ལོ་ངོ་ཉེར་བཞིའི་རིང་གི་སྨན་བཅོས་ལམ་བུ།
2018.12.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 61

ད་ལོ་ལོ་ཞེ་གཉིས་ཡིན་པའི་རིག་འཛིན་རྡོ་རྗེ་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་ཆུ་ཁོལ་ཞང་ཆུ་རིང་སྡེ་བའི་ཞིང་སྡེའི་སྨན་པ་ཞིག་ཡིན་ལ། 1994ལོར་ཁོ་རང་མཚོ་ལྷོ་ཁུལ་འཕྲོད་བསྟེན་སློབ་གྲྭ་ནས་སློབ་མཐར་ཕྱིན་རྗེས། འཕྲོད་བསྟེན་ལས་རིགས་ཀྱི་དགའ་སྤྲོ་སེམས་སུ་ཉར་ནས། ཕྱིར་ཕ་ཡུལ་དུ་ལོག་སྟེ་ཞིང་སྡེའི་སྨན་པ་བྱས། ཁོ་རང་གིས་སྨན་སྒམ་འཁུར་ཏེ་སྨན་བཅོས་བྱེད་པར་སྐྱོད་པའི་སྐབས་དེ་ནས་བཟུང་། ཁོ་རང་ཞིང་སྡེའི་སྨན་པའི་བགྲོད་ལམ་དུ་བསྐྱོད་མགོ་བརྩམས་པ་རེད། རིག་འཛིན་རྡོ་རྗེ་ཡིས་ཞིང་སྡེའི་སྨན་པའི་བྱ་བ་སྒྲུབ་ནས་ལོ་ངོ་ཉེར་བཞི་འགོར་ཡོད།

ཆུ་ཁོལ་ཞང་ཆུ་རིང་སྡེ་བ་ནི་ཞིན་ཧེ་རྫོང་གི་ལྷོ་ཕྱོགས་ཀྱི་ཞང་གསུམ་གྱི་ཁྲོད་ཆེས་ཆེ་བའི་ཕྱུགས་ལས་སྡེ་བ་ཞིག་ཡིན་ལ། ས་ཆ་མཐའ་འཁོབ་ཏུ་གནས་ཡོད་པ་དང་། འགྲིམ་འགྲུལ་སྟབས་མི་བདེ་བ་མ་ཟད། སྡེ་དམངས་རྣམས་ཀྱི་སྡོད་གནས་ཅུང་ཐར་ཐོར་ཡིན་པ་དང་། སྡེ་བ་ཡོངས་སུ་མི་གྲངས་སྟོང་གསུམ་ལྷག་ཡོད། ཁྱིམ་ཚང་སུ་ཡི་མི་ལ་ནད་བྱུང་ཡོད་ཚེ། རིག་འཛིན་རྡོ་རྗེ་ཡི་སེམས་སུ་གནས་ཚུལ་གསལ་བོ་ཡིན། ལོ་ངོ་འདི་འདྲའི་མང་པོའི་རིང་། སྡེ་བའི་བགྲོད་ལམ་ག་ས་གང་དུ་ཁོའི་རྐང་རྗེས་བཞག་ཡོད་པ་དང་། ནད་པའི་སེམས་སུ་ཁོ་ནི་བདེ་ཐང་གི་ཡིག་ཚགས་གསོན་པོ་ཞིག་དང་གཉིས་སུ་མེད།

“སྡེ་དམངས་ལ་དགོས་མཁོ་ཡོད་ཚེ། ཁ་པར་ཞིག་བཏང་ན་ང་རང་མྱུར་དུ་སྨན་བཅོས་བྱེད་དུ་འགྲོ་བ་ཡིན། དུས་རྒྱུན་ངལ་གསོའི་དུས་ཚོད་མེད་པ་དང་། ནད་བརྟག་བྱེད་པར་རྒྱུན་འཁྱོངས་བྱེད་ཀྱིན་ཡོད། ནད་ཀྱིས་མི་ལ་སྒུག་མི་སྲིད་པས། ངས་སྨན་པ་ཞིག་གི་འགན་འཁྲི་དང་དུ་ལེན་དགོས།”ལས་གནས་སྤྱིར་བཏང་ཡིན་ཡང་སྡེ་བའི་སྨན་པའི་ལས་གནས་ཧ་ཅང་གལ་ཆེ་བ་ཡིན། ཁོས་ལས་བརྩོན་དང་གཤིས་བཟང་གིས་ནད་པ་རེ་རེའི་སེམས་སུ་དྲོད་འཁོལ་སྦྱིན་བཞིན་ཡོད་ལ། མི་སེམས་འགུལ་བའི་གཏམ་རྒྱུད་ཀྱང་རིག་འཛིན་རྡོ་རྗེ་ཡི་བྱ་བའི་ཁྲོད་བྱུང་དང་འབྱུང་བཞིན་ཡོད།

