ཧོས་རིགས་ཉེན་རྟོག་པ་ཞིག་གི་གཏམ་རྒྱུད་ཞེས་པ་སྟེ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་རྫོང་སྤྱི་བདེ་ཅུའུ་ཡི་རྒྱུན་ལས་ཅུའུ་ཀྲང་གཞོན་པ་མཱ་ཧའེ་ཧྥུན་གྱི་གནས་ཚུལ།
2019.01.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 81

མཱ་ཧའེ་ཧྥུན་ནི་ད་ལོ་ལོ་ལྔ་བཅུར་སོན་པའི་ཧོས་རིགས་སྐྱེས་པ་ཞིག་ཡིན་པ་དང་། ཆེད་སྤྱོང་གི་རིག་གནས་ཆུ་ཚད་ཅན་གྱི་གུང་ཁྲན་ཏང་ཡོན་ཞིག་ཡིན་ལ། རིམ་པ་དང་པོའི་ཉེན་རྟོག་ལྟ་རྟོག་པའི་གོ་ས་ཡོད་པའི་ཉེན་རྟོག་པ་ཞིག་ཡིན། ཆིག་སྟོང་དགུ་བརྒྱ་གོ་བདུན་ལོར། རྩ་འཛུགས་ཀྱིས་ཁོ་རང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་རྫོང་སྤྱི་བདེ་ཅུའུ་རུ་ལས་སྤོར་བྱས་པ་དང་། སྔ་གཞུག་ཏུ་པདྨ་རྫོང་རྡོ་གོང་མ་ཞང་མངགས་གཏོང་གཏོང་ཁང་གི་འགོ་གཙོ་དང་། པདྨ་རྫོང་སེ་ལེ་ཐང་མངགས་གཏོང་ཁང་གི་འགོ་གཙོ། པདྨ་རྫོང་སྤྱི་བདེ་ཅུའུ་ཡི་ཅུའུ་ཀྲང་གཞོན་པའི་འགན་ཁུར་བ་དང་། ད་ལྟ་པདྨ་རྫོང་སྤྱི་བདེ་ཅུའུ་ཡི་རྒྱུན་ལས་ཅུའུ་ཀྲང་གཞོན་པའི་འགན་ཁུར་ཡོད། ལོ་ངོ་མང་པོའི་རིང་ལ། ཁོས་ཏང་དང་མི་དམངས་ལ་བློ་དཀར་དང་དགའ་ཞེན་བྱས་པར་བརྟེན་ནས། བློ་བརྟན་འགྱུར་མེད་ཀྱི་བསམ་བློ་དང་བླ་ན་མེད་པའི་བྱ་སྤྱོད་ཀྱིས་སྤྱིར་བཏང་གི་ལས་གནས་སྟེང་དུ་དཀའ་སྤྱད་སྡུག་རུས་དང་། བྱ་བར་འབད་བརྩོན་ལྷོད་མེད་བྱས། ཉེན་རྟོག་པའི་ལས་གནས་སུ་ཞུགས་པ་ནས་བཟུང་། ཁོས་འགོ་ཁྲིད་དེ་མྱུལ་ཞིབ་བྱས་ནས་རྩད་ཆོད་པའི་གྱོད་དོན་སྣ་ཚོགས་ཉིས་བརྒྱ་དང་རེ་བརྒྱད་ལ་སླེབས་པ་དང་། ནག་ཉེས་ཅན་གྱི་མི་སུམ་བརྒྱ་དང་ང་དྲུག་འཛིན་བཟུང་བྱས་ལ། དེའི་ནང་ཉེས་ཅན་ཁ་ཤས་ཤིག་ནི་གྱོད་གཞིར་ཆེན་པོར་འབྲེལ་བ་ཡོད་པ་དང་། དེས་ཕན་འབྲས་ལྡན་པའི་སྒོ་ནས་མི་དམངས་མང་ཚོགས་ཀྱི་བདེ་འཇགས་དང་སྤྱི་ཚོགས་དཔལ་འབྱོར་གྱི་འཕེལ་རྒྱས་ལ་འགན་སྲུང་བྱས། མཱ་ཧའེ་ཧྥུན་ལ་སྔ་གཞུག་ཏུ་མཚོ་སྔོན་ཞིང་ཆེན་དང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་སྤྱི་བདེ་ཅུའུ་ཡིས་མི་སྒེར་གྱི་རིམ་པ་གཉིས་པོའི་བྱས་རྗེས་ཅན་གྱི་བྱ་དགའ་གཉིས་དང་། མི་སྒེར་གྱི་རིམ་པ་གསུམ་པོའི་བྱས་རྗེས་ཅན་གྱི་བྱ་དགའ་ཐེངས་བརྒྱད་ལ་ཐོབ་པ་དང་། མི་སྒེར་ལ་ཐེངས་བཅུ་ལྷག་ལ་བྱ་དགའ་གནང་། ཉིས་སྟོང་དགུ་ལོ་དང་། ཉིས་སྟོང་བཅུ་ལོར་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་སྤྱི་བདེ་ཅུའུ་ཡིས་ཁུལ་ཡོངས་ཀྱི་ཕུལ་བྱུང་མི་དམངས་ཉེན་རྟོག་པ་དང་། ཕུལ་དུ་བྱུང་བའི་ལས་སྒོའི་འཇོན་མི་བཅུའི་གཟི་བརྗིད་མཚན་སྙན་གནང་། ཉེ་བའི་ལོ་འགའི་རིང་ལ། ཉིན་རྒྱུན་རྙོག་འཛིང་དུ་འགྱུར་བཞིན་པའི་བརྟན་འཇགས་གནས་བབ་དང་། ཉེན་ཁ་ཤིན་ཏུ་ཆེ་བའི་འགྲན་སློང་། ཉིན་རྒྱུན་གྱི་བྱ་བའི་འགན་ཁུར་མང་པོར་ཁ་གཏད་འཇལ་སྐབས། ཁོས་མུ་མཐུད་དུ་དཀའ་སྡུག་ལ་མི་སྐྲག་པ་དང་། ངལ་བར་མི་འཛེམ་པ། ཁྲག་བཞུར་རྨས་ཕོག་ལ་མི་སྐྲག་པའི་སྙིང་སྟོབས་མུ་མཐུད་དུ་དར་སྤེལ་བྱས་ཏེ། བྱང་ཆ་ལྡན་པའི་ལས་སྒོའི་ནུས་པ་དང་ཆེས་མཐོ་བའི་ཉེན་རྟོག་པའི་འགན་འཁྲིའི་རྩལ་ནུས་ལ་བརྟེན་ནས། ཤི་གསོན་ལ་མི་འཛེམ་པར་ཡུན་རིང་འཐབ་རྩོད་བྱས་པས། དུས་ལྟར་སྤྱི་ཚོགས་དང་མང་ཚོགས་ལ་གནོད་སྐྱེལ་མཁན་གྱི་ཉེས་ཅན་སྐོར་ཞིག་འཛིན་བཟུང་བྱས་པ་དང་།  བརྟན་འཇགས་ལ་འབྲེལ་བ། མེ་མདའ་དང་འབྲེལ་བའི་ཉེས་དོན་གྱོད་གཞི་མང་པོ་ཞིག་རྒྱལ་ཁའི་ངང་རྩད་ཆོད་དེ། ཁོངས་གཏོགས་ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་ཁྱོན་ཡོངས་བརྟན་འཇགས་སུ་གཏོང་བར་བྱས་རྗེས་ཆེན་པོ་