དབང་དགའི་མིག་ལམ་གྱི་ལོ་ངོ་བཞི་བཅུའི་བཅོས་སྒྱུར་ལམ་བུ།
2018.12.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 44

དབང་དགའ་ནི་ཡུལ་ཤུལ་ནས་སྐྱེས་པ་ཡིན་ལ། 1974ལོར་སློབ་མཐར་ཕྱིན་རྗེས་བྱ་བར་ཞུགས། ཁོར་ཡུག་སྲུང་སྐྱོབ་མི་སྣ་བསོད་ནམས་དར་རྒྱས་དང་སློབ་གྲོགས་རེད། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་རྩ་འཛུགས་པུའུ་རུ་ལོ་ངོ་བཅུ་བཞིའི་རིང་བྱ་བ་སྒྲུབ་པ་དང་། ཡུལ་ཤུལ་ཁུལ་དམངས་ཆེན་དུ་ལོ་ངོ་བཅུ་བཞིའི་རིང་བྱ་བ་སྒྲུབ། 2014ལོར་ལས་འཁྱུར་ངལ་གསོ་བྱས། དབང་དགའ་ནི་བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ་བཞི་བཅུ་འགོར་བའི་རིང་ཡུལ་ཤུལ་འཕེལ་རྒྱས་ཀྱི་འགྱུར་ལྡོག་དངོས་སུ་མྱོང་མཁན་དང་བདེན་དཔང་བྱེད་མཁན་རེད།

གནོད་ཤུལ་བསྐྱར་འཛུགས་ཀྱི་སྐབས་སུ། ཡུལ་ཤུལ་གྲོང་ཁྱེར་གྱིས“ལོ་ངོ་གསུམ་ལ་དཀའ་སྤྱད་སྡུག་རུས་བྱས་ཏེ། ལོ་ངོ་ཉི་ཤུ་བརྒལ་བའི”འབོད་ཚིག་བཏོན། འོན་ཀྱང་། དབང་དགའ་ཡིས་བལྟས་ན། ལོ་ངོ་ཉི་ཤུ་བརྒལ་བའི་མི་ཚད་པར། “ད་ལྟའི་ཡུལ་ཤུལ་གསར་བའི་གྲོང་ཁྱེར་འཆར་འགོད་ཚན་རིག་དང་མཐུན་ལ། རྨང་གཞིའི་སྒྲིག་ཆས་འཐུས་ཚང་ཡིན་པ། ཁོར་ཡུག་འཕྲོད་བསྟེན་གཙང་མ་ཡིན་པ་མ་ཟད། ང་ཚོས་ད་དུང་དྲོད་འཁོལ་ལྡན་པའི་ཁང་བ་གསར་བ་དང་འགྲིམ་འགྲུལ་སྟབས་བདེ་བ། སྒྲིག་ཆས་ཆ་ཚང་བའི་སྡོད་ཁུལ་བཅས་ཀྱི་འཚོ་བ་རོལ་མྱོང་བྱེད་བཞིན་ཡོད་ལ། སྒྲིག་ཆས་མང་པོ་ཞིག་དེ་སྔོན་མཐོང་མ་མྱོང་། གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་འདི་དག་མི་ཚང་མས་སེམས་ཀྱིས་ཤེས་ལ། མིག་གིས་མཐོང་བ་དང་བེད་སྤྱོད་བྱེད་བཞིན་ཡོད་པ་རེད།”

དབང་དགའ་ཡི་དྲན་པའི་ངོས་སུ1978ལོའི་སྐབས་སུ། སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་མ་བསྡུས་སྔོན། ཡུལ་ཤུལ་ཁུལ་ཡོངས་ཀྱི་ཐོན་སྐྱེད་སྤྱིའི་ཐོན་རིན་སྒོར་དུང་ཕྱུར་གཉིས་ལ་སླེབས་ཐུབ་མེད། དབང་དགའ་ཡིས་བཤད་རྒྱུར། “ན་ནིང་། ངས་ཡུལ་ཤུལ་ཁུལ་གྱི་ཐོན་སྐྱེད་སྤྱིའི་ཐོན་རིན་མ་དངུལ་སྒོར་དུང་ཕྱུར་རེ་གཉིས་སུ་སླེབས་ཡོད་པ་ཤེས། ཡུལ་ཤུལ་མི་དམངས་ཀྱི་འཚོ་བ་དངོས་གནས་འགྱུར་ལྡོག་བྱུང་ཡོད། སྒོ་རུ་བུད་ན་སྔོ་ཚོད་ཚོང་ར་དང་ཚོང་ཁང་གི་དངོས་རྫས་ཁྱེད་ཀྱིས་སེམས་སུ་དྲན་མི་ཐུབ་པ་མ་གཏོགས་ཅི་ཡིན་ཚང་མ་ཡོད། དགུན་ཁ་ཁྱིམ་དུ་དྲོད་ཁོལ་ལྡན་པའི་དྲོད་རླངས་ཡོད་པས། ཨོང་བ་སོགས་བཀོལ་ནས་ལྕགས་ཐབ་འབུད་མི་དགོས། དེ་སྔོན་གྱི་དངོས་རྫས་དཀོན་པའི་དུས་རབས་དང་བསྡུར་ན། ད་ལྟ། ཚང་མའི་འཚོ་བ་དངོས་སུ་འབྱོར་ཕྱུག་ཏུ་གྱུར་ཡོད”ཟེར།