ཆུ་སྔོན་གྲོང་རྡལ་གྱི་འཕགས་མོ་འབྲུག་མཚོ་ནི་ད་ལོ་ལོ་ལྔ་ཡིན་ལ། ཁྲག་རིགས་དཀར་པོའི་ནད་བྱུང་ནས་ཐེངས་མང་པོ་ཞིང་ཆེན་ཕྱི་ནང་གི་སྨན་ཁང་དུ་སྨན་བཅོས་བྱེད་དུ་སོང་། འོན་ཀྱང་སྨན་རིན་སྒོར་ཁྲི་བཅུ་ཕྲག་འགའ་དེ་མ་མཐའི་འཚོ་བའི་འགན་སྲུང་གི་ཁྱིམ་ཚང་འཕགས་མོ་འབྲུག་མཚོ་ཚང་ལྟ་བུར་མཚོན་ན་དང་ལེན་བྱེད་དཀའ་བ་ཞིག་རེད། རིག་འཛིན་རྡོ་རྗེ་ཡིས་གནས་ཚུལ་དེ་ཤེས་རྗེས་རང་འགུལ་སྒོས་ཁོ་ཚོར་འབྲེལ་བ་བྱས། “དང་ཐོག་བྱིས་པ་དེ་མཐོང་སྐབས། མོའི་ནད་གཞི་ཧ་ཅང་ཚབས་ཆེན་རེད། ངས་རང་ནུས་ཡོད་དགུ་བཏོན་དེ་ཁོ་མོར་སྨན་བཅོས་བྱེད་རྒྱུའི་སེམས་ཐག་བཅད་པ་ཡིན། ཉིན་བཞི་བཅུའི་རིང་བོད་སྨན་བཀོལ་ནས་སྨན་བཅོས་བྱས་རྗེས། བུ་མོ་འབྲུག་མཚོ་ཡི་ནད་གཞི་མངོན་གསལ་སྒོས་ཇེ་བཟང་དུ་སོང་ཡོད་ལ། ད་ལྟ་ལུས་པོ་སླར་གསོ་བྱས་པ་ཅུང་བརྟན་འཇགས་རེད། ཁོ་མོ་ཚང་ནི་དབུལ་ཕོངས་ཁྱིམ་ཚང་ཡིན་པས། ངས་ཀྱང་སྒོར་ཁྲི་གཅིག་དང་སྟོང་དྲུག་གི་སྨན་བཅོས་གྲོན་དངུལ་ལས་སྒོར་ཁྲི་གཅིག་མེད་པར་བཟོས་པ་དང་། རོགས་ཉུང་ཙམ་བྱེད་ཐུབ་ན་ཡང་རོགས་རམ་རེད།”རིག་འཛིན་རྡོ་རྗེ་ཡིས་ནན་ཏན་སྒོས་ཁ་པར་སྟེང་གི་འདྲ་པར་སྟོན་ཞོར་བུ་མོ་འབྲུག་མཚོ་ཡི་གནས་ཚུལ་མཚམས་སྦྱོར་བྱས་པ་དང་། སྨན་བཅོས་གྲོན་དངུལ་ཇེ་ཉུང་དུ་བཏང་བའི་གནས་ཚུལ་རགས་རིམ་ཙམ་ལས་མ་བཤད། གཏམ་རྒྱུད་འདི་ལྟ་བུ་ནི་རིག་འཛིན་རྡོ་རྗེ་ཡི་སྨན་བཅོས་བགྲོད་ལམ་སྟེང་རྒྱུན་དུ་མཐོང་ཐུབ་པ་ཞིག་རེད།

