ཀླུ་འབུམ་ཚེ་རིང་དང་ངེད་གཉིས་ལུང་ཁོག་གཅིག་གི་ཡིན།
2018.12.20 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 98

ཀླུ་འབུམ་ཚེ་རིང་དང་ངེད་གཉིས་ལུང་ཁོག་གཅིག་དང་ཆུ་མགོ་གཅིག་གི་མི་ཡིན། ལུང་ཁོག་དེའི་མིང་ལ་རྡོ་སྦིས་ཟེར་ཞིང་ཆུ་མགོ་དེའི་མིང་ལ་ཕྱུག་ལུང་དུ་འབོད། ཁོའི་སྡེ་བ་དང་ང་ཚོའི་སྡེ་བའི་དྲང་ཐད་ཀྱི་བར་ཐག་ནི་སྤྱི་ལེ་གཅིག་ཙམ་ལས་མེད། སྤྱི་ཚོགས་རྙིང་བར་རུ་ཆེན་གཅིག་ཏུ་སྦྲེལ་ཏེ་སྐྱིད་སྡུག་མཉམ་དུ་མྱངས་ཤིང་། དུས་ད་ལྟའང་ཕན་ཚུན་ཤ་ཚ་ཚ་དང་སྙིང་ཉེ་ཉེ་བྱེད།

ཀླུ་འབུམ་ཚེ་རིང་ངེད་གཉིས་ལུང་ཁོག་གཅིག་དང་ཆུ་མགོ་གཅིག་གི་མི་ཡིན། དགོན་པའི་མིང་ལ་དམག་དཔོན་སྒོམ་གྲྭ་ཟེར་བ་དང་། ང་ཚོ་ཚང་མ་ལྷ་སྡེ་གཅིག་གི་གྲས་སུ་གཏོགས། ངའི་ཨ་ཞང་ཚང་ནི་ཁོ་ཚང་དང་ཁྱིམ་མཚེས་ཡིན་ལ། ཆུང་དུས་སུ་ཨ་ཞང་ཚང་དུ་འགྲོ་ཐེངས་རེར། ཀླུ་འབུམ་ཚེ་རིང་མཐོང་བར་འགྱུར་བའམ་ཡང་ན་ཁོའི་སྐོར་གྱི་གནས་ཚུལ་རེ་ཟུང་རྟག་པར་རྣ་ཐོས་སུ་འབྱུང་། འདི་ནི་ཀླུ་འབུམ་ཚེ་རིང་ངེད་གཉིས་ལུང་ཁོག་གཅིག་དང་ཆུ་མགོ་གཅིག་གི་ཡིན་པའི་རྒྱུ་མཚན་མདོར་བསྡུས་ཙམ་ཡིན།

ཀླུ་འབུམ་ཚེ་རིང་ངེད་གཉིས་ལུང་ཁོག་གཅིག་དང་ཆུ་མགོ་གཅིག་གི་མི་ཡིན་ནའང་། ངེད་གཉིས་སློབ་གྲྭ་གཅིག་དང་འཛིན་གྲྭ་གཅིག་གི་སློབ་གྲོགས་མིན། ཆུང་དུས་ཨ་ཞང་ཚང་ངམ་སྡེ་མི་གཞན་དག་གི་ངག་ནས་ཀླུ་འབུམ་ཚེ་རིང་ཁོ་སློབ་སྦྱོང་ལ་བཟང་བའི་གནས་ཚུལ་རྟག་པར་རྣ་ལམ་དུ་ཐོས་ཏེ། ཡིད་སྨོན་དང་ཐ་ན་ཕྲག་དོག་གི་སེམས་བྱུང་དུ་མ་ཅིག་ཅར་སྐྱེས་མྱོང་། དེ་ལྟར་སློབ་འབྲིང་མཐར་ཕྱིན་པའི་ཚེ། ཁོའི་རྒྱུགས་འབྲས་རྩེ་གྲ་ཡིན་པའི་ངོས་ཐད་ནས་མཚོ་སྔོན་ཁྲིམས་འཛིན་སློབ་གྲྭ་འགྲིམས་པ་རེད། སློབ་གྲྭ་དེ་འགྲིམས་པ་དང་རྗེས་སུ་མགོ་ལོག་ཏུ་བྱ་བར་བསྒྲུབས་པར་ཆས་པ་ནས་བཟུང་། རིམ་གྱིས་ཀླུ་འབུམ་ཚེ་རིང་དང་ཁོའི་སྐོར་གྱི་གནས་ཚུལ་ཡང་ཁ་ཐག་ཇེ་རིང་དུ་སོང་ཞིང་། ཧ་ལམ་མཐོང་ཐོས་དཀོན་པའི་ཚད་དུ་གྱུར།

ད་ལྟ་འདང་བརྒྱབ་ན། གལ་སྲིད་རྩོམ་རིག་ཟེར་བའི་གཟུགས་མེད་ཀྱི་བྱེད་པོ་འདི་མིན་ཚེ། ངེད་གཉིས་ཀྱི་འབྲེལ་བའང་དུས་དེ་ནས་བཟུང་སྟེ་ཐག་པ་ཆད་པ་ནང་བཞིན་ཕན་ཚུན་ཡུལ་དུས་ཀྱིས་བསྐལ་ཅིང་། ཁོའི་སྣང་བརྙན་ཡང་ཆུང་དུས་ཨ་ཞང་ཚང་ངམ་ཡང་ན་སྡེ་མི་གཞན་དག་གིས་བསྒྲགས་པའི་སྐད་ཆ་སྟེ། ཀླུ་འབུམ་ཚེ་རིང་སློབ་སྦྱོང་ལ་བཟང་ཟེར་བ་དང་། ཀླུ་འབུམ་ཚེ་རིང་ལ་སྡུག་རུས་ཆེ་ཟེར་བ་དང་། ཀླུ་འབུམ་ཚེ་རིང་ཡ་རབས་ཡིན་ཟེར་བ་སོགས། སྤྱི་བམ་དེ་ཙམ་གྱི་སྟེང་དུ་འབྲི་འཕྲོར་ལུས་ཤིང་ད་ལྟ་བརྗེད་ངེས་ཀྱི་ཀློང་ཡངས་པོར་བྱིང་ཡོད་ལས་ཆེ།

སྤྱི་ལོ1998ལོར། ཁོ་བོ་སློབ་མཐར་ཕྱིན་ཏེ《སྦྲང་ཆར》རྩོམ་སྒྲིག་ཁང་དུ་ལས་ཀ་བསྒྲུབས་པའི་རྗེས་སུ། ཐེངས་ཤིག་སྟེས་དབང་གིས་ངེད་གཉིས་ཟི་ལིང་མཁར་དུ་ཕྲད་ཅིང་། ཕན་ཚུན་ཡར་བཤད་མར་བཤད་བྱས་པའི་མཐའ་མར། ངེད་གཉིས་ཀྱི་དགའ་ཕྱོགས་དེ་རྩོམ་རིག་ཅེས་པའི་གཟུགས་མེད་ཀྱི་དབྱིངས་ནས་གཞི་གཅིག་ཏུ་ཁེལ་པ་ཚོར། ངས་བསམས་ན། འཇིག་རྟེན་འདིར་གྲོགས་པོ་ཞིག་དང་འཕྲད་པར་འགྱུར་བ་ནི་དལ་འབྱོར་རྙེད་དཀའ་བ་ནང་བཞིན་དཀའ་ལས་ལྡན་པ་ཞིག་རེད་ལ། དེ་བས་སེམས་མཐུན་གྱི་རྩོམ་གྲོགས་ཤིག་དང་འཕྲད་པར་འགྱུར་བ་ནི་དལ་འབྱོར་རྙེད་ཀྱང་དོན་ཡོད་དུ་བྱེད་པ་ལྟ་བུའི་ཚེགས་ལས་ཆེ་བ་ཅན་ཞིག་རེད། ང་ཚོའི་དུས་རབས་འདིར། རྩོམ་ཡིག་ཅིག་འབྲི་རྒྱུ་ཟེར་བའམ། རྩོམ་པ་པོ་ཞིག་བཅའ་རྒྱུ་ཟེར་བའམ། རྩོམ་ཡིག་རེ་གཉིས་