འབྲོག་པ་མང་ཚོགས་ཀྱི་སེམས་ལ་དྲོད་ཁོལ་སྦྱིན་མཁན།
2018.12.17 ཁུངས། མཚ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 80

བསོད་ནམས་སྒྲོལ་མས་སུན་སྣང་མེད་པར་འབྲོག་པ་མང་ཚོགས་ལ“ཐབས་བཀོད”འདོན་བཞིན་པ།

བསོད་ནམས་སྒྲོལ་མ་ནི་འབྲོག་ཁུལ་ནས་འཚར་ལོངས་བྱུང་ཞིང་ངོ་ཚ་བར་དགའ་བའི་བུ་མོ་དཀྱུས་མ་ཞིག་རེད། མོ་ནི་སྨྲ་བ་ཉུང་ཞིང་སྨྲ་བརྗོད་ལ་མི་མཁས་པའི་རིགས་དེ་ཡིན་མོད། འོན་ཀྱང་མོར་ལས་ཀའི་ཉིན་ཐོ་མཐུག་པོ་གཉིས་ཡོད་པ་དེའི་ནང་དུ། མོའི་ལོ་གཅིག་ལྷག་རིང་གི་ལས་ཀ་དང་འཚོ་བའི་ཟུར་སྣེ་ཙམ་ཞིག་མྱོང་རོལ་བྱ་ཐུབ།

ཉིས་སྟོང་བཅུ་བདུན་ལོའི་ཟླ་དང་པོ་སྟེ། རྩེ་ཆུ་རྩྭ་ཐང་གི་གྲང་ངར་ཆེས་ཆེ་བའི་དུས་ཚིགས་ལ། བསོད་ནམས་སྒྲོལ་མ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་རྩེ་ཆུ་གྲོང་རྡལ་མཁར་ལུང་སྡེ་བའི་དབུལ་སྐྱོར་སྡེ་སྡོད་བྱ་བའི་རུ་ཁག་ཏུ་ཞུགས་ཏེ་སྡེ་སྡོད་ལས་བྱེད་པ་ཞིག་ཏུ་གྱུར། སྡེ་བའི་ནང་ལ་སླེབས་པའི་ཉིན་དང་པོར། མོས་རང་གི་ཉིན་དེའི་ལས་ཀའི་ཟིན་ཐོ་ནང་དུ་རང་ལ་སྐུལ་ལྕག་གཏོང་བའི་སྐད་ཆ་ཞིག་བྲིས་ཡོད་པ་ནི་འདི་ལྟ་སྟེ། ས་སྐྱེས་རྡོ་སྐྱེས་ཀྱི་རྩེ་ཁོག་པ་ཞིག་ཡིན་པའི་ཆ་ནས། ཡུལ་མི་སྤུན་ཟླ་ཚོ་དང་སེམས་གཅིག་ཏུ་འདྲིས་ཤིང་འདྲེས་ཏེ། ལྟོས་བཅས་ཀྱིས་སྡེ་བར་སྡོད་པའི་དུས་ཚོད་ཐུང་ཐུང་འདི་བེད་སྤྱད་དེ་རང་ནུས་ཡོད་རྒུ་རྩལ་དུ་བཏོན་ནས། སྐབས་བབ་ཀྱི་དོན་དངོས་མང་པོ་ཞིག་བསྒྲུབས་ན། ད་གཟོད་རང་ཉིད་སྐྱེས་ཤིང་སྐྱོང་མྱོང་བའི་རྩྭ་ཐང་འདི་ལ་དྲིན་གཟོ་བྱེད་ཐུབ་ཅིང་། “སྡེ་སྡོད་ལས་བྱེད་པ”ཞེས་པའི་ཐོབ་ཐང་འདི་ཡང་མིང་དོན་དང་མཐུན་ངེས་རེད་ཅེས་བྲིས་ཡོད།