ཆུ་རིང་སྡེ་བའི་སྡེ་དམངས་རིན་ཆེན་མཚོ་ནི་ལྔ་སྐྱོང་ཁྱིམ་ཚང་གི་རྒན་པ་ཞིག་ཡིན་ལ། གློ་ཡུའི་ཡན་ལག་གཉན་ཚད་དང་གློ་སྙིང་བསྡོངས་པའི་ནད་བྱུང་ཡོད་པ་དང་། རིག་འཛིན་རྡོ་རྗེ་ཡིས་དུས་གཏན་འཁེལ་བྱས་ཏེ་རིན་མེད་པར་ལོ་ལྔའི་རིང་ལ་ཆགས་པ་མེད་པར་སྨན་ཁྱིམ་དུ་བསྐྱལ་ཡོང་བ་རེད། འབྲོག་པ་བཀྲ་ཤིས་རྒྱལ་ལ་དུས་ཡུན་རིང་བོར་དལ་བུའི་རང་བཞིན་གྱི་མཁྲིས་པའི་གཉན་ཚད་དང་ཕོ་བའི་ནད་བྱུང་ཡོད་པ་དང་། ཐེངས་རེར་སྨན་བཅོས་བྱེད་དུ་འགྲོ་བའི་ལམ་ཐག་ཕར་འགྲོ་ཚུར་བྱས་ན་དུས་ཚོད་གསུམ་དགོས། རིག་འཛིན་རྡོ་རྗེ་ཡིས་དཀའ་སྡུག་ལ་མ་འཛེམ་པར་ཐེངས་རེར་དུས་ལྟར་ཐོན་དེ་སྨན་བཅོས་བྱེད་བཞིན་ཡོད། ནམ་གུང་ལོན་དུས་ནད་གཞི་བརྟན་འཇགས་སུ་སླེབས་དུས་ད་གཟོད་ནད་པའི་ཁྱིམ་དང་ཁ་བྲལ་བ་རེད། སྡེ་དམངས་སྒྲོལ་མ་ལ་ལོ་འགའི་སྔོན་སྐྱེ་རྒྱུན་གཅོད་པའི་གཤག་བཅོས་བྱས་ཏེ་ནད་རོ་ལུས་ཡོད་པ་དང་། 2014ལོར་སྐྱེས་པ་སྐྲན་ནད་བྱུང་ནས་ཚེ་ལས་འདས་པས། ཤུལ་དུ་བྱིས་པ་གཉིས་དང་བུ་ལོན་མང་པོ་ཡོད། རིག་འཛིན་རྡོ་རྗེ་ཡིས་ཁོ་མོར་སྒོར་སྟོང་ཕྲག་འགའི་སྨན་རིན་བྱིན་པ་མ་ཟད། སེམས་གསོ་དང་སྐུལ་མ་བྱས་ནས་ཁོ་མོར་ཡང་བསྐྱར་འཚོ་བར་ཡིད་ཆེས་ཡོད་དུ་བཅུག འདི་ལྟ་བུའི་དོན་དག་རིག་འཛིན་རྡོ་རྗེ་ཡི་བྱ་བའི་ཁྲོད་བགྲང་གིས་མི་ལང་བ་ཡོད། ལོ་ངོ་ཉེར་བཞིའི་རིང་། “ཞིང་སྡེའི་སྨན་པ”འདིའི་ས་གནས་མང་ཚོགས་ལ་རོགས་སྐྱོར་དང་མེད་པར་བཟོས་པའི་སྨན་རིན་སྒོར་འབུམ་གཅིག་ལྷག་ལ་སླེབས་ཡོད།