བྲིས་ཏེ་མི་ཚེ་སྐྱེལ་རྒྱུ་ཟེར་བ་བཅས་ནི་ཚུལ་ལུགས་དང་མི་མཐུན་ཞིང་། ཡན་གར་བ་དང་དགོད་བྲོ་བ་དང་སྡང་མིག་ལྟ་བ་དང་འཕྱ་དམོད་ཀྱི་ཡུལ་དུ་འཛིན་པ་ལས་འོས་སུ་མ་མཆིས། འོན་ཀྱང་། ཀླུ་འབུམ་ཚེ་རིང་གིས་ཁྲིམས་ལུགས་སྦྱངས་ཤིང་ཁྲིམས་ཁང་དུ་བྱ་བ་གཉེར་ནའང་། རང་འཁྲིའི་ལས་ཀ་མི་སྒྲུབ་པར་འབྲེལ་མེད་དོན་གཞན་ལྟ་བུའི་རྩོམ་ཡིག་བྲིས་ཤིང་རྩོམ་རིག་གི་ལམ་སྣེ་ཟིན་པར་མ་ཟད། གུས་རྟག་གི་བརྩོན་པ་ཆུ་བོའི་རྒྱུན་བཞིན་དུ་བསྟེན་ཏེ། མི་ལོ་དུ་མའི་རིང་བརྩམས་ཆོས་མང་བོ་བྲིས་པ་དང་འབྲི་བ་དང་བྲི་འགྱུར་གྱི་སྤྱོད་ལམ་བསྐྱངས་པ་འདི་ནི་ཅིས་ཀྱང་རྗེས་སུ་ཡི་རང་བྱེད་དགོས་པའི་གནས་ཁོ་ནའོ། །ཁོ་བོ་ལྟ་བུ་བོད་སྐད་ཡིག་དང་རྩོམ་རིག་གི་ལས་ཀ་ཆེད་དུ་གཉེར་བ་དང་། ཕྱིས་སུའང་རྩོམ་རིག་སྡེ་ཁག་ཏུ་བྱ་བ་སྒྲུབ་པའི་མི་ཞིག་ལ་མཚོན་ན། དེ་ནི་རང་ཉིད་ཀྱི་ལྟོ་གོས་གཏམ་གསུམ་གྱི་གཞི་མ་དང་བརྟེན་ས་ཡིན་པ་ལས་གཞན། རང་ཉིད་ཀྱིས་ཤི་འཐམ་རོ་འཐམ་བྱེད་པའི་མི་ཚེའི་འདུན་མ་ལྟ་བུ་ཞིག་ཏུ་གྲུབ་པ་རེད། ཀླུ་འབུམ་ཚེ་རིང་ཁོང་གིས་ཁྲིམས་ལུགས་ཀྱི་ཤེས་བྱ་གཉེར་ནས་འཁོར་བའི་འཚོ་ཚིས་སྒྲུབ་པ་ལས་གཞན་ཡང་། ཤེས་བྱ་དེར་བརྟེན་ནས་གོ་གནས་རེག་པ་དང་མི་དམངས་ལ་ཕན་འདོགས་པའི་བྱ་བ་གཉེར་ཆོག་ཆོག་རེད་ལ། ཡུལ་མི་སྤུན་ཟླ་ཚང་མར་ཡང་དེ་ལྟའི་རེ་བ་ཆེ་སྲིད་ཀྱི་རེད། འོན་ཏེ། རྩོམ་རིག་ཅེས་པའི་གཟུགས་མེད་ཀྱི་བྱེད་པོ་འདིར་ལུས་ངག་ཡིད་གསུམ་སྐྱབས་བཅོལ་ཏེ་སྤྱི་ཚོགས་ཀྱི་འགྲོ་ལུགས་ལྟར་དུ་མི་བྱེད་པའི་རྒྱུ་མཚན་ཅི་ཡིན་ནམ། གང་ལྟར། འདི་ནི་རྩོམ་རིག་ཟེར་བ་རེད་ལ། འདི་ནི་ཀླུ་འབུམ་ཚེ་རིང་ཟེར་བའང་རེད། རྩོམ་རིག་དང་ཁོ་གཉིས་ཀྱི་འབྲེལ་བ་དེ་ནི་ད་གཟོད་ཀླུ་འབུམ་ཚེ་རིང་ངོ་ཤེས་སྤྱད་ཀྱི་སྔོན་འགྲོ་དང་། འབྲེལ་བ་དེ་ངོས་ཟིན་པས་ནི་ད་གཟོད་ཀླུ་འབུམ་ཚེ་རིང་དང་གྲོགས་པོ་བསྒྲིག་ཆོག་ཆོག་ཡིན།

