ནོར་བུ་ཚེ་རིང་གིས་ཕྱུག་བསྒྱུར་གྱི་ལམ་དུ་ནམ་ཡང་མང་ཚོགས་སེམས་སུ་དྲན་བཞིན་ཡོད།
2019.01.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 104

ནོར་བུ་ཚེ་རིང་ནི་ཐོ་ཐོ་གཙང་བོའི་འགྲམ་རྒྱུད་དུ་སྐྱེས་པ་དང་། རྒྱལ་ཁབ་ཀྱི་སྲིད་ཇུས་རོལ་མྱོང་བྱས་ཏེ། ལོ་བཅུའི་སྔོན་ལ་ཁོ་དང་གདང་ལ་རི་བོའི་སྡེ་དམངས་རྣམས་མཉམ་དུ་མཚོ་ངོས་ལས་མུས་སྟོང་བཞི་དང་བདུན་བརྒྱ་ཡོད་པའི་གདང་ལ་རི་བོ་ནས་ན་གོར་མོ་གྲོང་ཁྱེར་ལྷོ་ཕྱོགས་ཀྱི་གདང་ལ་གྲོང་རྡལ་འབྲི་ཆུའི་མགོ་ཁུངས་སྡེ་བར་གནས་སྤར་ཏེ་གཏན་སྡོད་བྱས། གངས་རི་ནས་མཁར་གྲོང་དུ་གནས་སྤར་བ་དང་། རུ་བ་སྤོར་བ་ནས་གཏན་སྡོད་བྱེད་པ། འབྲོག་པ་ནས་གྲོང་ཁྱེར་གྱི་སྡོད་དམངས་སུ་གྱུར་བ་བཅས་ཀྱི་འགྱུར་ལྡོག་དང་བསྟུན་ནས། ཁོའི་འདུ་ཤེས་ལ་ཡང་འགྱུར་ལྡོག་བྱུང་དེ་འཕེལ་རྒྱས་ཀྱི་བགྲོད་ལམ་ཞིག་ཏུ་སྙེག་མགོ་བརྩམས་ལ། བདེ་སྐྱིད་ཀྱི་འཚོ་བ་སྐལ་བཟང་མེ་ཏོག་ལྟར་རྣམ་པར་བཞད།

འབྲི་ཆུའི་མགོ་ཁུངས་སྡེ་བར་ཐོན་པ་ན། མིག་ལམ་དུ་མངོན་པ་ནི་བོད་ཀྱི་སྲོལ་རྒྱུན་གྱི་རི་མོ་དང་ཁྱད་ཆོས་མངོན་པར་གསལ་བའི་ཁང་ལེབ་གྲལ་ལྟར་བསྒྲིགས་ཡོད་ལ། ཁང་བའི་གྱང་ངོས་སུ“ལོ་བརྒྱའི་ཇུས་ཆེན་འགོད་པར། སློབ་གསོ་རྩ་བར་འཛིན་དགོས། སློབ་གསོའི་ཇུས་ཆེན་འགོད་པར་འདྲ་མཉམ་སྔོན་ལ་འཛིན་དགོས། དྲང་བདེན་འདྲ་མཉམ་གྱི་སློབ་གསོས་མི་ཚང་མར་ཕན་ཁེ་ཐོབ”ཞེས་པའི་ཡིག་འབྲུ་དེ་དག་གསལ་ལྷིང་ངེར་ཡོད། རྩིག་ལྡེབས་ཀྱི་རྒྱབ་ངོས་ནི་འབྲི་ཆུའི་མགོ་ཁུངས་མི་རིགས་སློབ་གྲྭ་རེད། སློབ་ཁང་ནང་དུ་སློབ་མ་རྣམས་ཀྱིས་དཔེ་ཀློག་གི་དབྱངས་རྟ་གྲགས་འོང་།