ནད་བཅོས་བྱེད་པ་ལས་གཞན། རིག་འཛིན་རྡོ་རྗེ་ཡིས་འབད་བརྩོན་ལྷོད་མེད་སྒོས་ནད་ཡམས་སྔོན་འགོག་དྲིལ་སྒྲོག་བྱེད་པའི་བྱ་བ་རྒྱུན་འཁྱོངས་བྱེད་ཀྱིན་ཡོད། འབྲོག་པའི་རིག་གནས་ཆུ་ཚད་ལྟོས་བཅོས་ཀྱིས་རྗེས་ལུས་ཡིན་པས། སྔོན་འགོག་གི་འདུ་ཤེས་ཞན་ལ། རིམ་འགོག་འཆར་གཞིའི་བྱ་བ་དེ་སྡེ་བའི་ནང་སྤེལ་བར་དཀའ་ཁག་ཅུང་ཆེན་པོ་ཡོད། རིག་འཛིན་རྡོ་རྗེ་ཡིས་སྡེ་དམངས་རྣམས་ཀྱི་འདུ་ཤེས་བསྒྱུར་ཆེད། སྨན་སྒམ་འཁུར་ནས་ཁྱིམ་ཚང་རེ་རེར་སོང་སྟེ་ཐོ་འགོད་དང་ནད་ཡམས་དྲིལ་སྒྲོག་སློབ་གསོའི་བྱ་བ་སྤེལ་བ་དང་། ཁོ་ཚོས་དུས་ལྟར་བྱིས་པ་ཁྲིད་ནས་འཆར་ལྡན་རིམས་འགོག་སྨན་ཁབ་རྒྱག་པར་སྐུལ་མ་བྱས། དྲིལ་སྒྲོག་གི་བགྲོད་ལམ་སྟེང་། རིག་འཛིན་རྡོ་རྗེ་ལ་དུས་རྒྱུན་ཁྱིམ་བདག་ལ་ལས་སྡུག་མོལ་བྱེད་ཀྱིན་ཡོད།

“ཐེངས་ཤིག་ལ་ང་རང་རིན་ཆེན་སྐྱིད་ཚང་དུ་འཚམས་འདྲིར་འགྲོ་སྐབས། དུས་ལྟར་བྱིས་པ་ཁྲིད་ནས་འཆར་ལྡན་རིམས་འགོག་སྨན་ཁབ་རྒྱག་དགོས་པའི་གནས་ཚུལ་བརྗོད་པས། ཁྱིམ་བདག་གིས་དང་ལེན་མི་བྱེད་པ་མ་ཟད། ང་རང་སྒོ་ཕྱིར་ཕུད་རྩིས་བྱས་ལ། བྱིས་པ་འདི་འདྲའི་བཟང་བས་ཅིའི་ཕྱིར་འགོག་ཁབ་རྒྱག་དགོས་སམ་ཟེར། ང་རང་གིས་ཐེངས་རེ་རེར་སོང་ནས་རིམས་འགོག་སྨན་ཁབ་ཀྱི་བཟང་ཆ་མང་པོ་བཤད་པ་དང་། མཐར་མཇུག་ཁ་བརྡ་བྱས་པར་གྲུབ་འབྲས་ཐོབ་པས། བྱིས་པར་རིམས་འགོག་སྨན་ཁབ་རྒྱག་པའི་བྱ་བ་དང་ལེན་བྱས།”ད་ལྟ། རིག་འཛིན་རྡོ་རྗེ་ཡིས་ལོ་ངོ་མང་པོའི་རིང་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། ཆུ་ཁོལ་ཞང་ཆུང་རིང་སྡེ་བའི་བྱིས་པ་བཙས་པ་ནས་ལོ་དགུ་བར་ལ་ཁལ་ཇེ་དང་མཆིན་པ། སིབ་བི་བཅས་ཀྱི་རིམས་འགོག་སྨན་ཁབ་བརྒྱབ་ཚད་བརྒྱ་ཆའི་བརྒྱ་རུ་སླེབས་ཡོད།

ཁ་ཆར་བུ་ཡུག་ལ་མ་འཛེམ་པར་ནད་པ་སྨན་བཅོས་བྱས་པས། འབྲོག་པ་མང་ཚོགས་ཀྱི་སེམས་སུ་དྲོད་འཁོལ་སྦྱིན་ཡོད། “ཞིང་སྡེའི་སྨན་པ”འདིའི་ས་གནས་དེ་གའི་མང་ཚོགས་ཀྱི་བདེ་ཐང་ལ་སྲུང་སྐྱོབ་བྱས་པ་དང་། ས་ཐག་རིང་བའི་འབྲོག་ཁུལ་གྱིས་སྨན་པར་སྟོན་དཀའ་བའི་གནས་ཚུལ་ལ་རེ་བ་སྦྱིན། ད་ལྟ། རིག་འཛིན་རྡོ་རྗེ་ཡིས་མང་ཚོགས་ཀྱི་སྡུག་བསྔལ་དང་མང་ཚོགས་ཀྱི་བདེ་ཐང་གི་ཆེད་དུ་རང་ཉིད་ཀྱི་ལས་གནས་སྔར་བཞིན་བརྟན་སྲུང་བྱས་ཡོད།

ལོ་ཙཱ་བ། ཤ་བོ་རིན་མཚོ།