བཞག་པ་དང་། ཉེན་རྟོག་པའི་ཟིལ་ཤུགས་མངོན་པར་བྱས་པ་དང་། ཁྲིམས་ལག་བསྟར་བྱེད་པ་དམངས་ཀྱི་དོན་དང་། ཕྱོགས་གཅིག་གི་བདེ་འཇགས་སྲུང་བའི་དཔའ་བོའི་སྣང་བརྙན་བསྐྲུན་ཏེ། རང་ཉིད་ཀྱི་གཞུང་དྲང་དང་སྤོབས་པས། ཏང་དང་མི་དམངས་ལ་ཡིད་ཚིམས་པའི་དྲིས་ལན་ཞིག་བཏབ།

མཱ་ཧའེ་ཧྥུན་གྱིས་དུས་རྒྱུན་བཤད་པའི་སྐད་ཆ་ནི་ཉེན་རྟོག་པ་ཞིག་ཡིན་པའི་ཆ་ནས། སེམས་ནང་དུ་དུས་ནམ་ཡང་མི་དམངས་བཅངས་དགོས། ཚད་ལྡན་གྱི་སྤྱི་བདེ་ཉེན་རྟོག་པ་ཞིག་བྱེད་དགོས་ན། ཐོག་མའི་ཆ་རྐྱེན་ནི་རང་ས་ཁོངས་ཀྱི་མི་དང་། ས། དངོས་པོའི་གནས་ཚུལ་ཤེས་རྟོགས་བྱེད་དགོས་པ་དང་། དེ་ནི་རང་ཉིད་ཀྱི་ཁྱིམ་ལ་ཆ་རྒྱུས་ཡོད་པ་ལྟར་བྱེད་དགོས་ཞེས་ཟེར། སྤྱི་བདེ་ཡི་བྱ་བ་སྒྲུབ་ན། མང་ཚོགས་ཀྱི་བྱ་བ་སྒྲུབ་དགོས་པ་དང་། མང་ཚོགས་ཀྱི་ཡིད་ཆེས་ཐོབ་དགོས་པ་དང་། རང་ཉིད་ཀྱི་ངལ་གསོའི་དུས་ཚོད་བེད་སྤྱད་དེ་ལས་གྲོགས་ཚོ་དང་མཉམ་དུ་རང་འགུལ་གྱིས་མང་ཚོགས་ཀྱི་ཁྱིམ་དུ་སོང་ནས་དཀའ་ངལ་སེལ་རོགས་བྱས། མང་ཚོགས་རྣམས་ནམ་རྒྱུན་དགོང་མོར་ཁོམ་སྐབས་ཡོད་པ་དང་། དགོང་མོར་ཁོ་ཚོའི་ཁྱིམ་དུ་སོང་ན་དེ་འདྲ་འོས་འཚམ་ཞིག་མིན་པ་རེད། ལས་ཀ་དེ་མགོ་རྩོམ་སྐབས་ཁོ་ཚོས་མཱ་ཧའེ་ཧྥུན་སོགས་ལ་བསམ་ཤེས་མི་བྱེད་པར་ཐེངས་མང་པོར་ཁྱིམ་དུ་ཡོང་རུ་མ་བཅུག ཡིན་ནའང་། ཁོས་གསལ་བཤད་མང་པོ་བྱས་པ་བརྒྱུད། མང་ཚོགས་ཀྱིས་ད་གཟོད་དངོས་ཡོད་གནས་ཚུལ་རྟོགས་ནས་བཤད་རྒྱུར། ད་ལྟ་ཉེན་རྟོག་པའི་ཞབས་ཞུ་དེ་འདི་འདྲའི་ཞིབ་ཚགས་ཡིན་པ་དང་། ཡོད་ཚད་མང་ཚོགས་ཀྱི་དོན་དུ་བསམ་བཞིན་པ་ངོ་མས་སེམས་ལའང་མ་དྲན་ཟེར།  