དབང་དགའི་མིག་ལམ་དུ། བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ་བཞི་བཅུ་འགོར་བའི་རིང་། ཡུལ་ཤུལ་རྒྱལ་ཡོངས་དང་འདྲ་བར་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ཡུལ་ཤུལ་གྱི་སྲང་ལམ་ལ་འགྱུར་ལྡོག་བྱུང་ཡོད་པ་དང་། ཡུལ་ཤུལ་གྱི་འཚོ་བ་ཡང་འགྱུར་ལྡོག་འབྱུང་བཞིན་ཡོད། ཆེས་གཙོ་བོ་ནི་ཡུལ་ཤུལ་གྱི་མི་རྣམས་ཀྱི་བསམ་བློའི་འདུ་ཤེས་ལ་ཡང་འགྱུར་ལྡོག་འབྱུང་བཞིན་ཡོད།

གཅིག་ནི་ཁོར་ཡུག་སྲུང་སྐྱོབ་ལ་མཐོང་ཆེན་བྱེད་པ། བོད་མི་རིགས་ལ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་སྲོལ་རྒྱུན་བཟང་བོ་སྔ་མོ་ནས་ཡོད། བཅོས་སྒྱུར་སྒོ་འབྱེད་བྱས་པ་དང་ཁྱད་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“སྔོ་ལྗང་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་བཏོན་པ་དང་བསྟུན་ནས། འདུ་ཤེས་དེ་མི་རྣམས་ཀྱི་སེམས་ཀྱི་ཟབ་སར་བཟུང་ཡོད་པ་མ་ཟད། རིམ་བཞིན་དོན་དངོས་ཀྱི་བྱ་སྤྱོད་དུ་འགྱུར་བཞིན་ཡོད།

དེ་སྔོན་རོང་འབྲོག་པ་རྣམས་ཀྱིས་གད་སྙིགས་ཇི་ལྟར་ཐག་གཅོད་བྱེད་དགོས་པ་ཤེས་ཀྱིན་མེད་ལ། གད་སྙིགས་ཆུ་འགྲམ་དུ་གཏོར་བཞིན་ཡོད། སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་བསྟུན་ནས། རིམ་བཞིན་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་ཆགས་པ་དང་། རྨང་གཞིའི་སྒྲིག་ཆས་རིམ་བཞིན་ཆ་ཚང་དུ་སོང་བ་དང་བསྟུན་ནས། ད་ལྟ་ཚང་མར་གད་སྙིགས་ལམ་འགྲམ་དུ་བཞག་པའི་གད་སྙིགས་སྒམ་དུ་འཕེན་དགོས་པའི་འདུ་ཤེས་ཡོད་ལ། གང་འདོད་དུ་གད་སྙིགས་འཕེན་པའི་སྣང་ཚུལ་ཕལ་ཆེར་མེད། ད་དུང་མི་རྣམས་ཀྱིས་ལམ་དུ་གཡུག་པའི་གད་སྙིགས་རང་འགུལ་སྒོས་འཐུས་ཏེ་གད་སྙིགས་སྒམ་དུ་འཕེན་བཞིན་ཡོད།

ཁོར་ཡུག་གིས་མི་རྣམས་ཀྱི་བསམ་བློའི་གོ་རྟོགས་ཇེ་མཐོར་གཏོང་སྲིད། ད་ལྟ་ཚང་མ་འཚོ་སྡོད་བྱེད་སའི་ཁོར་ཡུག་གཙང་ལ་གྲལ་དག་པ་དང་། ཁྱིམ་དུ་ཡང་ཨོང་བ་བཀོལ་མི་དགོས་པས། རོང་འབྲོག་པའི་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གྱུར་བ་དང་། ཁྱིམ་གྱི་ཕྱི་ནང་ཚང་མ་གཙང་ལ་དྲོད་འཁོལ་ལྡན་པ་ཞིག་ཏུ་གྱུར་ཡོད།

གཉིས་ནི་རོང་འབྲོག་པའི་བྱིས་པ་སློབ་གྲྭར་བསྐྱལ་བ། དེ་སྔོན། རོང་འབྲོག་པ་རྣམས་ཀྱིས་བྱིས་པ་སློབ་གྲྭར་བསྐྱལ་འདོད་མེད་ལ་ཁྱིམ་དུ་རང་འགར་བསྡད་ཡོད་པ་དང་། སློབ་གྲྭར་བསྐྱལ་བའི་འདུ་ཤེས་རྩ་བ་ནས་མེད་ཅེས་བཤད་ཆོག འབྲོག་ཁུལ་དུ་བྱིས་པ་ལོ་བརྒྱད་ཡས་མས་སུ་སླེབས་དུས་ཁྱིམ་གྱི་ངལ་རྩོལ་མཁན་གཅིག་གི་གྲས་སུ་བཞག་ཡོད་ལ། ཁྱིམ་གྱི་ནོར་ལུག་འཚོ་བ་དང་། ཁྱིམ་ལས་སྣ་ཚོགས་ལས་ཀྱིན་ཡོད།