རེད་དེ། ལོ་དེར་ཀླུ་འབུམ་ཚེ་རིང་ཁོ་རང་ཞིང་ཆེན་ཏང་གི་སློབ་གྲྭར་ཟབ་སྦྱོང་བྱེད་བཞིན་མཆིས། ངེད་གཉིས་སྟེས་དབང་གིས་ངོ་ཕྲད་པའི་སྐབས་དེར།  སྣང་བ་ཞིག་ལ་ངེད་གཉིས་ཀྱི་འབྲེལ་བ་རང་བཞིན་ཤུགས་ཀྱིས་ཇེ་དམ་དུ་སོང་བའི་ཚོར་བ་སྐྱེས། དེའི་དུས་ཁོས་རྩོམ་ཡིག་ཅིག་བློས་བསླང་བྱས་པ་དང་། བྲིས་ནས་འཁྱོངས་ཡོད་མིན་སྐོར་གྱི་ཁ་བརྡ་རྐྱང་རྐྱང་གིས་དུས་ཡུན་ཐུང་ངུ་དེ་འདས། རྩོམ་ཡིག་དེ་ནི་ཕྱིས་སུ《སྦྲང་ཆར》དུ་སྤེལ་པའི《བདག་གི་སློབ་གྲོགས》ཞེས་པ་དེ་རེད། བདག་གི་སློབ་གྲོགས་ནི་དོན་དངོས་གཞིར་བཞག་ནས་བྲིས་པ་ཡིན་ལ། སྒྱུ་རྩལ་གྱི་ཁ་དོག་བསྒོས་ནས་བྲིས་པ་ཞིག་ཀྱང་རེད། ཁོས་དི་ལྟར་བྲིས་ཚེ་བྲི་གཞིར་གྱུར་པའི་མི་སྣ་དེར་ཕོག་ཐུག་བཟོས་མི་འགྲོའམ་ཟེར། སྐབས་དེའི་དུས་ཡིན་ནའང་འདྲ། དུས་ད་ལྟ་ཡིན་ནའང་རུང་། ང་ལ་ཟེར་རྒྱུས་ཕོངས་ཏེ། ངས་འཚོ་བ་དང་སྒྱུ་རྩལ་གྱི་འབྲེལ་བ་ག་འདྲ་ཞིག་དང་ཁྱད་པར་ཅི་འདྲ་ཞིག་ཡིན་པའི་སྐོར་དཔགས་པས་མི་ཤེས་ཤིང་། ངས་ཤེས་པ་ཞིག་ནི་ང་ཁོའི་སེམས་ཆུང་ནན་ཏན་གྱི་གཤིས་ཀ་དེ་ཡིན་ལ། དེར་བསམ་བློ་ཡང་ཡང་འཁོར་བའང་ཡིན། དེ་ལས་ཁོའི་གཤིས་རྒྱུད་ཀྱི་གཏིང་སར་ཐིམ་པའམ་རུས་པའི་གསེང་དུ་ཟུག་པའི་སྤྱོད་བཟང་གི་ཡོན་ཏན་དེ་མཐོང་བར་མ་ཟད། ངེད་གཉིས་རྩོམ་གྲོགས་ཤིག་ཏུ་འགྱུར་བའི་རྟེན་འབྲེལ་མགོ་མའང་ཀུན་ནས་འགྲིག་སོང་། རྩོམ་རིག་ལ་དགའ་བ་དང་རྩོམ་ཡིག་འབྲི་བ་འདི་ཡང་མཐར་གཏུགས་ན། སྤྱོད་པ་རྩིང་རགས་ཅན་ཞིག་གིས་མི་འཁྱོངས་ཟེར་ན་ཐལ་ཆེ་ཡང་། རྩོམ་རིག་ཟེར་བའི་གཟུགས་མེད་ཀྱི་བྱེད་པོ་འདིར་མ་གཞི་ནས་དེ་ལྟའི་སེམས་ཆུང་ནན་ཏན་གྱི་དད་པ་ཞིག་གིས་ཐོག་དྲངས་ཤིང་རྒྱུད་བསྐུལ་ཚེ། འབྱུང་འགྱུར་རྩོམ་རིག་གི་ལམ་བུ་བདེ་ཡངས་ཁོད་སྙོམས་པ་ཞིག་ཏུ་བགྲོད་ཐུབ་པའི་གདེང་ཚོད་དང་ཡིད་ཆེས་ཁོ་བོར་བདོག་ལ། ཀླུ་འབུམ་ཚེ་རིང་ཁོའི་སེམས་ཆུང་ནན་ཏན་དེའི་ཁྲོད་དུའང་གདེང་ཚོད་དང་ཡིད་ཆེས་དེ་འདྲ་ཞིག་གབ་སྦས་ཀྱི་ཚུལ་དུ་ཡོད་པ་ནི་ལྟ་སྨོས་ཅི་དགོས།

རེད་དེ། ཕྱིས་སུ་ཀླུ་འབུམ་ཚེ་རིང་གིས《དངུལ་གྱི་རྣ་ལོང》དང《རིའི་ཕ་རོལ་ཏུ་ཤོར་པའི་སེམས་པ》དང《ཉ་གང་ལ་ཉེ་བའི་ཟླ་བ》སོགས་བརྩམས་ཆོས་ཕྱོགས་བསྒྲིགས་མང་བོ་པར་དུ་བསྐྲུན་ཏེ། རང་ཉིད་ལ་ངོ་གནོང་མི་དགོས་པ་དང་། རང་ཉིད་འཚར་བསྐྱེད་བྱུང་བའི་ཕ་ཡུལ་ལ་ངོ་གནོང་མི་དགོས་པ་དང་། རང་ཉིད་ཀྱི་ཀློག་པ་པོར་ངོ་གནོང་མི་དགོས་པའི་བྱས་འབྲས་མང་ཙམ་དུ་བསྟབས་ཤིང་། དེ་བས་ཀྱང《ཉ་གང་ལ་ཉེ་བའི་ཟླ་བ》ཞེས་པའི་སྒྲུང་གཏམ་ཕྱོགས་བསྒྲིགས་དེ། 《སྦྲང་ཆར》རྩོམ་སྒྲིག་ཁང་གིས་བསྒྲུབས་པའི་དུས་རབས21པའི་བོད་ཀྱི་རྩོམ་པ་པོའི་དེབ་ཕྲེང་དུ་བདམས་པ་དང་བདེ་བླག་ངང་པར་སྐྲུན་འགྲེམས་སྤེལ་བྱས་པ་ནི། ངས་བལྟས་ན། བོད་ཀྱི་རྩོམ་སྟེགས་ནས་ཁོའི་བརྩམས་འབྲས་ལ་དོ་སྣང་བྱུང་བའི་རྟགས་མཚན་གལ་ཆེན་ཞིག་རེད་ལ། ཁོ་རང་ཉིད་ཀྱི་ངོས་ཐད་ནས་ཀྱང་རྩོམ་རིག་གསར་རྩོམ་གྱི་གྲུབ་འབྲས་གཏོས་ཆེ་བ་ཞིག་ཏུ་ལོས་བརྩི་བསམས། ཁོ་བོ་ནི་ཁོའི་བརྩམས་ཆོས་དེ་དག་གི་རྩོམ་སྒྲིག་པ་བྱེད་པའི་སྐལ་བ་མ་ལྡན་ནའང་། ཀློག་པ་པོ་ཞིག་གི་ངོས་ཐད་ནས་ཁོའི་བརྩམས་ཆོས་དེ་དག་ལ་ཡང་ཡང་མཇལ་བ་ཡིན། ལྷག་པར་དུ། 《རིའི་ཕ་རོལ་ཏུ་ཤོར་པའི་སེམས་པ》དེའི་སྔོན་འགྲོའི་གཏམ་སྟེ། 