ཐོག་དང་པོར་མཚོ་སྔོན་ཞིང་ཆེན་ཆི་ལེན་རྫོང་འབྲོང་ལུང་ཞང་གི་ཏང་ཡོན་བུན་ཁྲང་ཐར་དང་ངོ་འཕྲད་སྐབས། ཁོས་སྡེ་དམངས་ཚོར་མི་གཅིག་ཕྱུག་པོར་གྱུར་པ་དེ་ཕྱུག་པོར་མི་བརྩི་ལ། ཚང་མ་ཕྱུག་པོར་གྱུར་ན་ད་གཟོད་ཕྱུག་པོ་ཡིན་ཞེས་ཕྱུག་བསྒྱུར་གྱི་ཉམས་མྱོང་གླེང་གིན་འདུག
བུན་ཁྲང་ཐར་ནི་འབྲོག་ཁྱིམ་ཕལ་བ་ཞིག་ཏུ་འཚར་ལོངས་བྱུང་ཞིང་། ད་ལྟ་ཁོ་ནི་ཏང་ཡོན་རྒན་པ་ཞིག་ཡིན་པར་མ་ཟད་ད་དུང་དམངས་དམག་རྒན་པ་ཞིག་ཀྱང་རེད། མེ་མདའ་རྒྱག་རྩལ་ལ་མཁས་པས་གཞོན་དུས་སུ་མདའ་བ་སྐྱེན་པོ་ཡི་མཚན་སྙན་ཐོབ་མྱོང་། རྒྱལ་ཁབ་ཀྱིས་རྡུལ་ཕྲན་འབར་མདེལ་ཞིབ་འཇུག་གསར་བཟོ་རྟེན་གཞི་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་ཆེད། རྒན་རབས་པ་རྣམས་ཀྱིས་མེས་རྒྱལ་གྱི་འབོད་སྐུལ་དང་དུ་བླངས་ཏེ་འགྱོད་སྣང་སྤུ་ཙམ་ཡང་མེད་པར་མི་རབས་ནས་མི་རབས་བར་འཚོ་སྡོད་བྱེད་སའི་གསེར་དངུལ་རྩྭ་ཐང་དང་ཁ་གྱེས་ནས་མཚོ་ངོས་ལས་མཐོ་ཚད་ལ་མུས་སུམ་སྟོང་བརྒྱད་བརྒྱ་ཡོད་པའི་འབྲོང་ལུང་ཞང་དུ་གནས་སྤར།
ནོར་ལུག་བཅུ་ལྷག་ལ་བརྟེན་པ་དང་། དབྱར་རྩྭ་དགུན་འབུ་བརྐོས་ནས་ཁྱིམ་ཚང་གི་ཁ་རྒྱབ་གསོ་བའི་འཚོ་བ་འདི་ནམ་ཞིག་ལ་མཇུག་རྫོགས་སམ་ཞེས་པའི་སྐད་ཆ་འདི་ནི། ལོ་འགའི་སྔོན་གྱི་ཉིན་ཞིག་ལ་བུན་ཁྲང་ཐར་གྱིས་ཐར་ཐོར་དུ་ཡོད་པའི་ནོར་ལུག་ཁ་ཤས་ལ་ཅེར་ནས་རེ་ཆད་དང་བཅས་རང་གིས་རང་ལ་དྲིས་པའི་དྲི་བ་ཞིག་རེད།
ཐེངས་ཤིག་གི་དམངས་དམག་གཞུང་ལུགས་སློབ་སྦྱོང་ཁྲོད། དམངས་དམག་མཐུན་སྒྲིལ་བྱུང་ན། འཇིག་རྟེན་འདི་ན་དགྲ་བོ་མེད་ཅེས་པའི་སྐད་ཆ་དེས་སྐབས་དེར་བྲེལ་བསྟུན་འཛིན་དཔོན་གྱི་འགན་བཞེས་ཡོད་པའི་བུན་ཁྲང་ཐར་ལ་ངེས་ཤེས་ཟབ་མོ་ཞིག་རྙེད་དུ་བཅུག མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན་ཞེས་པ་བཞིན་ཁྱིམ་དར་ཕྱུག་འགྱུར་གྱི་གནས་ལུགས་ཀྱང་འདི་ལྟ་བུ་ཞིག་མ་མིན་ནམ་ཞེས་ཁོའི་སེམས་སུ་གློ་བུར་དུ་དྲན་ཚུལ་ཆེན་པོ་ཞིག་སྐྱེས་བྱུང་།
དེ་ནས་ཅང་མ་འགོར་བར། བུན་ཁྲང་ཐར་དང་དམངས་དམག་འགའ་ཡིས་ཐོག་མར་ཁྱིམ་ཚང་མཉམ་འབྲེལ་སྒོས་ཕྱུགས་ལས་གསོ་སྤེལ་ར་བ་ཞིག་གཉེར་མགོ་ཚུགས། ལོ་གཉིས་རིང་ལ་བདག་གཉེར་བྱས་པ་བརྒྱུད། ཕན་འབྲས་མངོན་གསལ་ཐོན་ཞིང་ཡོང་སྒོ་ཡང་ལོ་རེ་བཞིན་ཇེ་མང་དུ་སོང་། ཐོག་དང་པོར་ལས་སྐྲུན་ལེགས་འགྲུབ་བྱུང་བའི་བུན་ཁྲང་ཐར་ལ་ཡིད་ཆེས་ཆེན་པོ་བསྩལ་བ་དང་ཆབས་ཅིག་འབྲོག་པ་མང་ཚོགས་འགའ་སྔ་གཞུག་ཏུ་མཉམ་ལས་ཁང་དུ་ཞུགས། ཉིས་སྟོང་བཅུ་ལོར་བུན་ཁྲང་ཐར་གྱིས་མདའ་བཞི་ཕྱུགས་ལས་གསོ་སྤེལ་མཉམ་ལས་ཁང་བཙུགས་ཤིང་། ཁོས་ཐོན་སྐྱེད་སྤྱི་གཉེར་བའི་འགན་འཁུར་པ་དང་། དོན་དེ་ནི་ཁོ་ལ་མཚོན་ན་སྟོབས་ཤུགས་ཤིག་དང་འབད་བརྩོན་བྱེད་སའི་དམིགས་འབེན་ཆེན་མོ་ཞིག་ཏུ་གྱུར།
བུན་ཁྲང་ཐར་གྱིས་རང་ཉིད་ཀྱི་ཕྲག་སྟེང་གི་ལས་འགན་ཧ་ཅང་ལྕི་བ་གསལ་བོར་ཤེས་རུང་། ཁོ་ལ་སེམས་ཁྲལ་སྤུ་ཙམ་ཡང་སྐྱེས་མ་མྱོང་། སྔོན་ཐོན་གྱི་བདག་གཉེར་ཉམས་མྱོང་དམ་འཛིན་བྱ་ཆེད། རང་འགུལ་གྱིས་ས་ཆ་གཞན་པའི་མཉམ་ལས་ཁང་ལ་ལྟ་སྐོར་དང་སློབ་སྦྱོང་བྱེད་དུ་ཕྱིན་པ་དང་། ཕྱིར་ལོག་རྗེས་སྡེ་བའི་མི་རྣམས་དང་མཉམ་དུ་སློབ་སྦྱོང་གི་སྟེགས་བུ་བཙུགས་ཏེ། མཉམ་ལས་ཁང་གི་ལས་མིའི་གསོ་སྤེལ་ལག་རྩལ་དང་ཕྱུགས་ནད་འགོག་བཅོས། གློག་རྡུལ་ཚོང་འཕྲིན་སོགས་ཕྱོགས་ཀྱི་གསོ་སྦྱོང་ལ་ཤུགས་བསྣན་ནས་ལས་ཀར་ཞུགས་པའི་མི་རྣམས་ཀྱི་ཕྱོགས་གང་ཐད་ཀྱི་རྩལ་ནུས་ཇེ་མཐོར་གཏོང་བར་རང་གིས་ནུས་ཚོད་ཀྱིས་ཧུར་བརྩོན་བྱས།
