བརླན་སའི་སྲུང་སྐྱོབ་མཁན་བསོད་ནམས་དབང་རྒྱལ།
2019.01.24 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 55

མཚོ་སྔོན་ཞིང་ཆེན་གྱི་བརླན་སའི་རྒྱ་ཁྱོན་ལ་སྤྱི་ཆིངས་ས་ཡ་བརྒྱད་དང་འབུམ་གཅིག་ཁྲི་བཞི་ལྷག་ཡོད་པ་དང་། རྒྱལ་ཡོངས་ཀྱི་ཨང་དང་པོ་ཟིན། བརླན་སའི་ཐོན་ཁུངས་ཕུན་སུམ་ཚོགས་ལ་རྣམ་པ་སྣ་མང་ཡིན་སྟབས། འཛམ་གླིང་དུ་ཤུགས་རྐྱེན་ཆེས་ཆེ་བའི་སྐྱེ་ཁམས་སྙོམ་སྒྲིག་ས་ཁུལ་དུ་གྱུར། མཐོ་སྒང་གི་བརླན་ས་སྲུང་སྐྱོབ་བྱ་ཆེད། མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་སྡེ་ཁག་གིས་རྒྱལ་ཡོངས་སུ་ཐོག་དང་པོར་བརླན་སའི་སྐྱེ་ཁམས་དོ་དམ་དང་སྲུང་སྐྱོབ་བྱེད་པའི་ལམ་ལུགས་གསར་སྐྲུན་བྱས། “འབྲོག་པ་མང་ཚོགས་གཙོ་ཤུགས་ཡིན་པ་དང་། ཆེད་བསྐོས་ལས་འགན་དང་ཞོར་འགན་གཉིས་ཟུང་འབྲེལ་བྱེད་པ། དོ་དམ་ཚད་ལྡན་ཡིན་པ། འགན་སྲུང་ནུས་ལྡན་ཡིན་པའི”བརླན་སའི་སྐྱེ་ཁམས་དོ་དམ་པ་དང་སྲུང་སྐྱོབ་པའི་རུ་ཁག་ཅིག་བཙུགས།

2018ལོའི་ཟླ་བཅུ་གཉིས་པའི་ཚེས10ཉིན། མཚོ་སྔོན་ཞིང་ཆེན་ནགས་ལས་ཐིན་དང་། རྩྭ་ཐང་ཅུའུ། འཛམ་གླིང་རང་བྱུང་ཐེབས་རྩ་སོགས་ཀྱིས་གཙོ་སྒྲུབ་བྱས་ཏེ༼མཛེས་སྡུག་གི་མཚོ་སྔོན། ཆེས་མཛེས་པའི་བརླན་སའི་དོ་དམ་ལྟ་སྲུང་མཁན༽ལ་བྱ་དགའ་གནང་བའི་མཛད་སྒོ་བསྡུས། ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཝང་ཨེན་ཀོང་གིས་ངོ་སྤྲོད་བྱས་པ་ལྟར་ན། ཞིང་ཆེན་ཡོངས་ནས་ཆེས་མཛེས་པའི་བརླན་ས་སྲུང་སྐྱོབ་མཁན་འཚོལ་བའི་བྱ་འགུལ་དེ་ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་ལྔ་བ་ནས་སྤེལ་བ་དང་། རིམ་པ་བཞིན་འོས་སྦྱོར་དང་ཡོངས་བསྒྲགས་ངོས་འཛིན་བཅས་ཀྱི་གོ་རིམ་བརྒྱུད་མཐར་ཞིང་ཆེན་ཡོངས་ཀྱི་ནགས་ལས་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་པ་མི་ཁྲི་གཅིག་དང་སྟོང་དྲུག་གི་གྲས་ནས“ཆེས་མཛེས་པའི་བརླན་ས་དོ་དམ་སྲུང་སྐྱོབ་པ”བཞི་བཅུ་ཞེ་གཉིས་བདམས་པ་དང་། ཁོ་ཚོ་ནི་མཚོ་སྔོན་ཞིང་ཆེན་གྱི་བརླན་སའི་སྐྱེ་ཁམས་སྲུང་སྐྱོབ་ལས་དོན་ཁྲོད་ཀྱི་ཕུལ་བྱུང་འཐུས་མི་ཡིན་ལ། བསོད་ནམས་དབང་རྒྱལ་ནི་ཞིང་ཆེན་ཡོངས་ཀྱི༼ཆེས་མཛེས་པའི་བརླན་སའི་དོ་དམ་ལྟ་སྲུང་པ༽ཞིག་ཡིན་པའི་ཆ་ནས། གཟི་བརྗིད་ཀྱིས་གཏམས་པའི་གཟེངས་རྟགས་དེ་བླངས།

