ཕྱུག་བསྒྱུར་ལམ་དུ་བསྐྱོད་པའི་མཐོ་སྒང་གི་ཀུང་ཟི་ཞིག
2018.12.24 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 172

ཉེ་ལམ། ང་ཚོ་བཅར་འདྲི་ཚན་ཆུང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་ཧོལ་ཁ་གྲོང་རྡལ་གྱི་རྣམ་རྒྱལ་སྐྱེ་ཁམས་ཞིང་ཕྱུགས་ཚན་རྩལ་ཚད་ཡོད་ཀུང་ཟིའི་ཧོལ་ཁ་སྐྱེ་ལྡན་རིལ་ལུད་དཔེ་སྟོན་རྟེན་གཞིར་འབྱོར་ཞིང་། བཟོ་གྲྭའི་མགོ་གཙོ་བསྟན་འཛིན་རྒྱལ་གྱི་སྣེ་ཁྲིད་འོག་ཀུང་ཟིའི་བཟོ་གྲྭའི་ནང་དུ་ལྟ་སྐོར་ཐེངས་ཤིག་བྱས་པ་ཡིན།

དགུན་དུས་ཀྱི་མཐོ་སྒང་ནི་ནམ་ཟླ་ཧ་ཅང་འཁྱགས་ཤིང་རི་ཀླུང་ཀུན་ཏུ་རབ་དཀར་ཁ་བས་གཡོགས་འདུག་ཀྱང་། བཟོ་གྲྭའི་མགོ་གཙོ་བསྟན་འཛིན་རྒྱལ་དང་ལས་བཟོ་བ་ཡོངས་ཀྱི་གདོང་ལ་དམར་མདངས་རྒྱས་ཤིང་དགའ་བའི་འཛུམ་གྱིས་ཁེངས་འདུག “ཀུང་ཟི་འདི་ནི་མདོ་དབུས་མཐོ་སྒང་གི་སྐྱེ་ལྡན་རིལ་ལུད་ཐོན་སྐྱེད་བྱེད་པའི་བཟོ་གྲྭ་ཆེས་ཐོག་མ་ཡིན་ལ། ཡུལ་གྲུ་འདིའི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐད་ལ་གྲུབ་འབྲས་མངོན་གསལ་ཐོན་ཡོད”ཅེས་བཟོ་གྲྭའི་མགོ་གཙོ་བསྟན་འཛིན་རྒྱལ་གྱིས་དགའ་བའི་ཉམས་དང་བཅས་དེ་ལྟར་བཤད།

བཟོ་གྲྭའི་མགོ་གཙོ་བསྟན་འཛིན་རྒྱལ་ནི་ད་ལོར་ལོ་ང་བདུན་ལ་སོན་ཞིང་ཞིན་ཧེ་རྫོང་ཧོལ་ཁ་གྲོང་རྡལ་གསེར་གཞོང་སྡེ་བའི་མི་ཡིན་ཟེར། ཁོས་ང་ཚོར་མཚམས་སྦྱོར་བྱས་པ་ལྟར་ན། ཞིན་ཧེ་རྣམ་རྒྱལ་སྐྱེ་ཁམས་ཞིང་ཕྱུགས་ཚན་རྩལ་ཚད་ཡོད་ཀུང་ཟི་ནི2011ལོར་དངོས་སུ་བཙུགས་ཤིང་། ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་མངོན་གསལ་ཅན་གྱི་ཀུང་ཟི་ཞིག་ཡིན་པར་བཤད། འདིར་ད་སྔ་འཛམ་གླིང་སྟེང་སྔོན་ཐོན་ཅན་གྱི་ཟོག་ལུག་གི་རིལ་མ་གནོད་འཇོམས་གཙང་སེལ་བྱེད་ཆས་དང་རིལ་མ་སོགས་རང་བྱུང་ཐོན་ཁུངས་བེད་སྤྱད་དེ་སྐྱེ་ལྡན་རིལ་ལུད་ཐོན་སྐྱེད་བྱེད་པའི་ལག་རྩལ་ཁྱད་པར་ཅན་ཞིག་ཡིན་ལ། རྒྱལ་ནང་གི་ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་གནས་བབ་དང་མ་འོངས་པའི་དེང་རབས་ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་ཐད་ལ་ཁ་ཕྱོགས་ཏེ། ལྗང་མདོག་ཅན་གྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་རྣམ་པར་བརྟེན་ནས་ཞིང་ཕྱུགས་ལས་རིགས་དཔལ་འབྱོར་འཁོར་སྐྱོད་ཀྱི་ལམ་བུ་གསར་བ་ཞིག་བསྐྲུན་པ་དང་། རང་ས་ཁུལ་གྱི་ཞིང་ཕྱུགས་ལས་འཕེལ་རྒྱས་དང་བཅོས་བསྒྱུར་ཐད་ལ་དགེ་མཚན་ལྡན་པའི་སྣེ་ཁྲིད་བྱས་ཤིང་འཐུས་ཚང་དུ་བཏང་ནས། ཁོར་ཡུག་སྲུང་སྐྱོབ་དང་འབྲོག་པ་མང་ཚོགས་ཀྱི་ལས་ཞུགས་ཆུ་ཚད་མཐོར་འདེགས་སུ་གཏོང་བའི་ཐད་ལ་གྲུབ་འབྲས་མི་དམན་པ་བླངས་ཡོད་པ་རེད།