མཁར་ལུང་སྡེ་བ་ནི་དབུལ་ནག་སྡེ་བ་ཞིག་ཡིན། སྡེ་བ་ཡོངས་ལ་ཁྱིམ་ཚང་ཉིས་བརྒྱ་དང་ཞེ་བཞི་དང་མི་གྲངས་སྟོང་གཅིག་དང་ལྔ་བཅུ་ཡོད་པའི་ཁྲོད་དབུལ་ཁྱིམ་བརྒྱད་ཅུ་དང་དབུལ་ཕོངས་མི་གྲངས་ཉིས་བརྒྱ་དང་བརྒྱད་ཅུ་ལྷག་ཡོད་པ་རེད། འབྲོག་པ་མང་ཚོགས་ཁ་ཐོར་དུ་འཚོ་སྡོད་བྱས་ཡོད་རྐྱེན། ཁྱིམ་ཚང་གཅིག་ནས་ཁྱིམ་ཚང་གཞན་ཞིག་ཏུ་འགྲོ་དགོས་ན་ནམ་རྒྱུན་སྤྱི་ལེ་ཁ་ཤས་སམ་བཅུ་ཕྲག་ལྷག་གི་ལམ་བརྒྱུད་དགོས། དེར་བརྟེན། ཁྱིམ་ཚང་རེ་རེར་འགྲོ་བའི་ལས་ཀ་འདི་ནི་བསོད་ནམས་སྒྲོལ་མ་དང་སྡེ་སྡོད་ལས་བྱེད་རུ་ཁག་གི་ཁོངས་མི་ཡོངས་ལ་མཚོན་ན་ལས་སླ་བོ་ཞིག་གཏན་ནས་མིན།

ན་ནིང་དབྱར་ཁའི་ས་སྲོད་ཀྱི་དུས་ཤིག་ལ། ཉིན་ཧྲིལ་པོར་ལ་བརྒལ་ལུང་བརྒལ་བྱས་མཐར། བསོད་ནམས་སྒྲོལ་མ་གཞི་ནས་རང་ཉིད་ཀྱིས་འགན་འཁུར་པའི་རྩྭ་ཐང་གི་འབྲོག་ཁྱིམ་བཅུ་བོར་སོང་ཚར་ཞིང་། ངལ་དུབ་ཀྱིས་གཙེས་ཏེ་ཕྱིར་ཡུལ་ལ་ལོག་རྗེས་ལོ་ན་ཆུང་བའི་བྱིས་པ་གཉིས་ཀ་གཉིད་ལ་ཡུར་དུ་བཅུག མོ་རང་ཡང་ཐམ་མེ་ཐོམ་མེར་གཉིད་ལ་ཡུར་བའི་སྐབས་དེར། ཁ་པར་གྱི་སྒྲ་སིལ་སིལ་དུ་གྲགས་ཏེ་མོ་རང་གཉིད་ལས་དཀྲོགས་ཤིང་། ཁ་པར་ནང་སྐབས་འཕྲལ་ལས་ཀར་ཤོག་ཅེས་པའི་བརྡ་སྦྱོར་གཏོང་གིན་འདུག སྟབས་མ་འགྲིག་པ་ཞིག་ལ་ཁྱོ་ག་ཉེན་རྟོག་པའང་མཚན་མོའི་ལས་རེས་ཡིན་པས། བྱིས་པ་ཆུང་བ་རྒྱབ་ལ་འཁུར་ཞིང་ཆེ་བ་ལག་མགོར་ཁྲིད་དེ་ལས་ཀར་མི་འགྲོ་ཐབས་མེད་བྱུང་། བསོད་ནམས་སྒྲོལ་མའི་བསམ་པར། དབུལ་སྐྱོར་སྡེ་སྡོད་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས། དབུལ་ཐར་འགག་སྒྲོལ་གྱི་འཐབ་འཛིང་ཉིན་རེ་བཞིན་ཛ་དྲག་ཏུ་འཕེལ་བཞིན་པའི་གནད་འགག་གི་སྐབས་འདིར།  མོ་རང་གིས་ནུས་ཤུགས་ཡོད་ཚད་བཏོན་ན་ད་གཟོད་རང་གི་བྱ་བ་ལ་བརྩི་མཐོང་དང་གདོང་གཏོད་ཐུབ་ཀྱང་། ལྷག་ཏུ་རང་ཉིད་ནི་ཏང་ཡོན་ཞིག་ཡིན་པས་དེ་ལྟར་བྱ་འོས་སྙམ།