བསོད་ནམས་དབང་རྒྱལ་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་རྩེ་ཆུ་གྲོང་རྡལ་ངར་རྒོད་སྡེ་བའི་འབྲོག་པ་དཀྱུས་མ་ཞིག་ཡིན་པ་དང་། ཉིས་སྟོང་བཅོ་ལྔ་ལོར། བརླན་སའི་རྨང་གཞིའི་ཤེས་བྱ་དང་། རྒྱལ་ཁབ་རིམ་པའི་བརླན་སའི་སྤྱི་གླིང་འཛུགས་སྐྲུན་གྱི་འབྲེལ་ཡོད་གཏན་འཁེལ། བརླན་སའི་བསྐོར་བསྐྱོད་དོ་དམ་ལྟ་སྲུང་ནང་དོན། དོ་དམ་ལྟ་སྲུང་བྱེད་ཐབས། བསྐོར་བསྐྱོད་ཉིན་ཐོ་ཁ་བསྐོང་བ། དོ་དམ་ལྟ་སྲུང་ལས་གཞིའི་དཔྱད་འཇོག་བྱེད་ཐབས་སོགས་ཀྱི་ནང་དོན་ཐད་ནས་གསོ་སྦྱོང་དང་ལེན་བྱས་རྗེས། ཁོ་རང་གཙང་གསུམ་འབྱུང་ཡུལ་བརླན་སའི་སྲུང་སྐྱོབ་ལས་གཞིའི་དོ་དམ་ལྟ་སྲུང་པར་གྱུར།

རྩེ་ཆུ་རྒྱལ་ཁབ་བརླན་སའི་སྤྱི་གླིང་དེ་ནི་རྩེ་ཁོག་རྫོང་གི་ནུབ་ལྷོའི་ཕྱོགས་སུ་ཡོད་པ་དང་། འཆར་འགོད་ཀྱི་སྤྱིའི་རྒྱ་ཁྱོན་ལ་ཀུང་ཆིན་ཁྲི་བདུན་དང་གྲངས་ཆུང་གཉིས་གསུམ་ཡོད་པ་དང་། སྤྱི་གླིང་དེ་སྐྱེ་ཁམས་གསོ་སྐྱོང་ཁུལ་དང་། སླར་གསོ་བསྐྱར་འཛུགས་ཁུལ། ཚན་རྩལ་དྲིལ་སྒྲོག་ཁུལ། འོས་འཚམ་བཀོལ་སྤྱོད་ཁུལ། དོ་དམ་ཞབས་ཞུའི་ཁུལ་སོགས་སུ་བགོས་ཡོད་པ་དང་། རྩེ་ཆུ་རྒྱལ་ཁབ་བརླན་སའི་སྤྱི་གླིང་བཙུགས་པ་དེས་རྩེ་ཆུ་གྲོང་རྡལ་གྱི་བརླན་སའི་སྐྱེ་ཁམས་ནུས་པ་སྲུང་སྐྱོབ་བྱེད་པའི་ཐད་དོན་སྙིང་གལ་ཆེན་ལྡན།