བསྟན་འཛིན་རྒྱལ་གྱིས་དེ་ཡང་ཀུང་ཟི་འདི་ཐོག་མར་འཛུགས་སྐབས། ནང་གི་མ་དངུལ་དང་ཕྱིའི་མི་ཁ་སོགས་དཀའ་ཁག་གང་མང་ལ་འཕྲད་མྱོང་ཞེས་བཤད། ཁོ་རང་ལོ་ན་ཉེར་དྲུག་ཉེར་བདུན་ཙམ་ལ་སོན་སྐབས་ཀུང་ཟི་འདིའི་སྤྱི་གཉེར་བ་རྒྱ་མོ་ཐར་གྱི་རླངས་འཁོར་ཁ་ལོ་བ་བྱས་ཤིང་། མོ་དང་འགྲོགས་ཏེ་ཁྲིན་ཏུའུ་དང་ནང་ལོགས་ཀྱི་ས་ཆར་སོང་མྱོང་ལ། ས་ཆ་དེ་གར་ཕག་རྟུག་དང་བྱ་རྟུག་སོགས་ལས་སྣོན་བྱས་ཏེ་སྐྱེ་ལྡན་ལུད་རྫས་ཐོན་སྐྱེད་བྱེད་བཞིན་པ་མཐོང་། རྣམ་པ་དེ་མཐོང་འཕྲལ་རང་ས་གནས་ཀྱི་འབྲོག་པ་ཚོར་མགོ་ན་རུ་འཇུག་བཞིན་པའི་རིལ་མའི་ལུད་སྤུངས་དེ་དག་ཡིད་ལ་ཤར། མཐུན་རྐྱེན་ཅུང་བཟང་བའི་ཁྱིམ་ཚང་གིས་རླངས་འཁོར་གླས་ཏེ་རིལ་ལུད་གནས་གཞན་དུ་དྲུད་ནས་མེར་སྲེག་བཞིན་ཡོད་ལ། ཡང་ལ་ལས་ཐད་ཀར་རིལ་ལུད་ལུག་རའི་ནང་དུ་སྤུངས་ཏེ་ལོགས་སུ་ལུག་ར་གསར་བ་ལས་བཞིན་ཡོད། དེས་མང་ཚོགས་ཀྱི་བདེ་ཐང་དང་རྩྭ་ཐང་གི་སྐྱེ་ཁམས་ཁོར་ཡུག འཐུང་ཆུ་སོགས་ལ་ཚད་མི་འདྲ་བའི་གནོད་པ་སྐྱེལ་བཞིན་ཡོད་པ་རེད། དེར་བརྟེན་སྤྱི་གཉེར་བ་རྒྱ་མོ་ཐར་གྱིས་མ་རྐང་བཞག་པ་དང་བསྟན་འཛིན་རྒྱལ་གྱིས་བཟོ་གྲྭའི་མགོ་གཙོའི་འགན་ཁུར་ཏེ། བཟོ་གྲྭ་དངོས་སུ་འཛུགས་མགོ་བརྩམས། བཟོ་གྲྭའི་གནས་གཞི་དང་ལས་སྣོན་འཕྲུལ་ཆས། ལས་བཟོ་བའི་གླ་ཆ་དང་རིལ་མ་འདྲུད་བྱེད་ཀྱི་རླངས་འཁོར་ཆེ་བ་སོགས་ཕྱོགས་གང་ཅིའི་ཐད་ནས་ཀྱང་འགྲོ་སོང་མི་དམན་པ་ཞིག་གཏོང་དགོས་ཡོད་པས། མ་དངུལ་ཐད་ཀྱི་དཀའ་ཁག་ནི་སྐབས་དེའི་ཆེས་ཆེ་བའི་དཀའ་ཁག་རེད་ཟེར། སྟབས་ལེགས་པ་ཞིག་ལ་སྐབས་དེར་ས་གནས་སྲིད་གཞུང་གིས་དབུལ་སྐྱོར་ཆེད་དམིགས་མ་དངུལ་སྒོར་ཁྲི་བརྒྱ་ལྷག་རྣམ་རྒྱལ་ཀུང་ཟིའི་ནང་དུ་བཞག་པ་དེས་མ་དངུལ་ཐད་ཀྱི་དཀའ་གནད་ཆེན་པོ་སེལ་རོགས་བྱས།  གཞན་ད་དུང་སྔར་མེད་པའི་བཟོ་གྲྭ་འདི་འདྲ་ཞིག་གསར་དུ་འཛུགས་པར་སྡེ་དམངས་ཡོངས་ཀྱིས་ངོས་ལེན་དང་རྒྱབ་སྐྱོར་གང་ཡང་མ་བྱས་པས། རང་ཡུལ་གསེར་གཞོང་སྡེ་བ་ནས་འཛུགས་མ་ཐུབ་པར་ད་ལྟའི་ཧོལ་ཁ་གྲོང་རྡལ་གྱི་གནས་གཞི་འདིར་བཙུགས་པ་ཡིན། སྤྱིར་བྱ་དངོས་གསར་བ་གང་ཞིག་ཡིན་ཡང་འཕེལ་རྒྱས་སུ་འགྲོ་བའི་ལམ་བུ་ནི་ཀྱག་ཀྱོག་ཡིན་པ་ནང་བཞིན་རྣམ་རྒྱལ་ཀུང་ཟིའི་ལོ་ངོ་བརྒྱད་རིང་ལ་དཀའ་ཁག་ཡོད་ཚད་གདོང་གིས་བསུས་མཐར་ད་ལྟ་ཕྱིའི་བཟོ་གྲྭའི་རྣམ་པ་དང་ནང་གི་དོ་དམ་བྱེད་ལུགས་སོགས་ཕྱོགས་གང་ཐད་ནས་གཞན་དང་མི་འདྲ་བའི་ཐུན་མིན་གྱི་ཁྱད་ཆོས་ཤིག་མངོན་པར་ཐོན་ཡོད།