《ཆུ་ཕྲན་ཞིག་གི་བཞུར་སྟངས》ཞེས་པ་ནི་ཁོ་བོའི་ལས་སྐལ་དུ་བབས་ཏེ་བྲིས་པ་དང་། དུས་ད་ལྟ་འདང་བརྒྱབ་ནའང་། ཀླུ་འབུམ་ཚེ་རིང་ཁོ་དངོས་གནས་ཆུ་ཕྲན་ཞིག་གི་བཞུར་སྟངས་དང་མཚུངས་ལ། ཁོའི་བརྩམས་ཆོས་མཐའ་དག་ཀྱང་ཆུ་ཕྲན་ཞིག་གི་བཞུར་སྟངས་དང་ཀུན་ནས་མཚུངས་ཏེ། དེར་ལེགས་བཤད་ཀྱིས་བསྟན་པའི་ཀུ་ཅོ་བྲལ་ཞིང་རྔམ་ཟིལ་མེད། དེར་འཁོར་བས་སྤྱུགས་པའི་ཉ་ཉོག་དབེན་ཞིང་རྫོབ་དྲིས་སྟོངས། དེར་ཡོད་པ་ནི་བབ་ཆགས་མངོན་ཆུང་གི་ཚིག་འགྲོས་དང་རྟག་འགྲུས་ཁུར་བཟོད་ཀྱི་རང་གཤིས་ཡ་མ་བྲལ་བ་ལས་གཞན། མི་སེམས་བསིལ་བར་བྱེད་ཅིང་སྣང་བ་སྐྱིད་ལ་བསྐུར་བའི་ཡན་ལག་གི་ཡོན་ཏན་རྫོགས་པ་འབའ་ཞིག་སྟེ། ཁོའི་བརྩམས་ཆོས་ཀྱི་གསེང་དུ་ནམ་ཡང་ཆུང་བྲིས་ཀྱི་ང་ཞིག་མངོན་ཆུང་གིས་འགྲེང་འདུག་ལ། ང་དེར་མི་བབ་ཆགས་ཅན་གྱི་དྲི་མ་སྟུག་པོ་ཞིག་གིས་ཁྱབ་འདུག་པར་མ་ཟད། ལོ་ཏོག་གི་དྲི་ངད་ཞིམ་པོ་ཞིག་ཀྱང་སྣོམ་ཐུབ་པ་དང་། ཕ་མ་སྤུན་མཆེད་ཀྱི་རྔུལ་ཁྲག་གི་མཛེས་སྡུག་དང་འཚོ་བར་བཅངས་པའི་བཀུར་གཟོའི་འདུ་ཤེས་ཟབ་མོ་དེ་ཡང་མཐོང་ཐུབ་པ་རེད། གཞན་ཡང་། ཁོའི་བརྩམས་ཆོས་ཕལ་མོ་ཆེར་ཐུན་མོང་གི་ཁྱད་ཆོས་ཤིག་ཡོད་པ་ནི། ཕ་ཡུལ་གྱི་རི་ཆུ་ནགས་གསུམ་དང་སེན་མགོ་ཁྲག་དང་སེན་རྟིང་རྣག་ཡིན་པའི་ཡུལ་མི་དཀྱུས་མ་དག་བརྗོད་བྱར་བཟུང་ནས་བྲིས་ཡོད་པ་རེད། བྲིས་པ་དེ་དག་ཀྱང་རང་བྱུང་ལྷུན་གྱིས་གྲུབ་ཅིང་བབ་ཆགས་སྤྲོས་བྲལ་གྱི་ཁྱད་ཆོས་ཐོན་འདུག་པ་ཤ་སྟག་ཏུ་ངེས།

རེད་དེ། ཀླུ་འབུམ་ཚེ་རིང་ནི་ཆུ་ཕྲན་ཞིག་ཡིན་པའི་ཆ་ནས། ནམ་ཡང་ཟམ་མི་ཆད་པར་མདུན་ནས་མདུན་དུ་བཞུར་ཞིང་མདུན་ནས་མདུན་དུ་བསྐྱོད། ཁོར་ཡོད་པ་ནི་ནམ་ཡང་ལམ་དུ་བཞུད་པའི་སྡུག་རུས་དང་སྙིང་སྟོབས་ལས། ལམ་གང་འགོལ་ཞིག་ཏུ་བདེ་མལ་བསྟེན་པའི་ལེ་ལོ་དང་སྒྱིད་ལུག་བྲལ་བ་རེད། དེ་ལྟར། ཀླུ་འབུམ་ཚེ་རིང་གིས་བོད་ཡིག་གི་གསར་རྩོམ་བྱེད་པའི་ཞར་དང་ཞོར་ལ། རྒྱ་ཡིག་གི་ལམ་ནས་ཀྱང་གསར་རྩོམ་གྱི་ཉེར་བསྡོགས་བརྩམས་པར་མངོན། དེའི་དུས། 