དེ་ནས་ཅུང་མ་འགོར་བར་བུན་ཁྲང་ཐར་གྱི་མཉམ་ལས་ཁང་མགྱོགས་མྱུར་ངང་ཚད་ལྡན་ཅན་དུ་འཁོར་སྐྱོད་བྱེད་ཐུབ་པ་བྱུང་ལ། རྩྭ་སའི་རྒྱ་ཁྱོན་སྤྱི་ཆིངས་སྟོང་དྲུག་དང་སུམ་བརྒྱ་དང་ཕྱུགས་ཟོག་སྟོང་ལྔ་དང་ལྔ་བརྒྱ་བཅུ་གཉིས་གཅིག་བསྡུས་བྱས། མ་རྐང་དུ་བཞག་པའི་སྤྱིའི་མ་དངུལ་སྒོར་མོ་ས་ཡ་དགུ་དང་འབུམ་ལྔ་ཁྲི་དགུ་ལྷག་ལ་སླེབས་པ་དང་གནད་ཁེལ་དབུལ་སྐྱོར་ཁྱིམ་ཚང་ལྔ་ཡི་མི་ཉེར་གཅིག་ལ་སྐུལ་ཁྲིད་བྱས། བུན་ཁྲང་ཐར་གྱི་རང་འགུལ་གྱིས་བྱ་བ་སྒྲུབ་པའི་བྱ་སྤྱོད་དེར་སྡེ་དམངས་ཚོས་གདེང་འཇོག་གང་ལེགས་གནངས།
ཉིས་སྟོང་བཅུ་བདུན་ལོའི་ལོ་མཇུག་ཏུ། མདའ་བཞི་མཉམ་ལས་ཁང་དུ་ལས་ཀ་ལས་མཁན་གྱི་ཁྱིམ་ཚང་སོ་བརྒྱད་དང་མི་བརྒྱ་དང་ང་བདུན་རུ་འཕར་བ་དང་། སྡེ་བ་ཡོངས་ཀྱི་ཡོང་སྒོ་སྒོར་མོ་ས་ཡ་གསུམ་ལྷག་ལ་སླེབས་ཤིང་། ཡོང་སྒོ་ཆེས་མང་བའི་ཁྱིམ་ཚང་གིས་ལོ་རེར་སྒོར་མོ་ཁྲི་གཅིག་དང་སྟོང་བཞི་ལེན་ཐུབ་པ་དང་། མི་རེའི་ཆ་སྙོམས་ཀྱི་ཡོང་སྒོ་རྐྱང་པ་སྒོར་མོ་ཁྲི་གཉིས་དང་སྟོང་གསུམ་ལ་སླེབས་པས། འབྲོག་པ་མང་ཚོགས་ལ་མཉམ་ལས་ཁང་དུ་དངོས་ཡོད་ཀྱི་ཁེ་ཕན་མི་ཉུང་བ་ཐོབ་ཐུབ་པ་བྱུང་།
དུས་དང་ཆབས་ཅིག་ཏུ། བུན་ཁྲང་ཐར་གྱིས་གོ་རིམ་ཡོད་པའི་སྒོ་ནས་གཅིག་གྱུར་གྱིས་ཕྱིར་འཚོང་དང་དོ་དམ་བྱས་ཏེ། འདས་པའི་ལོ་གསུམ་ནང་ཕྱིར་འཚོང་བྱེད་པའི་རྣམ་པ་བསྒྱུར་ཏེ་ད་ལྟ་ལོ་གཅིག་གི་ནང་དུས་ཚིགས་ངེས་མེད་ནང་ཞིང་ཆེན་གཞན་པར་ཡང་ཕྱིར་འཚོང་བྱེད་ཐུབ་པ་བྱུང་བས། དཔལ་འབྱོར་གྱི་ཕན་འབྲས་ཐོབ། མཉམ་ལས་ཁང་ལེགས་འགྲུབ་བྱུང་བ་དེས་འབྲོག་ཁུལ་གྱི་ཐོན་ལས་གྲུབ་ཚུལ་ལེགས་སྒྲིག