སྐྱེ་ཁམས་ལྟ་སྲུང་དོ་དམ་མི་སྣ་འཇིགས་མེད་དབང་རྒྱལ།
འཇིགས་མེད་དབང་རྒྱལ་གྱིས་ལྕགས་ཀྱུ་ཅན་གྱི་དབྱུག་པ་ཞིག་བཀོལ་ཏེ་བརླན་སའི་ནང་ནས་འགྱིག་ཤོག་ཁུག་མ་ཞིག་བླངས་བ་དང་། གདོང་དུ་ཡིད་ཚིམས་པའི་འཛུམ་མདངས་ཤིག་རྒྱས་བྱུང་།
“གནས་དེ་ནི་ཡུལ་ཤུལ་ནས་ན་གོར་མོ་གྲོང་ཁྱེར་དུ་བགྲོད་པའི་ལམ་ཉག་ཅིག་ཡིན་ལ། སྐྱེལ་འདྲེན་རླངས་འཁོར་མང་པོ་རྒྱུ་བཞིན་ཡོད་པས། གད་སྙིགས་དུས་ངེས་མེད་དུ་གཏོར་བཞིན་ཡོད། རླུང་ཞིག་གཡུག་ཚེ་ངའི་བྱ་བ་ཅུང་ཇེ་ཡང་དུ་གྱུར་ཡོད། རླུང་གཡུག་རྗེས་འགྱིག་ཤོག་ཁུག་མ་དང་ཟས་རིགས་ཀྱི་ཤོག་ཐུམ་ཕྱོགས་གཅིག་ཏུ་བསྡུས་ཡོད་པས། ངས་དེ་དག་གནས་གཅིག་ནས་འཐུས་ཆོག”འཇིགས་མེད་དབང་རྒྱལ་དང་ཐོག་མཐོང་སྐབས། ཁོས་བསྒུག་མི་བཟོད་པར་ང་ཚོར་རང་ཉིད་ཀྱི་བྱ་བ་མཚམས་སྦྱོར་བྱས་བྱུང་།
འཇིགས་མེད་དབང་རྒྱལ་ཡོད་སའི་ཆུ་དམར་ལེབ་རྫོང་ཆུ་དམར་ཧོ་ཞང་ནི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་དང་ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་དཀྱིལ་སྙིང་ས་ཁུལ་དུ་གནས་ཡོད། ལོ་མང་པོའི་སྔོན་ལ། གནས་དེའི་འབྲོག་པ་རྣམས་ཀྱིས་རང་འགུལ་སྒོས་ཁོར་ཡུག་སྲུང་སྐྱོབ་ཚན་ཆུང་བཙུགས་པ་དང་། ས་ཁག་ལྔ་རུ་བགོས་པ་མ་ཟད། ལོ་རེའི་ཟླ་ལྔ་བའི་ཚེས་གཅིག་ཉིན་ཁོར་ཡུག་སྲུང་སྐྱོབ་ཉིན་མོར་གཏན་འཁེལ་བྱས་ཡོད། ཉིན་དེར་འབྲོག་པ་ཡོད་ཚད་རི་སྟེང་དུ་སོང་ནས་གད་སྙིགས་འཐུ་བ་དང་། རི་སྐྱེས་སྲོག་ཆགས་ལ་སྐོར་སྐྱོད་སྲུང་སྐྱོབ་བྱེད་པ། གངས་ཐིག་གི་འགྱུར་ལྡོག་ལ་ཞིབ་བཤེར་ཚད་ལེན་བྱེད་པ་བཅས་ཀྱི་བྱ་བ་སྒྲུབ་བཞིན་ཡོད། སྐབས་དེ་ནས་བཟུང་ཉིན་དེ་ནི་འབྲོག་པ་རྣམས་ཀྱི་སྲོལ་རྒྱུན་གྱི་དུས་ཆེན་དུ་གྱུར་ཡོད།
“ད་ལྟ་ངའི་ཉིན་རེའི་བྱ་བ་ནི་རྩྭ་སའི་བརླན་ས་དང་རི་སྐྱེས་སྲོག་ཆགས་ལ་ལྟ་སྐྱོང་བྱེད་རྒྱུ་དེ་ཡིན་ལ། རྩྭ་ས་མེ་སྐྱོན་དང་རི་དྭགས་ལྐོག་རྔོན་བྱེད་པ་སྔོན་འགོག་བྱེད་རྒྱུ་དེ་ཡིན།”2013ལོར་འུར་ཆ་བསྐྱུར་ནས་སྐྱེ་ཁམས་དོ་དམ་མི་སྣ་བྱས་པ་དང་། འཇིགས་མེད་དབང་རྒྱལ་གྱི་འཚོ་བ་བརླན་སའི་ཁོར་ཡུག་འཕྲོད་བསྟེན་ལ་ལྟ་སྐུལ་དོ་དམ་བྱེད་པ་དང་བརླན་སའི་ཉེ་འགྲམ་གྱི་ནོར་ལུག་གི་གྲངས་ཀ་རྩིས་བཤེར་ཞིབ་བསྡུར་བྱས་ཏེ་ཚད་གཞི་ལས་བརྒལ་ཡོད་མེད་སོགས་ཀྱི་བྱ་བ་དང་འབྲེལ་ཡོད།