བསྟན་འཛིན་རྒྱལ་གྱིས་བཤད་རྒྱུར། ཁོ་ཚོའི་ཚོང་ཟོག་མངག་ཉོ་བྱེད་པ་ཇེ་མང་དུ་སོང་བ་དང་བསྟུན་ནས་སྐྱེ་ལྡན་རིལ་ལུད་ཐོན་སྐྱེད་རྟེན་གཞིའང་རྒྱ་བསྐྱེད་དེ། ཧོལ་ཁ་རྩྭ་ཐང་ལས་གཞན་ད་དུང་ཆི་ལེན་དང་ཀོས་ནན། ཧུ་ནན་རྫོང་སོགས་རྫོང་གསུམ་དུ་ཡན་ལག་རྟེན་གཞི་བཙུགས་ཡོད་པར་བཤད། ཞིན་ཧེ་རྣམ་རྒྱལ་སྐྱེ་ཁམས་ཞིང་ཕྱུགས་ཚན་རྩལ་ཚད་ཡོད་ཀུང་ཟིའི་ཐོན་སྐྱེད་རྟེན་གཞི་བཞི་བོས་ད་ལྟ་ལོ་རེར་སྐྱེ་ལྡན་རིལ་ལུད་ཏུན་ཁྲི་ཉི་ཤུ་ཡན་ཐོན་སྐྱེད་བྱེད་ཐུབ་ཀྱིན་ཡོད་ལ། གཙོ་བོ་ཐའེ་ཝན་དང་བལ་ཡུལ། ཁྲིན་ཏུའུ། ཞིན་ཅང་སོགས་སུ་ཕྱིར་འཚོང་བྱེད་བཞིན་ཡོད། བཟོ་གྲྭ་འདིར་བསྡོམས་པས་མ་དངུལ་སྒོར་ས་ཡ་དྲུག་ལྷག་བཏང་བ་དང་། སྤྱིའི་རྒྱ་ཁྱོན་ལ་མུའུ་བརྒྱ་ཡོད་པ་རེད། ཉེ་བའི་ལོ་འདི་འགའི་རིང་ལ་བཟོ་གྲྭའི་སྤྱིའི་ཡོང་འབབ་སྒོར་འབུམ་གཅིག་ནས་གཉིས་བར་ལྷག་ལ་བསླེབས་ཤིང་། དགུན་ཁའང་ལས་བཟོ་་བཞི་བཅུ་ལྷག་ཡོད་། ལས་བཟོ་བ་ཕལ་ཆེ་བ་རང་ས་གནས་ཀྱི་དབུལ་ཕོངས་ཁྱིམ་ཚང་གི་མི་ཡིན་ལ། མི་རེས་ལོ་རེར་ཡོང་འབབ་སྒོར་ཁྲི་ལྔ་ནས་དྲུག་ལྷག་བཙལ་ཐུབ་ཀྱིན་ཡོད་པས་དབུལ་ཕོངས་ཁྱིམ་ཚང་གི་དཀའ་ཁག་ཐག་གཅོད་བྱེད་པར་རོགས་འདེགས་ཆེན་པོ་བྱས་ཡོད་པ་རེད། དེ་ལས་མང་བའི་ཁྱིམ་ཚང་དཀའ་ཁག་ཅན་མང་པོ་ཞིག་ལ་སྐུལ་ཁྲིད་བྱ་ཆེད། སྤྱི་གཉེར་བ་རྒྱ་མོ་ཐར་གྱིས་མ་རྐང་བཞག་ནས།  