ལས་ཀུན་ལ་འབྲས་བུ་ཡག་པོ་བླངས་པར་མ་ཟད། བོད་ལུགས་གསོ་རིག་དང་བོད་སྨན་རྒྱུན་འཛིན་བྱེད་མཁན་གྱི་ཕུལ་བྱུང་མི་སྣ་རེ་འགའ་ཡང་གསོ་སྐྱོང་བྱེད་ཐུབ་པ་བྱུང་བས། དེས་རང་རེའི་མཚོ་སྔོན་ས་ཁུལ་གྱི་མི་རིགས་ཁྱད་ལྡན་གསོ་རིག་དར་སྤེལ་ལ་ཤུགས་བསྣན་ཡོད་ཅེས་བཤད།
བདུད་རྩི་སྲེག་སྨན་གྱི་མ་འོངས་པའི་དར་སྤེལ་ཕྱོགས་ལ། འབྲུག་ལྷ་ཐར་གྱིས་ཀྱང་ལོ་ལྔའི་འཆར་བཀོད་ཡག་པོ་ཞིག་བཀོད་འདུག་སྟེ། ད་ལོའི་མཚོ་ལྷོ་ས་ཁུལ་བོད་ཀྱི་གསོ་བ་རིག་པ་དང་སྨན་པ་གྲྭ་ཚང་གི་རིག་གཞུང་བགྲོ་གླེང་སྟེང་། 《བོད་ལུགས་གསོ་རིག་བདུད་རྩི་སྲེག་སྨན་སྐོར་གྱི་དཔྱད་རྩོམ་གཅེས་བསྡུས》ཞེས་པའི་དེབ་ཅིག་དཔར་སྐྲུན་གནང་རྒྱུ་ཡིན་པ་དང་། སང་ལོར། གཞི་རིམ་བོད་སྨན་ཁང་སོ་སོར་ཕྱི་བཀོལ་དང་ཁོང་བསྟེན་གྱི་བདུད་རྩི་སྲེག་སྨན་སྨན་རྫས་རིགས་གཉིས་ཁྱབ་གདལ་གང་ལེགས་བྱེད་པ། དེའི་ཕྱི་ལོར། བདུད་རྩི་སྲེག་སྨན་གྱི་སྤྱི་ཚོགས་དྲིལ་སྒྲོག་ནུས་པ་སྔར་ལས་ཇེ་མཐོར་བཏང་ནས་དཔེ་རིས་གཉིས་ལྡན་གྱི《སྨན་བཟང་བདུད་རྩི་སྲེག་སྨན་སྡེབ་སྦྱོར་དཔེ་རིས་ཀུན་གསལ》དཔར་སྐྲུན་བྱེད་པ་སོགས་ལོ་རེ་བཞིན་དུ་ལག་ཏུ་བསྟར་རྒྱུ་རེད།
རྗེས་ཕྱོགས་བྱ་བ་ཇི་ལྟར་སྒྲུབ་པའི་སྐོར་གླེང་སྐབས། འབྲུག་ལྷ་ཐར་གྱིས་བོད་སྨན་ཁང་དང་ཐག་མི་རིང་བའི་སར་གནས་པའི་ཐོག་ཁང་ཆེན་མོ་དེ་ང་ཚོར་བསྟན་ནས། འདི་ནི་གསར་དུ་བཙུགས་པའི་ལུམས་བཅོས་ཐོག་ཁང་ཡིན་ལ། ལུམས་བཅོས་ནི་ང་ཚོའི་ཕྱིན་ཆད་ཀྱི་བྱ་བའི་རྣམ་གྲངས་གལ་ཆེན་ཞིག་ཡིན། འདི་ལ་བརྟེན་ནས་ཉམ་ཐག་ནད་པ་མང་པོ་ཞིག་ནད་ཀྱི་གདུང་བ་ལས་ཀུན་ནས་གྲོལ་ཐུབ་པར་ཡིད་ཆེས་བཅངས་ཡོད་ཅེས་བཤད།
ལོ་ཙྭ་བ། སྟོབས་ལྡན་རྒྱལ།