“དང་ཐོག་བྱ་བ་དེ་སྒྲུབ་སྐབས་ནང་དོན་མེད་པ་ལྟ་བུ་ཞིག་རེད། འོན་ཀྱང་། ད་ལྟ་ང་རང་ཉིད་དང་ས་འདིའི་བརླན་ས་གཞི་གཅིག་ཏུ་འདྲེས་ཡོད་ལ། ང་རང་ཉིད་ཀྱིས་སེམས་ཞིབ་མོས་གནས་འདིར་ལྟ་སྐྱོང་བྱེད་བཞིན་ཡོད།”འཇིགས་མེད་དབང་རྒྱལ་གྱིས་ཁ་པར་ལས་གསར་འགོད་པར་བརླན་སའི་སྐྱེ་འཕེལ་ལེགས་པའི་འདྲ་པར་བསྟན་པ་དང་། རྩྭ་སའི་གནས་བབ་ལེགས་པའི་རྣམ་པ་ངོམ་བཞིན་ཡོད།
ཆུ་དམར་ཧོ་ཞང་གི་ས་ཁོངས་རྒྱ་ཆེ་ལ། མཐོ་སྒང་གི་སྐྱེ་ཁམས་ས་ཁུལ་དང་རྩི་ཤིང་གི་རིགས་སྣ་ཚོགས་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡོད། དེ་མིན་སྐྱེ་ཁམས་ཀྱི་གོ་གནས་གལ་ཆེན་དང་མངའ་ཁོངས་སུ་འཇིག་ཉེན་ཆེ་བའི་རི་དྭགས་དང་རྩི་ཤིང་རྩ་ཆེན་ཡོད་ལ། “གཙང་གསུམ་འབྱུང་ཡུལ་རི་སྐྱེས་སྲོག་ཆགས་ཀྱི་ཕ་སའི”མཚན་སྙན་ཡོད། འབྲི་ཆུའི་བྱང་ཕྱོགས་ཆུ་རྒྱུད་ཀྱི་འབྱུང་ཁུངས་མཚོ་ཁྲི་སྡེ་བས་རི་སྐྱེས་སྲོག་ཆགས་ཀྱི་འཚོ་སྡོད་གནས་ལ་སྲུང་སྐྱོབ་བྱ་ཆེད། 2000ལོའི་ཟླ་ལྔ་བར། མཚོ་ཁྲི་སྡེ་བའི་འབྲོག་དམངས་ཨུ་ཡོན་ལྷན་ཁང་དང་ས་གནས་ཀྱི་འབྲོག་པས་རང་འགུལ་སྒོས་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་རུ་ཁག་རྩ་འཛུགས་བྱས་པ་དང་། 2003ལོའི་ཟླ་དང་པོར། སྲུང་སྐྱོབ་རུ་ཁག་གི་མིང་འབྲོང་ལྟ་སྲུང་སྲུང་སྐྱོབ་མཐུན་ཚོགས་སུ་བསྒྱུར།
རྒྱུན་ལྡན་གྱི་དོ་དམ་སྲུང་སྐྱོབ་ཀྱི་ཁྲོད། འཇིགས་མེད་དབང་རྒྱལ་གྱིས་སྲོལ་རྒྱུན་རིག་གནས་ནས་རྐང་བཙུགས་ཏེ། ས་གནས་ཀྱི་འབྲོག་པ་མང་ཚོགས་ཀྱིས་རང་བྱུང་ལ་བརྩི་བཀུར་བྱེད་པ་དང་། ཚེ་སྲོག་ལ་བརྩི་མཐོང་བྱེད་པའི་སྲོལ་རྒྱུན་རིག་གནས་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱས་ཏེ། ལས་སྒྲུབ་ས་ཁུལ་གྱི་བྱ་བའི་སྒྲིག