དབུལ་ཕོངས་ཁྱིམ་ཚང་སྟོང་གཅིག་དང་བརྒྱ་ལྷག་ལ་སྲིད་གཞུང་གི་རོགས་སྐྱོར་བྱེད་པའི་ཐོན་ལས་དངུལ་རྩ་ཧྲག་སྡེབ་བྱས་ཏེ་རྣམ་རྒྱལ་ཀུང་ཟིའི་ནང་དུ་མ་རྐང་བཞག་པར་བརྟེན། ད་ལྟ་མི་གྲངས་སྟོང་དྲུག་ལྷག་ལ་ཁེ་བཟང་སྐྲུན་བཞིན་ཡོད་ལ། ཁྱིམ་ཚང་རེར་ལོ་རེར་ཡོང་འབབ་སྒོར་ཁྲི་གཉིས་ལྷག་འཕར་སྣོན་བྱུང་ཞིང་། རང་ས་གནས་ལ་ལས་ཞུགས་ལས་གནས་སུམ་བརྒྱ་ལྷག་འདོན་སྤྲོད་བྱས་ཏེ་ཏང་དང་རྒྱལ་ཁབ་ཀྱི་དབུལ་ཐར་ཕྱུག་བསྒྱུར་གྱི་སྤྱིའི་ལམ་ཕྱོགས་དང་འབྲེལ་མཐུད་བྱས་ཡོད།

བསྟན་འཛིན་རྒྱལ་གྱིས་ཕྱིར་དྲན་གྱི་ཚུལ་དུ་སྐད་ཆ་ཞིག་བཤད་པ་དེ་ད་དུང་བདག་གི་རྣ་ལམ་དུ་གསལ་ལེར་འཁྱིལ་ཡོད་པ་ནི་འདི་ལྟ་སྟེ། “རང་ཉིད་ཆུང་དུས་དང་བསྡུར་ན་ད་ལྟ་མང་ཚོགས་ཀྱི་འཚོ་བ་ལ་གནམ་ས་བླ་འོག་བསྒྱུར་འདྲའི་འགྱུར་ལྡོག་བྱུང་སོང་ལ། འདི་དག་ཡོད་ཚད་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོའི་སྣེ་ཁྲིད་དང་ས་གནས་སྲིད་གཞུང་གི་རོགས་འདེགས་ལ་མ་བརྟེན་པ་གཅིག་ཀྱང་མེད”ཅེས་པ་དེའོ།།

རྩོམ་སྒྲིག་པ། སྟོབས་ལྡན་རྒྱལ།