ལོ་ངོ་བཞིའི་རིང་ལ། བསོད་ནམས་དབང་རྒྱལ་གྱིས་རྩེ་ཆུ་གྲོང་རྡལ་གྱི་བརླན་སའི་ཟུར་རེ་རེར་རྐང་རྗེས་ཕབ་ཡོད། དབྱར་ཁར་རྩེ་ཆུ་ཆུ་བོ་གང་སར་ཁྱབ་ཡོད་པ་དང་། གནམ་སྔོན་པོ་དང་སྤྲིན་དཀར་དྭངས་གཙང་གི་བརླན་སའི་མཚེའུ་ནང་དུ་ལྡོག་འཕྲོ་བྱས་ཡོད་ལ། བྱ་བྱེའུ་འབའ་འབུའི་སྐད་སྙན་སྒྲོག་ཅིང་། མེ་ཏོག་གི་དྲི་བསུང་ཕྱོགས་བཞིར་འཐུལ། སྐབས་དེའི་བསོད་ནམས་དབང་རྒྱལ་གྱི་སྐད་ཆའི་ཁྲོད་ན་ང་རྒྱལ་གྱི་ཚོར་བ་ཞིག་ཀྱང་མངོན་ཡོད། ཁོས་བཤད་རྒྱུར། ཆེས་ཐོག་མར་དོ་དམ་ལྟ་སྲུང་པར་གྱུར་བའི་སྐབས་དེར། ཉིན་རྒྱུན་བྱ་བ་སྣ་གཅིག་བསྐྱར་ཟློས་བྱས་ནས་ལས་བཞིན་ཡོད་པ་སྟེ། བརླན་སའི་ནང་གི་ཁོར་ཡུག་འཕྲོད་བསྟེན་ལ་ལྟ་རྟོག་དོ་དམ་བྱེད་པ་དང་། གང་སྙིགས་གཙང་དག བརླན་སའི་མཐའ་འཁོར་གྱི་ནོར་ལུག་ཚད་ལས་བརྒལ་ཡོད་མེད། ཕྱུགས་ཟོག་རྐུ་བ་དང་། རྡོ་ཟེགས་དང་བྱེ་མ་བརྐོ་བ་སོགས་ཁོར་ཡུག་ལ་གཏོར་བརླག་ཐེབས་པའི་བྱ་སྤྱོད་ལ་འཕྲད་དུས། དུས་ལྟར་བཀག་འགོག་བྱེད་དགོས་པར་མ་ཟད་ཡར་ཞུ་ཀྱང་བྱེད་དགོས། སྐབས་དེར་ཁོ་རང་བསྐྱར་ཟློས་ཀྱི་ལས་ཀ་དེར་སུན་སྣང་ཆེན་པོ་སྐྱེས། ད་ལྟ་བསོད་ནམས་དབང་རྒྱལ་གྱིས་རང་ཉིད་སེམས་གཏིང་ནས་བརླན་སའི་ས་ཁུལ་འདིར་དུངས་ཡོད་པ་གསལ་བོར་རྟོགས་ཡོད་པ་དང་། ཐེངས་རེ་རེའི་བསྐོར་བསྐྱོད་ལ་སྤྲོ་སྣང་གིས་ཁེངས་ཡོད། སྤྲིན་ལ་བརྟག་ནས་གནམ་གཤིས་གནས་ཚུལ་རྟོགས་ཐུབ་ལ། མཚེའུ་མང་པོའི་ཆེ་ཆུང་གི་འགྱུར་ལྡོག་དང་། རྩེ་ཆུའི་སྟོད་རྒྱུད་ཀྱི་ཆུ་འདང་ཚད་ཡིན་མིན་སོགས་ཀྱང་ཤེས་ཐུབ། ཁོས་ཐ་ན་བྱ་རིགས་ངལ་གསོའི་གྲངས་ཀ་སོགས་ལ་ལྟོས་ནས་བརླན་སའི་ཁོར་ཡུག་ལ་འགྱུར་ལྡོག་བྱུང་མེད་སོགས་ཀྱང་རྟོགས་ཐུབ།

ཁོའི་ཚོར་བ་ཞིག་ལ་ཁོ་རང་ཉིན་རྒྱུན་ཡངས་ཤིང་རྒྱ་ཆེ་བའི་བརླན་ས་འདི་དང་གཞི་གཅིག་ཏུ་འདྲེས་ནས་བརླན་ས་འདི་དང་འབྲེལ་མི་ཐུབ་པའི་སྣང་བ་ཞིག་ཀྱང་འཆར་ཡོང་། ཁོས་བརླན་ས་འདི་གསོ་སྐྱོང་བྱས་པ་ལེགས་པ་ནི་སྐྱེ་ཁམས་དོ་དམ་ལྟ་རྟོག་པ་དང་སེམས་ཞིབ་མོས་སྲུང་སྐྱོབ་གནང་མཁན་གྱི་རྒྱ་ཆེའི་འབྲོག་པ་རྣམས་དང་ཁ་འབྲལ་ཐབས་མེད་པར་འདོད་ཡོད།

བསོད་ནམས་དབང་རྒྱལ་གྱི་ལག་འཁྱེར་ཁ་པར་ནང་དུ། བརླན་སར་སྲུང་སྐྱོབ་བྱེད་དུ་འགྲོ་བའི་ལམ་དུ་བླངས་པའི་པར་མང་པོ་ཡོད་པ་དང་། དེའི་ནང་དུ་མཚར་སྡུག་རྣམ་པར་བཀྲ་བའི་རྩི་ཤིང་དང་། རང་དབང་གིས་རྒྱུ་བཞིན་པའི་བྱ་དང་སྲོག་ཆགས། སེམས་བཟང་གི་འབྲོག་པས་རང་འགུལ་གྱིས་གད་སྙིགས་འཐུ་བའི་གནས་ཚུལ། ཆེད་མཁས་པས་རྟོག་དཔྱོད་ཞིབ་འཇུག་བྱེད་བཞིན་པའི་བརྙན་རྩ་ཆེན། ད་དུང་དང་བླངས་མཁན་གྱིས་རང་མོས་སྒོས་ཁོར་ཡུག་སྲུང་སྐྱོབ་བྱེད་སྐབས་མཉམ་དུ་བསྐྱོན་པའི་པར་སོགས་ཡོད་པ་རེད།