ནོར་བུ་ཚེ་རིང་གླེང་སྐབས། གནས་སྤར་གཏན་སྡོད་གནས་ཀྱི་མི་རྣམས་ཀྱིས་བསྟོད་པའི་མཐེ་བོང་བསྒྲེངས་བཞིན་ཡོད། རྒྱུ་མཚན་ནི་ནོར་བུ་ཚེ་རིང་གིས་དཀའ་སྡུག་མྱངས་ཐུབ་པ་མ་ཟད། ད་དུང་ཚོང་ལས་ཀྱང་གཉེར་ཤེས་ལ། ཁོ་ལ་དྲིན་ཚོར་གྱི་བསམ་པ་རྣམ་དག་ཞིག་ཡོད། ལོ་ངོ་བཅུ་ཕྲག་རིང་གི་དཀའ་སྤྱད་འབད་བརྩོན་ཁྲོད། ནོར་བུ་ཚེ་རིང་རང་ཉིད་ཕྱུག་པོར་གྱུར་བ་དང་། ད་དུང་མང་ཚོགས་མང་པོས་སྣེ་ཁྲིད་དེ་ཕྱུག་འགྱུར་གྱི་ལམ་དུ་བསྙེག་བཞིན་ཡོད།

ནོར་བུ་ཚེ་རིང་གིས་བཤད་རྒྱུར། 2004ལོར། ང་ཚོ་གཏན་སྡོད་གནས་སུ་སྤར་འོང་སྐབས་ངས་ཅི་ཡང་མི་ཤེས། རང་ཉིད་སྔར་ལས་འབྱོར་ལྡན་དུ་གཏོང་ཆེད་ངས་རླངས་འཁོར་སྐོར་བའི་ལག་རྩལ་སྦྱངས་བ་དང་། 2005ལོར་ངས་ཏུང་ཧྥིན་རྟགས་ཅན་གྱི་རླངས་འཁོར་ཞིག་ཉོས་ཏེ་ཐོ་ཐོ་གཙང་བོའི་འགྲམ་རྒྱུད་ཀྱི་འཛུགས་སྐྲུན་གནས་ཞིག་ཏུ་སོང་ནས་རྒྱུ་ཆ་སྐྱེལ་འདྲེན་བྱས་པ་དང་། ལོ་གཅིག་གི་ནང་ཡོང་སྒོ་སྒོར་ཁྲི་བརྒྱད་བཙལ། ལོ་འགའི་རིང་ལ་འབད་བརྩོན་བྱས་པ་བརྒྱུད། ད་ལྟ་ངེད་ཚང་ལ་བསྡོམས་པས་རླངས་འཁོར་ཆེ་བ་བཞི་ཡོད་པ་དང་། ན་ནིང་རླངས་འཁོར་བཞི་ཡི་ཡོང་སྒོ་རྐྱང་བ་སྒོར་འབུམ་དྲུག་ཏུ་སླེབས་ཡོད། ད་ལྟ་འཚོ་བ་ཉིན་རེ་ལས་ཉིན་རེ་ཇེ་བཟང་དུ་འགྱུར་བཞིན་ཡོད་ཟེར།

དཀོན་མཆོག་ཚེ་རིང་ནི་འབྲི་ཆུའི་མགོ་ཁུངས་སྡེ་བའི་སྡེ་དམངས་ཞིག་ཡིན་པ་དང་། ནོར་བུ་ཚེ་རིང་གི་བག་ཆགས་ཁྲོད། ཁོས་ཀྱང་ཁ་ལོ་བའི་འཛིན་བྱང་བླངས་བ་དང་། ད་ལྟ་ནོར་བུ་ཚེ་རིང་གི་རླངས་འཁོར་བསྐོར་བཞིན་ཡོད། དཀོན་མཆོག་ཚེ་རིང་གིས་བཤད་རྒྱུར། རླངས་འཁོར་སྐོར་ན་ཕྱུགས་འཚོ་བ་ལས་བཟང་། ཙག་སེར་བུའི་ཁྲོད་འགྲོ་མི་དགོས་ལ། ཟླ་གཅིག་གི་གླ་ཕོགས་སྒོར་སྟོང་ལྔ་ལེན་ཐུབ་ལ། ད་དུང་ཟ་མ་དང་སྡོད་གནས་ཡོད་པས། ང་རང་གིས་བསམ་ན་འདི་ཧ་ཅང་བཟང་ཟེར།

སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་བསྟུན་ནས། ནོར་བུ་ཚེ་རིང་གི་བསམ་བློ་སྔར་ལས་རྒྱ་ཆེ་ལ་མིག་རྒྱང་ཇེ་རིང་དུ་བཏང་། 2016ལོར། ཁོ་དང་ནུ་བོ་བུ་ཆུང་ལྷ་དགའ་གཉིས་ཀྱིས་སྡེ་བའི་ནང་ས་ཞིག་གླས་པ་དང་། མ་དངུལ་སྒོར་ས་ཡ་གཉིས་བཏང་ནས་ན་གོར་མོ་གངས་ཅན་བོད་པའི་ཉོ་འཚོང་ཚད་ཡོད་ཀུང་ཟི་ཐོ་འགོད་བྱས་ཏེ་བཙུགས་པ་དང་། ས་གནས་ཀྱི་འབྲོག་པའི་གསོས་པའི་ནོར་ལུག་གི་ཤ་དང་མར། ཆུར་བ་སོགས་བསྡུ་ལེན་བྱེད་བཞིན་ཡོད་ལ། དེ་དག་འཁྱག་གཏོང་བྱས་རྗེས་ལོ་གཉིས་པར་ན་གོར་མོ་དང་ལྷ་ས། ནག་ཆུ་སོགས་ས་གནས་སུ་ཕྱིར་འཚོང་བྱེད་བཞིན་ཡོད། ཁོས་བཤད་རྒྱུར། ལོ་རེའི་སྟོན་ཀར་ང་ཚོས་འབྲོག་པའི་འཚོ་གསོ་བྱས་པའི་ནོར་ལུག་གི་ཤ་ཉོ་བསྡུ་བྱས་ན། འབྲོག་པས་ནོར་ལུག་རིན་གོང་བཟང་བོ་ཞིག་ལ་བཙོང་ཐུབ་པ་མ་ཟད། ལོ་གཉིས་པར་ཕྱིར་འཚོང་བྱས་ན་ཀུང་ཟིས་ཀྱང་རིན་གོང་བཟང་བོ་ཞིག་ལ་ཕྱིར་བཙོང་བྱེད་ཐུབ་ཟེར།

ནོར་བུ་ཚེ་རིང་གི་འཚོ་བ་སྔར་ལས་ཇེ་བཟང་ནས་ཇེ་བཟང་དུ་འགྱུར་བཞིན་ཡོད། འོན་ཀྱང་། ཁོས་སེམས་སུ་དཀའ་ཁག་ཡོད་པའི་མང་ཚོགས་རྣམས་བརྗེད་ཀྱིན་མེད་ལ། ཉེ་བའི་ལོ་འགའི་རིང་ལ་མང་ཚོགས་རྣམས་ལ་དོན་བཟང་མང་པོ་སྒྲུབ་མྱོང་། 2016ལོར། གདང་ལ་གྲོང་རྡལ་འདོར་མ་སྡེ་བའི་མི་འགྱུར་ཚེ་རིང་ལ་འགྲིམ་འགྲུལ་དོན་རྐྱེན་ཞིག་གི་ཁྲོད་དུ་རྐང་བ་དང་དཔུང་བ་རུས་ཆག་ཏུ་བཏང་བ་དང་། མི་འགྱུར་ཚེ་རིང་བཟའ་མི་གང་བོ་དཀའ་ཁག་ལས་བགྲོད་ཆེད། ནོར་བུ་ཚེ་རིང་གིས་སྒོར་ཁྲི་གཅིག་གི་ཞལ་འདེབས་ཕུལ། མི་འགྱུར་ཚེ་རིང་གིས་གསལ་བོར་ཤེས་པ་ནི། ང་ཚོ་ཚང་མ་སྡེ་བ་གཅིག་གི་མིན་རུང་། འོན་ཀྱང་། ཁོས་དུས་ནམ་ཡང་ང་ཚོ་དབུལ་ཕོངས་ཁྱིམ་ཚང་རྣམས་ལ་ཐུགས་ཁུར་དང་རོགས་སྐྱོར་བྱེད་བཞིན་ཡོད་ཟེར། 2018ལོའི་ཟླ་གསུམ་པའི་ཚེས་བཅུ་གསུམ་ཉིན། ཁོས་ཀུང་སི་ནས་སྒོར་ཁྲི་བཞི་ལྷག་བླངས་ནས་འབྲས་དང་ཕྱེ། ཟ་སྣུམ་སོགས་འཚམས་འདྲིའི་དངོས་རྫས་ཉོས་པ་དང་། གྲོང་རྡལ་ཡོངས་ཀྱི་དབུལ་ཕོངས་ཁྱིམ་ཚང་སོ་ལྔ་ལ་བྱིན་པ་དང་། ཚང་མས་ཁོའི་གཅེས་སེམས་དེ་ལ་བཀའ་དྲིན་ཞུ་བཞིན་ཡོད།

འབྲི་ཆུའི་མགོ་ཁུངས་སྡེ་བའི་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་བཀྲ་ཤིས་ཟླ་བ་ཡིས་བཤད་རྒྱུར། ནོར་བུ་ཚེ་རིང་ནི་ང་ཚོའི་སྡེ་བའི་ནང་གི་ཕྱུག་བསྒྱུར་སྣེ་ཁྲིད་མི་སྣ་ཡིན་པ་དང་། དཀའ་སྡུག་མྱངས་ཐུབ་པ་མ་ཟད། ད་དུང་ལས་སྐྲུན་གྱི་སྙིང་སྟོབས་ཡོད། ཁོས་ལོ་རེར་ང་ཚོའི་སྡེ་བའི་ས་ཞིང་གི་གླ་རིན་སྒོར་ཁྲི་བརྒྱད་སྟེར་བཞིན་ཡོད་པ་དང་། ང་ཚོའི་སྡེ་བའི་ཐུན་མོང་དཔལ་འབྱོར་སྔར་ལས་ཇེ་མང་དུ་བཏང་ཟེར།

རྗེས་ཕྱོགས་ཀྱི་འཕེལ་རྒྱས་བསམ་གཞིགས་གླེང་སྐབས། ནོར་བུ་ཚེ་རིང་དགོད་ཞོར་བཤད་རྒྱུར། གོ་རིམ་རྗེས་མར། ཀུང་སིའི་གཞི་རྒྱ་སྔར་ལས་ཇེ་ཆེར་བཏང་སྟེ། ནོར་ལུག་གི་ཤ་སྐམ་དང་རྩམ་པའི་ཐོན་ལས་སྔར་ལས་རྒྱ་ཇེ་ཆེར་བཏང་ནས་ལས་སྣོན་བྱེད་རྒྱུ་ཡིན་པ་དང་། ཕྱིར་འཚོང་གི་འབྲེལ་ལམ་སྔར་ལས་རྒྱ་བསྐྱེད་དེ། འབྲོག་པ་སྔར་ལས་མང་པོ་ལས་ཞུགས་བྱེད་པར་སྐུལ་ཁྲིད་བྱས་ནས། མཉམ་དུ་འབྱོར་ཕྱུག་གི་བགྲོད་ལམ་དུ་བསྐྱོད་རྒྱུ་ཡིན་ཟེར།

ལོ་ཙཱ་བ། ཤ་བོ་རིན་མཚོ།