སྐབས་དེར། བྱིས་པ་སློབ་གྲྭར་བསྐྱལ་བའི་ཐད་ཁྱིམ་ཚང་རེ་རེར་སོང་ནས་སྐུལ་སློང་བྱེད་དགོས། ད་ལྟ་དེ་ལས་ལྡོག་སྟེ། རོང་འབྲོག་པ་རྣམས་ཀྱིས་ཕྱི་རོལ་གྱི་བྱ་བ་སྣ་ཚོགས་ལ་འབྲེལ་འདྲིས་བྱེད་པ་དང་། ཆ་འཕྲིན་མི་འདྲ་བ་སྣ་ཚོགས་ལ་རྒྱུས་ལོན་བྱེད་ཐུབ་པས། ཁོ་ཚོས་སེམས་སུ་ཡང་དེང་སྐབས་ཀྱི་སྤྱི་ཚོགས་འདིར་ཤེས་བྱ་སྦྱངས་རྒྱུ་གལ་ཆེན་ཡིན་པ་ཤེས་ཡོད་ལ། འཚོ་བ་སྔར་ལས་ཇེ་རྒྱས་ཇེ་ལེགས་སུ་འགྲོ་དགོས་ན་ངེས་པར་དུ་སློབ་གསོ་མྱོང་དགོས་པ་ཤེས་ཡོད།

དེ་བས། ཁོ་ཚོས་རང་འགུལ་སྒོས་བྱིས་པ་སློབ་གྲྭར་བསྐྱལ་བཞིན་ཡོད་ལ། རོང་འབྲོག་ཁུལ་གྱི་ས་ཐག་རིང་བའི་བྱིས་པར་སློབ་གསོ་སྔར་ལས་བཟང་བོ་མྱོང་དུ་འཇུག་ཆེད། མི་ལ་ལས་ཁྱིམ་གྱི་སྒོ་ཕྱུགས་ཚང་མ་བཙོང་ནས། སྒོར་མོ་མང་པོ་བེད་སྤྱད་དེ་སྐྱེ་རྒུ་ནས་སློབ་གྲྭ་དང་ཐག་ཉེ་བའི་གནས་སུ་ཁང་བ་གླ་བཞིན་ཡོད་ལ། དེ་ལྟར་བྱས་ན་བྱིས་པ་སློབ་གྲྭར་འགྲོ་བ་ཅུང་སྟབས་བདེ་རེད་འདོད་ཡོད།

དབང་དགའ་ཡིས་བཤད་རྒྱུར། དེ་ནི་ང་རང་ལ་མཚོན་ན་བག་ཆགས་ཆེས་ཟབ་པ་དང་འགྱུར་ལྡོག་ཆེས་ཆེ་བ་རེད། མི་རབས་ནས་མི་རབས་སུ་འབྲོག་ཁུལ་དུ་འཚོ་བ་རོལ་བའི་མི་རྣམས་ལ་མཚོན་ན། བསམ་བློའི་སྟེང་འགྱུར་ལྡོག་འདི་འདྲ་བྱུང་ཐུབ་པ་ནི་ལས་སླ་མོ་ཞིག་མིན་ལ། འོན་ཀྱང་། ཡུལ་ཤུལ་གྱི་འཕེལ་རྒྱས་ལ་མཚོན་ནས་བཤད་ན། འགྱུར་ལྡོག་འདི་ངེས་པར་མཁོ་བ་ཞིག་རེད་ཟེར།

དབང་དགའ་ཡིས་བཤད་རྒྱུར། ད་ལྟ། ང་ཚོའི་ལས་བྱེད་མི་སྣ་དང་རོང་འབྲོག་མང་ཚོགས། ལས་འཁྱེར་ངལ་གསོ་བྱས་པའི་ལས་བྱེད་མི་སྣ་བཅས་ཀྱིས་ཡུལ་ཤུལ་དུས་རབས་གསར་བར་ཞུགས་པ་དང་། དུས་རབས་གསར་བའི་བགྲོད་ལམ་དུ་བསྐྱོད་རྒྱུར་ཡིད་ཆེས་ཀྱིས་ཁེངས་ཡོད་ལ། རེ་སྒུག་ཆེན་པོ་བྱེད་བཞིན་ཡོད། ཁྱད་པར་དུ། ད་ལྟའི་སྲིད་ཇུས་ཧ་ཅང་བཟང་བས། ང་ཚོའི་ཡུལ་ཤུལ་གྱི་རྗེས་ཕྱོགས་ཀྱི་འཕེལ་རྒྱས་སྔར་ལས་ཇེ་མགྱོགས་ཡིན་ལ། མི་དམངས་ཀྱི་འཚོ་བ་ཡང་སྔར་ལས་ཇེ་བཟང་ནས་ཇེ་བཟང་ཡིན་ངེས་རེད་ཟེར།

ལོ་ཙཱ་བ། ཤ་བོ་རིན་མཚོ།