་བྱེད་ཐུབ་པ་བྱུང་ལ། དཔལ་འབྱོར་འཕེལ་སྟངས་བསྒྱུར་བ་དང་འཕེལ་རྒྱས་ཡོང་བར་མ་དཔེའི་ནུས་པ་འདོན་སྤེལ་བྱས་པས། མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ཐིན་གྱིས་མདའ་བཞི་ཕྱུགས་ལས་གསོ་སྤེལ་མཉམ་ལས་ཁང་ལ་དཔེ་སྟོན་རྟེན་གཞི་གསར་སྐྲུན་གྱི་མཚན་སྙན་གནང་བ་དང་། མཉམ་ལས་ཁང་དེའི་ཉམས་མྱོང་དང་བྱེད་ཐབས་ཞིང་ཆེན་ཡོངས་སུ་ཁྱབ་གདལ་དུ་བཏང་།
ཆུ་འཐུང་མཁན་གྱིས་ཁྲོན་པ་བརྐོ་མཁན་བརྗེད་མི་ཉན་པ་དང་། ཕྱུག་པོར་གྱུར་ཡང་ཏང་གི་བཀའ་དྲིན་བརྗེད་མི་སྲིད་ཅེས་པ་བཞིན། ཉིས་སྟོང་བཅུ་བཞི་ལོར། ཕ་ཡུལ་གྱི་སློབ་གྲྭའི་སྒྲིག་ཆས་སྐོར་ཞིག་གསར་སྒྱུར་བྱེད་དགོས་བྱུང་མོད། འོན་ཀྱང་མ་དངུལ་དཀོན་པའི་དབང་གིས་ཕུགས་འདུན་མངོན་འགྱུར་བྱུང་མ་ཐུབ། དོན་དེ་བུན་ཁྲང་ཐར་གྱི་སེམས་ལ་བཟུང་ནས་ཞལ་འདེབས་འབུལ་པའི་བྱ་འགུལ་སྤེལ་བ་དང་། ཁོ་རང་གིས་སྒོར་མོ་སྟོང་ལྔ་དང་སྡེ་བའི་མིང་ཐོག་ནས་སྒོར་མོ་ཁྲི་གཉིས་ཞལ་འདེབས་སུ་ཕུལ་ཏེ་འབྲོག་ཁུལ་གྱི་ལོ་དགུའི་འོས་འགན་སློབ་གསོ་མྱོང་བའི་བྱིས་པ་རྣམས་ལ་སློབ་སྦྱོང་གི་ཁོར་ཡུག་བཟང་པོ་ཞིག་བསྐྲུན།
ཉིས་སྟོང་བཅུ་བདུན་ལོར། བུན་ཁྲང་ཐར་ལ་རྒྱལ་ཁབ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ། ཞིང་ལས་པུའུ་བཅས་ཀྱིས་མཉམ་དུ་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་ལེགས་ཅན་གྱི་གཟི་བརྗིད་མཚན་སྙན་གནང་བ་དང་། ལོ་དེའི་ཟླ་བཅུ་གཉིས་པའི་ཚེས་ཉེར་བརྒྱད་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེང་གིས་སྐུ་དངོས་སུ་ཁོ་ལ་ཐུག་འཕྲད་གནངས།
རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།