་གཞི་རྩ་འཛུགས་བྱས་ཏེ་བཙུགས་པ་དང་། བྱ་བའི་རིམ་པ་སོ་སོར་མི་རྣམས་ཀྱིས་དམ་འཛིན་དང་དོ་དམ་བྱེད་མཁན་ཡོད་པ་ཁག་ཐེག་བྱས་ལ། མ་དངུལ་གྲབས་གསོག་བྱས་པ་བརྒྱུད། མ་རྩ་དམའ་བའི་སྲུང་སྐྱོབ་བྱེད་ཐབས་བེད་སྤྱད་དེ། དམངས་ཡོངས་ཟབ་ཞུགས་དང་དུས་ནམ་ཡང་ཉམས་པ་མེད་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་འགུལ་རབ་དང་རིམ་པ་སྤེལ།
ད་ལྟ། ཆུ་དམར་ཧོ་ཞང་དུ་འཇིགས་མེད་དབང་རྒྱལ་ལྟ་བུའི་སྐྱེ་ཁམས་དོ་དམ་གདོང་ལེན་རུ་ཁག་ཏུ་གསར་དུ་རང་འགུལ་སྒོས་ཟབ་ཞུགས་བྱས་པའི་མི་སྣ་བརྒྱད་བརྒྱ་ལྷག་ཡོད། ལོ་རེའི་ཟླ་ལྔ་བའི་ཚེས་གཅིག་ནས་བཞིའི་ཉིན་བར་ནི་ཞང་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་ཉིན་མོ་ཡིན་ལ། ཁོར་ཡུག་འཕྲོད་བསྟེན་དྲིལ་སྒྲོག་དང་ཁོར་ཡུག་འཕྲོད་བསྟེན་ལེགས་བཅོས་ཆེན་པོ་བྱེད་པར་རྩ་འཛུགས་བྱེད་བཞིན་ཡོད། དུས་རྒྱུན་ཟླ་རེར་ཆ་སྙོམས་བྱས་ན་རི་འགོར་སྐོར་ཞིབ་བྱས་ཏེ་གད་སྙིགས་འཐུ་བའི་བྱ་འགུལ་ཐེངས་གཉིས་ནས་གསུམ་སྤེལ་བཞིན་ཡོད། ཞང་གིས་གད་སྙིགས་འཕེན་སྣོད་ཆེད་དུ་ཉོས་ཡོད་པ་དང་། གད་སྙིགས་འཕེན་སྣོད་རེའི་སྤྱི་རྒྱ་ལྔ་བཅུ་ཐེག་ཐུབ། ཁྱིམ་ཚང་རེའི་ལོ་རེར་གད་སྙིགས་སྣོད་གསུམ་ནས་བཞི་བཀོལ་སྤྱོད་བྱེད་བཞིན་ཡོད། ན་གོར་མོ་གྲོང་ཁྱེར་དུ་བགྲོད་པའི་ལམ་ཧ་ཅང་སྟབས་བདེ་ཡིན་པ་དང་། འབྲོག་པ་རྣམས་ཀྱིས་རང་འགུལ་སྒོས་ན་གོར་མོའི་གད་སྙིགས་ཐག་གཅོད་བཟོ་གྲྭ་རུ་གད་སྙིགས་སྐྱེལ་བཞིན་ཡོད།
ཆུ་དམར་ལེབ་ནས་ནག་རི་ཆུ་ནག་ཁའི་གཞུང་ལམ་ནས་ཐད་ཀར་ནུབ་ཕྱོགས་སུ་བསྐྱོད་ན། མིག་ལམ་དུ་མངོན་པ་ནི་སྤང་རི་ཡོངས་སུ་ཁ་བས་གཡོགས་པ་དང་ནོར་ལུག་གིས་རྩྭ་ཟ་བཞིན་པའི་སྣང་ཚུལ་རེད། འཇིགས་མེད་དབང་རྒྱལ་གྱིས་ཚོར་སྣང་ཟབ་མོས་སྒོ་ནས་བཤད་རྒྱུར། བརླན་ས་སྲུང་སྐྱོབ་བྱེད་པ་ནི་རང་ཉིད་ཀྱི་ཁྱིམ་གཞིས་ལ་གཅེས་སྐྱོང་བྱས་པ་ཡིན་ལ། ང་ཚོའི་མི་རབས་རྗེས་མར་ལྟ་སྲུང་བྱས་པ་ཡིན་པས། སེམས་ཞིབ་མོས་ལྟ་སྲུང་བྱེད་དགོས་ཟེར།
ལོ་ཙཱ་བ། ཤ་བོ་རིན་མཚོ།