《འཆི་བདག་གི་ཞགས་པས་ཟིན་དུས》ཞེས་པའི་སྒྲུང་གཏམ་འདི་རྒྱ་ཡིག་ལ་བསྒྱུར་ཏེ། ཁོ་བོར་བཟོ་བཅོས་ཡོང་བའི་རེ་བ་ཞུས་མོད། ངས་ནི་རང་མགོ་མི་ཐོན་པས་བཟོ་བཅོས་ལྟ་ཅི་སློབ་སྦྱོང་གི་རྣམ་འགྱུར་བཟུང་ནས་བལྟས་པ་ཡིན། དེའི་འཕྲོར། ཁོས་རྒྱ་ཡིག་གི་སྟེང་ནས་སྒྲུང་གཏམ་དང་ལྷུག་རྩོམ་མོད་མི་དམའ་བ་ཞིག་གསར་རྩོམ་བྱས་ཤིང་དུས་དེབ་དང་ཚགས་པར་དུ་དངོས་སུ་སྤེལ། རྒྱ་ཡིག་གི་བརྩམས་ཆོས་ལའང《རིའི་ཕ་རོལ་ཏུ་ཤོར་པའི་སེམས་པ》ལྟ་བུ་མཆིས། ཁོ་བོས་ནི་དོན་དེར་ཡང་རྗེས་སུ་ཡི་རང་བྱེད་བཞིན་ཡོད་ལ། མ་འོངས་པར་བོད་ཀྱི་རྩོམ་སྟེགས་སུ་ཁོ་དང་ལྟ་བུའི་སྐད་གཉིས་ཡིག་གཉིས་སྨྲ་བའི་རྩོམ་པ་པོ་མང་དུ་འབྱོན་པའི་རེ་བ་ཤིན་ཏུ་ཆེ། ང་ཚོས་སྐད་དང་ཡི་གེ་གང་མང་གི་ལམ་ནས་དཔེ་ཀློག་བྱེད་ཐུབ་པ་དང་། སྐད་དང་ཡི་གེ་གཉིས་ཡན་ཆད་ཀྱི་ལམ་ནས་གསར་རྩོམ་བྱེད་ཐུབ་ན། དེ་ནི་གོང་བཀུར་གྱི་ཡུལ་དུ་འཛིན་པ་ལས་དམད་པའི་རྒྱུ་ནི་ཏིལ་ཙམ་ཡང་མེད།

རེད་དེ། ཀླུ་འབུམ་ཚེ་རིང་གི་སྐོར་ལ་ད་དུང་འབྲི་རྒྱུ་མང་པོ་མཆིས། ང་ལ་མཚོན་ན་ཁོ་རང་ཉིད་མ་གཞི་ནས་བྲིས་མི་ཚར་བའི་སྒྲུང་གཏམ་རིང་མོ་ཞིག་རེད། ཉེ་ཆར། ཁོས《རྡོ་འོག་ཏུ་ཤོར་པའི་མེ་ཏོག》ཅེས་པའི་སྒྲུང་འབྲིང་ཞིག་བྲིས་ཏེ་རྩོམ་སྒྲིག་ཁང་དུ་འབྱོར་པ་ན། རྩོམ་སྒྲིག་ཁང་གི་མགོ་པས་ཁོ་བོར་བལྟ་བར་བསྐུལ་པའི་ཁར། བསམ་འཆར་ཞིག་ཀྱང་ཀླུ་འབུམ་ཚེ་རིང་ལ་གནོད་པའི་བཀའ་བཅོལ་གནང་། དེ་བས། ངེད་གཉིས་དུས་བཅད་ལྟར་ཟི་ལིང་གི་ཇ་ཁང་ཞིག་ཏུ་ཁོའི་སྒྲུང་འབྲིང་དེའི་སྐོར་ནས་ཁ་བརྡ་གང་མང་བྱས་ཤིང་། ཁོའི་སྒྲུང་གཏམ་གྱི་ཁ་བྱང་དང་བཅས་པར་མ་གསང་དྲང་གཏམ་སྨྲས་པ་ཡིན། བྱེ་བྲག་ཏུ། སྒྲུང་གཏམ་གྱི་མི་སྣ་གཙོ་བོ་དགེ་རྒན་སྐྱེས་པ་དེ་དང་ཞིང་པ་བུད་མེད་དེ་གཉིས་ངོ་ཕྲད་པ་ནས་ཕན་ཚུན་འདྲིས་པའི་གོ་རིམ་དེ་མགྱོགས་དྲགས་འདུག ཉུང་མཐའ་ཡང་ཐེངས་མང་བོ་ཞིག་ལ་འཕྲད་པའི་རྗེས་སུ་ད་གཟོད་བུད་མེད་ཀྱི་ཁྱིམ་དུ་སོང་ན་འོས་འཚམ་རེད་ཅེས་བརྗོད་པའི་ཚེ། ཁོའང་དགོད་ཁ་ལྟ་བུ་ཤོར་པ་དང་འབྲེལ། འཐད་པའི་བརྡ་རུ་ཉིན་ཤས་རིང་ཟི་ལིང་དུ་རྩོམ་མཚམས་ལྟ་བུར་བསྡད་དེ་ཡང་ཡང་བཅོས་པའི་རྗེས་ནས་ཕྱིར་རྩོམ་སྒྲིག་ཁང་དུ་བསྐུར་འོངས་པ་རེད། དེའི་དུས་སྒྲུང་གཏམ་གྱི་ཁ་བྱང་དུ《ཞིང་ཁའི་ཐུག་འཕྲད》ཅེས་པར་བཅོས་འདུག ཁ་བྱང་དེ་སྔོན་མ་ལས་ཇེ་ཡག་ཏུ་ཕྱིན་ཡོད་མིན་ནི་ཁོ་བོས་བཤད་དཀའ་མོད་ཀྱི། འོན་ཀྱང་འཇིག་རྟེན་བརྩེ་འདང་གིས་ཟིན་པའི་ཕོ་མོ་དེ་གཉིས་འདྲིས་གཤིན་གྱི་གོ་རིམ་ནི་ངེས་པར་ཇེ་རིང་དུ་སོང་ཡོད་ལས་ཆེ། འདི་ལྟར་བརྗོད་དོན་ནི། ང་ཀླུ་འབུམ་ཚེ་རིང་ཁོའི་རྩོམ་རིག་ལ་བཅངས་པའི་རྣམ་འགྱུར་དེར་དགའ་ཞིང་གུས་པས་ཡིན།

ཀླུ་འབུམ་ཚེ་རིང་ངེད་གཉིས་ལུང་ཁོག་གཅིག་དང་ཆུ་མགོ་གཅིག་གི་མི་ཡིན། ད་ལྟ། ཁོས་མགོ་ལོག་གཅིག་སྒྲིལ་རྫོང་དུ་རྩོམ་རིག་གི་རྔ་མ་མ་བཏང་བར་མུ་མཐུད་དུ་བརྟན་ཀྱིག་གེར་འདུག་ཐུབ་པ་དང་། དུས་ནམ་ཡང་ཕ་ཡུལ་གྱི་རི་ཆུ་ནགས་གསུམ་དང་ཁ་ཡ་ན་ཟླ་ཚང་མ་བརྗེད་པ་མེད་པར་རྩོམ་རིག་གི་བརྗོད་བྱས་ཟིན་པའི་དུས། ཁོའི་ནང་སེམས་ཀྱི་སྡུག་བསྔལ་དང་ཁེར་རྐྱང་སོགས་ནི་ཅི་འདྲའི་བསམ་རིན་ཡོད་པ་ཞིག་རེད་ཨང་། 

རྩོམ་སྒྲིག་པ། སྟོབས་ལྡན་རྒྱལ།