ང་ཚོས་སྡེ་བའི་ནང་གི་གནད་ཆེ་བའི་ལས་ཀའི་ནང་དོན་འདྲི་བའི་མཚམས་སུ། བསོད་ནམས་སྒྲོལ་མས་མགོ་བོ་ཡར་དགྱེ་སྟེ“སྡེ་བའི་ནང་གི་དོན་དག་ཅིག་ཡིན་ན། གལ་ཆེན་མིན་པ་གཅིག་ཀྱང་མེད་སྙམ། ཚང་མ་ང་ཚོའི་གནད་ཆེ་བའི་ལས་ཀ་དག་དག་ཡིན།”ཞེས་བཤད། དེའི་ཡར་སྔོན། མོས་རྩེ་ཁོག་རྫོང་ནུབ་རྒྱུད་ཀྱི་ཉིན་ཕྱུག་ཞང་ནས་སྡེ་སྡོད་ལས་བྱེད་པའི་ལས་འགན་འཁུར་མྱོང་བས། མཁར་ལུང་སྡེ་བར་ཡོང་མ་ཐག་པའི་བསོད་ནམས་སྒྲོལ་མ་སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གཉིས་ཀྱི་བྱ་བ་ཙག་ཙིག་དག་ལ་གོམས་འདྲིས་ཐོན་ཡོད་པར་མ་ཟད། གང་ལ་ཅི་འོས་ཀྱིས་ཐག་གཅོད་བྱེད་ཐུབ་པས། ཡུན་རིང་མ་འགོར་བར་ལས་གྲོགས་ཚང་མའི་ཁས་ལེན་ཐོབ། མཁར་ལུང་སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་ཨོ་རྒྱན་རྒྱལ་པོ་ལྟར་ན། སྡེ་བ་འདིའི་ནང་དུ་བསོད་ནམས་སྒྲོལ་མ་ནི་དཔྱད་ཡིག་བདག་གཉེར་པ་ཡིན་པར་མ་ཟད། ད་དུང་དྲིལ་སྒྲོག་པ། རོགས་ཁྲིད་པ། སྐད་བསྒྱུར་བ་བཅས་ཀྱང་ཡིན། རྩ་འཛུགས་འཛུགས་སྐྲུན་ནས་སྤྱི་ཚོགས་འགན་སྲུང་གི་བྱ་བ་གང་ཞིག་ཡིན་ཡང་། འབྲོག་པ་མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བ་ཡོད་པའི་ལས་ཀ་ཞིག་ཡིན་ན། མོས་ནམ་རྒྱུན་རང་འགུལ་གྱིས་སྔོན་དུ་བསྒྲུབ་པར་བརྩོན།

ཉིས་སྟོང་བཅུ་བདུན་ལོའི་ཟླ་བཅུ་བར། རྩེ་ཁོག་རྫོང་གི་ཡུལ་གཞན་ལ་དབུལ་སྐྱོར་གནས་སྤོ་བྱེད་པའི་གཅིག་བསྡུས་བདེ་འགོད་ཁུལ་ཕལ་ཆེ་བ་འཛུགས་སྐྲུན་ལེགས་འགྲུབ་བྱུང་བས། མཁར་ལུང་སྡེ་བའི་དབུལ་ཁྱིམ་བརྒྱད་ཅུ་བོ་རྩྭ་ཐང་ནས་རྫོང་མཁར་གྱི“སྡེ་གསར”ལ་གནས་སྤར་ཏེ་སྡོད་ཁང་གསར་པར་སྡོད་ཐུབ་པ་བྱུང་། བསོད་ནམས་སྒྲོལ་མ་དང་དབུལ་སྐྱོར་རུ་ཁག་གི་ཁོངས་མི་རྣམས་ཀྱིས་ཡང་དང་བསྐྱར་དུ་སྡེ་བའི་མང་ཚོགས་ལ་མཐུན་སྦྱོར་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་དང་མཉམ་དུ་གྲོས་བསྡུར་བྱས་མཐར། དབུལ་ཕོངས་མི་གྲངས་ཡོངས་ཀྱི་ཐོན་ལས་ཁྱིམ་ཐོབ་དངུལ་རྩ་ཧྲག་སྡེབ་བྱས་ཏེ། རྫོང་མཁར་ནས་ཚོང་ཁང་ཆ་ཚང་ཞིག་ཉོས་པར་མ་ཟད། ད་དུང་དབུལ་ཕོངས་མི་གྲངས་སྐོར་ཞིག་ལ་རྩྭ་སའི་སྐྱེ་ཁམས་ལྟ་སྐུལ་དོ་དམ་པ་སོགས་སྤྱི་ཕན་རང་བཞིན་གྱི་ལས་གནས་བརྩོན་ལེན་བྱས། དབུལ་ཕོངས་ཁྱིམ་ཚང་ལ་ཡར་སྐུལ་བྱེད་ཆེད། སྡེ་སྡོད“ཧྲུའུ་ཅི་དང་པོ”ཡི་གཡས་གཡོན་གྱི་དཔུང་གྲོགས་བསོད་ནམས་སྒྲོལ་མ་དང་ལས་གཞིའི་རུ་ཁག་གི་ཁོངས་མི་ཡོངས་ཀྱིས་རེས་ཐེངས་འགར་སྲིད་ཇུས་སྒྲོག་འགྲེལ་བྱས་པ་དང་། དབུལ་ཐར་དང་མ་འོངས་པ་གླེང་། ད་ལྟ་ཁྱིམ་ཚང་བརྒྱད་ཀྱི་མི་གྲངས་སོ་གཅིག་དབུལ་ཕོངས་ཚད་ཐིག་ལས་ཐར་བ་དང་། ད་ནི་དབུལ་ཐར་ཕྱུག་བསྒྱུར་གླེང་མ་ཐག་འབྲོག་པ་མང་ཚོགས་ལ་ཡིད་ཆེས་ཀྱིས་གཏམས་འདུག

ཉིས་སྟོང་བཅུ་བདུན་ལོར། བསོད་ནམས་སྒྲོལ་མ་ཞིང་ཆེན་ཡོངས་ཀྱི་སྡེ་སྡོད་ཕུལ་བྱུང་ལས་བྱེད་པར་བདམས་ཐོན་བྱུང་ཞིང་། “2017ལོའི་མཚོ་སྔོན་ཞིང་ཆེན་གྱི་ལོ་འཁོར་དབུལ་ཐར་འགག་སྒྲོལ་བྱ་དགའ”ཐོབ། སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཚེ་ཐར་རྒྱལ་གྱིས་གཏམ་བཟང་དེ་ཐོས་མ་ཐག་བསོད་ནམས་སྒྲོལ་མ་ལས་ལྷག་པའི་དགའ་སྤྲོ་ཆེན་པོ་སྐྱེ་བཞིན“མོ་རང་སྡེ་བའི་བྱ་བ་ཀུན་ལ་རྒྱུས་མངའ་ཆེ་ཞིང་སྒྲུབ་པའི་རྩལ་མཐོ་ལ། རོང་འབྲོག་པ་མང་ཚོགས་ལ་བརྩེ་སེམས་ཀྱིས་ཕྱུག་པར་མ་ཟད་ངང་རྒྱུད་རིང་ཞིང་། བྱ་བར་ནན་ཏན་ཡིན་ལ་སྡུག་རུས་ཡོད་པས། སྡེ་དམངས་ཨུ་ཡོན་ལྷན་ཁང་གི‘དྲུང་ཡིག་པ་བཟང་པོ’ཡིན་པར་མ་ཟད། འབྲོག་པ་མང་ཚོགས་ཀྱི་སེམས་ལ་དྲོད་ཁོལ་སྦྱིན་མཁན་ཡང་ཡིན”ཞེས་བཤད།

                                                                                                                    རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།