ད་ལྟའི་བསོད་ནམས་དབང་རྒྱལ་ལ་ཁེར་རྐྱང་གི་སྣང་བ་མེད་པར། ཁོས་སེམས་གཏིང་ན་གནས་འདིའི་བརླན་སའི་མ་འོངས་པའི་ཆེད་དུ། གོང་ནས་སྲིད་གཞུང་སྡེ་ཁག་དང་ཁོར་ཡུག་རྩ་འཛུགས་མང་པོ་དང་། འོག་ནས་རྩེ་ཁོག་རྫོང་གི་མང་ཚོགས་དཀྱུས་མ་མང་པོ། ད་དུང་སློབ་གྲྭའི་སློབ་གྲོགས་ཚོས་རང་གི་མིག་འབྲས་བཞིན་དུ་གནས་འདིའི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་བཞིན་པ་ཚོར་ཡོད། བརླན་སའི་ཆེད་དུ་དོ་དམ་ལྟ་སྲུང་བྱེད་མཁན་ཞིག་ཡིན་པའི་ཆ་ནས། ང་ཚོས་རང་གི་ལས་འགན་འདི་ཕྲག་ཏུ་མི་ལེན་པའི་རྒྱུ་མཚན་ཅི་ཡང་མེད་པ་དང་། རང་ཉིད་སྐྱེས་ཤིང་འཚར་ལོངས་བྱུང་སའི་ས་གཞི་འདིར་གཅེས་སྤྲས་མི་བྱེད་དོན་ཡང་མེད་པ་རེད།

བྱ་བ་བསྒྲུབས་པ་ཧ་ཅང་བཟང་པས། བསོད་ནམས་དབང་རྒྱལ་གྱིས་རྩེ་ཆུ་ནགས་རྭའི་དོ་དམ་ལྟ་རྟོག་པའི་རུ་དཔོན་གྱི་འགན་ཁུར་བ་དང་། ཁོས་ནམ་རྒྱུན་དོ་དམ་ལྟ་རྟོག་པ་རྣམས་ཁྲིད་དེ་འབྲོག་པའི་སྦྲ་གུར་ནང་སོང་སྟེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་དང་ཚན་རིག་ལྟར་བརླན་སར་སྲུང་སྐྱོབ་བྱེད་པའི་ཉམས་མྱོང་སྒྲུབ་ཐབས་དྲིལ་སྒྲོག་བྱས་ནས། རྒྱ་ཆེའི་མང་ཚོགས་ལ་བརླན་སར་གཅེས་སྐྱོང་བྱེད་པ་ནི་རང་ཉིད་ཀྱི་ཁྱིམ་གཞིར་གཅེས་སྐྱོང་བྱེད་པ་དང་། མི་རབས་རྗེས་མའི་བདེ་སྐྱིད་ལ་སེམས་ཁུར་བྱས་པ་ཡིན་པ་སེམས་གཏིང་ནས་ཤེས་སུ་བཅུག

ཁོམ་སྐབས་ཡོད་དུས། ཁོས་རྒྱུན་དུ་དཔུང་ཁག་ཁྲིད་དེ་རྩྭ་ར་དང་ཆུ་བོའི་འགྲམ་དུ་སོང་ནས་གད་སྙིགས་འཐུས། ཁོས་བརླན་ས་སྲུང་སྐྱོབ་བྱེད་པའི་བྱ་བ་སྒྲུབ་བཞིན་པ་ལས་གཞན། ད་དུང་ནགས་ཚལ་མེ་འགོག་སོགས་ཀྱི་ལས་འགན་ལྗིད་མོ་ཡང་ཕྲག་ཏུ་བླངས་ཡོད། དགུན་ཁར། ཁོས་དུས་ངེས་གཏན་མེད་པའི་སྒོ་ནས་ནགས་ཚལ་སྲུང་སྐྱོབ་པ་ཚའི་སྣེ་ཁྲིད་དེ། འཕྲུལ་རྟར་ཞོན་ནས་ཕྱོགས་བཞིར་བསྐོར་བསྐྱོད་བྱས་པ་དང་། མེ་སྐྱོན་མ་ཐེབས་གོང་ལ་དོགས་ཟོན་གང་ལེགས་བྱས། དུས་ཡུན་རིང་བོ་འགོར་རྗེས། བརླན་སའི་མཐའ་འཁོར་གྱི་འབྲོག་པ་མང་པོས་བསོད་ནམས་དབང་རྒྱལ་གྱི་བྱ་བར་བརྩི་འཇོག་བྱེད་བཞིན་ཡོད་པ་དང་། ཁོར་ལྟ་བའི་མིག་མདངས་ལས་ཀྱང་གོང་བཀུར་གྱི་བསམ་པ་སྟོན་བཞིན་ཡོད།                                                                                                           

 ལོ་ཙཱ། ཚེ་རིང་སྒྲོལ་མ།