ཉིན་མཚན་དེ་འདྲའི་མང་པོ་ཞིག་ལ་ཁོ་ཡུལ་ལ་ལོག་ཐེངས་རེར་སྟབས་བདེ་ཐུག་པ་འཐུང་བཞིན་ཡོད། ཡིན་ནའང་། བརྩོན་འགྲུས་ཅན་ལ་བསླུ་བ་མེད་ཅེས་པའི་དཔེ་བཞིན་ཁོའི་འབད་བརྩོན་ལ་གྲུབ་འབྲས་སྨིན་བྱུང་། ཁོ་མྱུར་དུ་ཁོངས་གཏོགས་ས་ཁུལ་གྱི་རྨང་གཞིའི་གནས་ཚུལ་ལའང་རྒྱུས་ལོན་མང་པོ་ཡོད་པར་གྱུར། ཁོ་ནི་ཧོས་རིགས་ཉེན་རྟོག་པ་ཞིག་ཡིན་པ་དང་། ཁོས་ཐེངས་མང་པོར་འབད་བརྩོན་བྱས་པ་བརྒྱུད་དེ། རྒྱ་ཆེའི་འབྲོག་པ་མང་ཚོགས་ཀྱི་ཧོས་རིགས་གྲོགས་པོ་ཞིག་ཏུ་གྱུར། གནད་ཕིགས་དབུལ་སྐྱོར་མཁྲེགས་གཏོར་གྱི་བྱ་བ་སྤེལ་མགོ་རྩོམ་སྐབས། ཁོས་རང་འགུལ་གྱིས་དབུལ་ཕོངས་ཁྱིམ་ཚང་དང་མ་མཐའི་འགན་སྲུང་ཁྱིམ་ཚང་བཞི་ལ་ཁ་གཏད་རོགས་སྐྱོར་འབྲེལ་བ་བཙུགས་ཏེ། ལོ་རེར་ཁྱིམ་ཚང་རེར་དབུལ་སྐྱོར་དངོས་རྫས་དང་སྒོར་མོ་སྟོང་གཅིག་ཙམ་སྐྱེལ་བཞིན་ཡོད། མི་དམངས་ཉེན་རྟོག་པའི་སེམས་ནང་དུ་ནམ་ཡང་མི་དམངས་མང་ཚོགས་བཅངས་ཡོད་ཅེས་པའི་སྐད་ཆ་འདི་ནི་ཁ་ནས་བཤད་པ་ཙམ་མིན་པར་མི་དམངས་ཉེན་རྟོག་པས་འདྲ་མཉམ་གྱིས་སྒོ་ནས་མི་དམངས་མང་ཚོགས་ཀྱི་སེམས་འདུན་ལ་ཉན་ནས་དོན་དངོས་སྟེང་བྱ་བ་སྒྲུབ་པ་ཞིག་རེད།

ཉིས་སྟོང་ལྔ་ལོར། པདྨ་རྫོང་སེ་ལེ་ཐང་གྲོང་རྡལ་དུ་མི་བསད་པའི་དོན་རྐྱེན་ཞིག་བྱུང་བ་དང་། དོན་རྐྱེན་དེས་པདྨ་རྫོང་ཡོངས་ཟང་ཟིང་ལང་ལོང་དུ་གྱུར་བ་དང་། ལས་བྱེད་རྣམས་ཀྱིས་གླེང་བརྗོད་སྣ་ཚོགས་བྱས་ཏེ། སྤྱི་བདེ་ལས་ཁུངས་ཀྱིས་མྱུར་མོར་གྱོད་དོན་རྩད་བཅད་དེ། ཉེས་ཅན་ཁྲིམས་ལ་སྦྱོར་དགོས་པའི་རེ་བ་བཏོན། གྱོད་གཞི་དེ་སྐབས་དེར་ཞིང་ཆེན་སྤྱི་བདེ་ཐིན་གྱིས་སྒྲུབ་རྒྱུར་ལྟ་སྐུལ་གྱི་དོན་རྐྱེན་ཁྲོད་དུ་བཞག་པ་དང་། ཞིང་ཆེན་དང་ཁུལ་གྱི་འགོ་ཁྲིད་པས་ཡང་ཐེངས་མང་པོར་འདྲི་རྟོགས་བྱས་ཏེ། ཚད་བཀག་ཡོད་པའི་སྒོ་ནས་ཉེས་དོན་རྩད་གཅོད་དགོས་པའི་རེ་བ་བཏོན། པདྨ་རྫོང་སྤྱི་བདེ་ཉེན་རྟོག་ཅུའུ་ཡིས་ཆེད་དོན་ཚོགས་པ་ཞིག་བཙུགས་ཏེ་མྱུལ་ཞིབ་བྱ་བ་སྤེལ་ཡང་། རྒྱུ་རྐྱེན་གང་མང་ཞིག་ལ་བརྟེན་ནས། རྟོག་དཔྱོད་མྱུལ་ཞིབ་བྱ་བའི་ཁུངས་སྣེ་མ་རྙེད་པས། ཐོད་བརྒལ་རང་བཞིན་གྱི་འཕེལ་རིམ་བྱུང་མ་ཐུབ། མི་བསད་པའི་དོན་རྐྱེན་དེ་དུས་ཡུན་རིང་བོར་ཐག་གཅོད་བྱེད་མ་ཐུབ་པས། གནོད་འཚེ་ཐེབས་མཁན་གྱི་ཁྱིམ་མིའི་བར་དུ་ཕན་ཚུན་དོགས་པ་ཟ་བ་དང་འགལ་བ་བྱུང་བས། དེ་ནི་རྫོང་ཡོངས་ཀྱི་སྤྱི་ཚོགས་བརྟན་འཇགས་ཀྱི་གནོད་སྐྱོན་ཆེན་པོ་ཞིག་ཏུ་གྱུར། ཉིས་སྟོང་བདུན་ལོར་མཱ་ཧའེ་ཧྥུན་གྱིས་སེ་ལེ་ཐང་མངགས་གཏོང་ཁང་གི་འགོ་གཙོའི་འགན་ཁུར་བ་དང་། ཁོའི་བསམ་པར་གྱོད་དོན་དེ་རྩད་མ་ཆོད་ན་འདས་པོའི་ཁྱིམ་མི་དང་། རྩ་འཛུགས་ཀྱིས་ཁོ་ལ་ཡིད་ཆེས་བྱས་པ་དང་འགལ་བར་འདོད་དེ། ཁོས་གྱོད་དོན་དེ་འགན་ལ་བླངས་ནས་འཐབ་གྲོགས་ཚོ་དང་མཉམ་དུ་གྱོད་གཞིའི་གནས་ཚུལ་ལ་དབྱེ་ཞིབ་བྱས་པ་དང་། གྱོད་གཞི་རྩད་ཆོད་པའི་བསམ་ཕྱོགས་སྤྱི་བསྡོམས་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་འདས་པོའི་ཁྱིམ་མི་དང་། གྲོགས་པོ། དུས་རྒྱུན་འབྲེལ་འདྲིས་བྱེད་པའི་མི་སྣའི་སར་གནས་ཚུལ་ལ་རྒྱུས་ལོན་བྱས། སེམས་ཞིབ་མོས་དབྱེ་ཞིབ་དབྱེ་འབྱེད་དང་དུས་ཡུན་རིང་བོར་མུ་མཐུད་དུ་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། མཚན་གང་བོར་སི་ཁྲོན་ཞིང་ཆེན་གསེར་རྟ་རྫོང་དང་། བྲག་མགོ་རྫོང་། རྟའུ་རྫོང་། ཁྲིན་ཏུའུ་གྲོང་ཁྱེར་སོགས་སུ་སོང་ནས་མྱུལ་ཞིབ་བྱས་པ་དང་། མཐའ་མར་དོགས་ཡོད་ཉེས་ཅན་གཉིས་འཛིན་བཟུང་བྱས། པདྨ་རྫོང་ལ་ཉིས་སྟོང་ལྔ་ལོའི་ཟླ་དྲུག་པའི་ཚེས་བཅུ་དགུ་ཉིན་གྱི་མི་བསད་པའི་དོན་རྐྱེན་དེས་ཤུགས་རྐྱེན་ངན་པ་ཐེབས་པར་མ་ཟད། ལོ་ངོ་བཞིའི་རྗེས་སུ་ད་གཟོད་དོན་དག་དེ་རྩད་ཆོད། སྐབས་དེར་གྱོད་དོན་སྒྲུབ་པའི་མི་དམངས་ཉེན་རྟོག་པས་ཟི་ཁྲོན་ནས་དོགས་ཡོད་ཉེས་ཅན་གཉིས་པདྨ་རྫོང་དུ་ཁྲིད་ཡོང་སྐབས། མང་ཚོགས་སུམ་བརྒྱ་ལྷག་སྲང་ལམ་དུ་འཛོམས་ནས་དགའ་བསུ་ཞུས་པ་དང་། དྭངས་གཙང་གི་ཁ་བཏགས་ཕུལ་ནས། ལྷག་བསམ་རྣམ་པར་དག་པའི་སྒོ་ནས་སྤྱི་བདེ་ལས་ཁུངས་ལ་རང་ཉིད་ཀྱི་བཀའ་དྲིན་མཚོན་པར་བྱས། འདི་ནི་མང་ཚོགས་ཀྱི་བདེ་སྡུག་ལ་འགན་ཁུར་བ་ཞིག་ཡིན་པ་དང་། རང་ཉིད་ཀྱི་ཞྭ་མོ་སྟེང་གི་ཉེན་རྟོག་པའི་རྟགས་མ་དང་། ཏང་གི་ལས་དོན་ལ་བློ་དཀར་བའི་བྱ་སྤྱོད་ཅིག་རེད། གྱོད་གཞི་མྱུལ་ཞིབ་བྱ་བ་དམ་འཛིན་སྒོས་སྤེལ་བ་བརྒྱུད་དེ། ལོ་བཞིར་རྩད་མ་ཆོད་པའི་དོན་རྐྱེན་དེར་མྱུལ་ཞིབ་བྱས་ནས་རྩད་ཆོད་པར་གྱུར།

ད་དུང་མཱ་ཧའེ་ཧྥུན་གྱིས་སྒྲུབ་པའི་གྱོད་དོན་ཆེན་པོ་མང་པོ་ཞིག་ཡོད་ཀྱང་རེ་རེ་བཞིན་གསལ་བཤད་བྱས་ན་མང་འགྲོ་བ་དང་། ཁོ་ད་དུང་ཁྱིམ་ཚང་མང་པོར་སོང་ནས་མི་དམངས་ཀྱི་གནས་ཚུལ་ལ་རྟོག་དཔྱོད་བྱས་པའང་བརྗོད་ལས་འདས། མདོར་ན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེང་གི་གསུངས་བཤད་ཁྲོད་ཡང་དང་བསྐྱར་དུ་བསྟན་ཡོད་པ་སྟེ། ཐོག་མའི་སེམས་འདུན་མི་བརྗེད་པར་མུ་མཐུད་དུ་མདུན་བསྐྱོད་བྱས་ནས། ད་ལྟའི་བགྲོད་ལམ་སྟེང་ལེགས་པོར་བསྐྱོད་དགོས་ཞེས་པ་ནང་བཞིན། མཐོ་སྒང་དུ་ཉེན་རྟོག་པའི་བྱ་བ་སྒྲུབ་ནས་ལོ་ངོ་སུམ་ཅུ་ཙམ་ལ་ཉེ་བའི་ཉེན་རྟོག་པ་རྒན་པ་ཞིག་ཡིན་པའི་ཆ་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེང་གི་གསུངས་བཤད་ནི་ཁོ་རང་མུ་མཐུད་དུ་མདུན་བསྐྱོད་བྱེད་པའི་སྒུལ་ཤུགས་ལྟ་བུ་ཞིག་ཏུ་གྱུར་ཡོད།

                                                                                                                  ལོ་ཙཱ། ཚེ་རིང་སྒྲོལ་མ།