“གཅིག་སྟོང་དགུ་བརྒྱ་གོ་གསུམ་ལོར། ང་ཚོ་ཆུ་བཟང་སྡེ་བ་དང་ཚ་ཧན་ཏུའུ་སི་ཞང་གི་ཏ་ཀྲུང་སྡེ་བ་གཉིས་ཀྱི་བར་ལ་རྩྭ་ས་རྩོད་གླེང་གི་འགལ་བ་ཆེན་པོ་ཞིག་བྱུང་། དེ་ནས་བཟུང་སྡེ་བ་གཉིས་ཀྱི་འབྲེལ་བ་དེ་རིམ་བཞིན་ཛ་དྲག་གི་གནས་སུ་ལྷུང་། གནས་ཚུལ་དེ་ལ་ཞང་དང་སྡེ་བ་ག་རིམ་པ་གཉིས་ནས་འདུམ་སྒྲིག་བྱས་ནའང་། འགལ་བ་དེ་རིམ་བཞིན་ཞི་འཇགས་སུ་གཏོང་མ་ཐུབ།”
“དེའི་རྗེས་སུ་ཆུ་བཟང་སྡེ་བའི་རྒན་པོ་སྐོར་ཞིག་གིས་ང་རང་བཙལ་ནས་འདུམ་སྒྲིག་བྱེད་དགོས་པའི་རེ་བ་བཏོན།
སྡེ་བ་དེ་གཉིས་ཀྱི་རྩྭ་ས་རྩོད་གླེང་གི་གནད་དོན་དེ་ཐག་གཅོད་བྱེད་དགོས་ན་ཐོག་མར་སྡེ་བ་གཉིས་བར་གྱི་འགལ་བའི་རྩོད་གླེང་དེ་ཐག་གཅོད་བྱེད་རྒྱུ་ནི་བྱ་བ་དེའི་མགོ་རྩོམ་ས་རེད། ང་དང་ཏ་ཀྲུང་སྡེ་བའི་དུས་རྒྱུན་གྱི་འགྲོ་འོང་ལ་བརྟེན་ནས། ངས་སྡེ་བ་དེའི་འགན་ཁུར་མི་སྣ་གཉིས་བཙལ་ཞིང་སེམས་ཞིབ་མོས་ཁོ་ཚོར་བསམ་བློའི་སློབ་གསོ་བཏང་བར་མ་ཟད། དེ་དང་མཉམ་དུ་སྡེ་བའི་མང་ཚོགས་རྣམས་ལ་ཏང་གི་སྲིད་ཇུས་དེ་སྒྲོག་འགྲེལ་ལེགས་པོ་བྱས་ནས་ཁོ་ཚོ་མཐུན་སྒྲིལ་དང་འཆམ་མཐུན་ཡོང་བར་སྣེ་ཁྲིད་བྱས། དེ་ལྟར་ཕྱོགས་མང་པོ་ནས་མཐུན་སྦྱོར་དང་འབྲེལ་འདྲིས་བྱས་པ་བརྒྱུད། མཐའ་མར་དོན་དག་དེའི་ངོ་བོ་བཟང་ཕྱོགས་སུ་འཕེལ་ཞིང་། སྡེ་བ་གཉིས་ཀྱི་མང་ཚོགས་ཚང་མར་མཇུག་མཐར་ཐུན་མོང་གི་ངོས་ཟིན་གཅིག་གྱུར་བྱུང་སྟེ། སྔོན་ཆད་ས་མཚམས་བགར་བ་ལ་ཡིད་འཐད་བྱུང་ཞིང་ཐུན་མོང་གིས་གསར་སྤེལ་དང་བཀོལ་སྤྱོད་བྱས་པ་རེད།”
སྐད་ཆ་འདི་བཤད་མཁན་ནི་མཚོ་ཤར་གྲོང་ཁྱེར་ཟ་ལར་རིགས་རང་སྐྱོང་རྫོང་ཀ་རིང་བོད་རིགས་ཞང་གི་ས་གནས་དེའི་མི་རྣམས་ལ་རྒྱུས་མངའ་ཡོད་པའི་དམངས་ཁྲོད་ཀྱི་གཟུ་བ་སྐལ་བཟང་ཚེ་རིང་རེད།
སྐལ་བཟང་ཚེ་རིང་དང་སྡེ་བ་གཉིས་ཀྱི་སྡེ་མི་རྣམས་ཀྱི་ཐུན་མོང་གི་འབད་བརྩོན་འོག ལོ་ངོ་བཅོ་ལྔའི་རིང་ལ་འགལ་བ་རྒྱུན་མ་ཆད་པའི་ཆུ་བཟང་སྡེ་བ་དང་ཏ་ཀྲུང་སྡེ་བ་གཉིས་ཀྱི་འགལ་བའི་རྩོད་གླེང་དེ་གཞི་ནས་ཞི་འཇགས་སྒོས་ཐག་གཅོད་བྱེད་ཐུབ་པ་བྱུང་ཞིང་། ད་ལྟ་སྡེ་བ་དེ་གཉིས་ཀྱི་སྡེ་མི་རྣམས་ཕར་འགྲོ་ཚུར་འོང་བྱེད་པའི་རྣམ་པ་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་པས། སྡེ་བ་གཉིས་ཀྱི་དེང་ཕྱིན་གྱི་དཔལ་འབྱོར་སྤྱི་ཚོགས་འཆམ་མཐུན་ངང་འཕེལ་རྒྱས་འབྱུང་བར་རྨང་གཞི་བརྟན་པོ་བཏིངས་བ་དང་། བོད་རིགས་དང་ཟ་ལར་རིགས་གཉིས་བར་གྱི་མཛའ་བརྩེ་ཡང་རིམ་བཞིན་གཏིང་ཟབ་ཏུ་གྱུར།
ལོ་ངོ་བཅུ་ཕྲག་མང་པོའི་རིང་ལ་སྐལ་བཟང་ཚེ་རིང་གིས་ས་གནས་དེ་རུ་གཟུ་བའི་བྱ་བ་གཉེར་ནས། ས་གནས་དེའི་མི་རིགས་མཐུན་སྒྲིལ་ཡར་སྐུལ་བྱེད་པའི་ཐད་ལ་འབད་བརྩོན་ཆེན་པོ་བྱས་ནས། གུང་ཁྲན་ཏང་ཡོན་ཞིག་གིས་མི་རིགས་མཐུན་སྒྲིལ་གྱི་བྱ་བ་བཟང་བོར་སྒྲུབ་པའི་ཕུལ་བྱུང་སྣེ་ཁྲིད་མི་སྣའི་ནུས་པ་འདོན་སྤེལ་གང་ལེགས་བྱས། སྐལ་བཟང་ཚེ་རིང་གླེང་བའི་ཚེ་ན། ཀ་རིང་ཞང་གི་ཏང་ཨུའི་ཧྲུའུ་ཅི་རྡོ་བྷ་ཡི་གདོང་ལ་འཛུམ་གྱིས་ཁེངས་ནས་བཤད་རྒྱུར། ཁོ་ནི་ཀ་རིང་ཞང་གི་གཟུ་བ་མིང་གྲགས་ཅན་ཡིན། ཁོ་རང་སློབ་ཆུང་མ་གཏོགས་འགྲིམས་མ་མྱོང་ནའང་ཁོ་ནི་སྡེ་བའི་བྱ་བ་མཐའ་དག་ལ་སེམས་ཁུར་ཆེན་པོ་བྱེད་མཁན་ཞིག་ཡིན་པ་དང་། དུས་རྒྱུན་དུ་སྡེ་བའི་ནང་དུ་འགལ་བ་ཅི་ཞིག་ཡོད་ཀྱང་ཁོས་ཐག་གཅོད་བྱེད་བཞིན་ཡོད་པ་དང་། ཇི་འདྲའི་ཐག་གཅོད་བྱེད་དཀའ་བའི་བྱ་བ་ཞིག་ཡིན་ན་ཡང་ཁོས་ལས་སླ་མོར་ཐག་གཅོད་བྱེད་ཐུབ་ཟེར།
སྔོན་ཆད་ས་གནས་དེའི་སྡེ་བ་རེ་འགའི་བར་དུ་འགལ་བའི་རྩོད་གླེང་བྱུང་དུས་ཀྱང་ཞང་དང་སྡེ་བའི་ལས་བྱེད་པས་འདུམ་སྒྲིག་བྱས་མོད། ལོ་རེ་གཉིས་ཀྱི་རྗེས་སུ་འགལ་བ་དེ་སླར་ཡང་འབྱུང་བཞིན་ཡོད་པས་ཞང་ཏང་ཨུ་ཡིས་སྐལ་བཟང་ཚེ་རིང་བཙལ་ནས་བཟུ་བཤད་དུ་བཅུག་པར་རྩོད་གླེང་དེ་དག་གཞི་ནས་འདུམ་སྒྲིག་བྱེད་ཐུབ་པར་གྱུར་སོང་།
དངོས་གནས་ཀྱང་སྐལ་བཟང་ཚེ་རིང་གིས་ཐག་གཅོད་བྱས་པའི་བྱ་བ་དེ་ལེགས་པོར་འདུག་སྟེ། དུས་དེ་ནས་བཟུང་སྡེ་བ་དེ་དག་གི་རྩོད་གླེང་གི་འགལ་བ་དེ་གཞི་ནས་མེད་པར་གྱུར་སོང་། དེའི་སྟབས་ཀྱིས་ཀ་རིང་ཞང་གི་སྡེ་མི་རྣམས་ཀྱིས་སྐལ་བཟང་ཚེ་རིང་ལ་བཀུར་བསྟིའི་སྒོ་ནས་གཟུ་བ་ཞེས་འབོད་ཀྱི་ཡོད་པ་རེད།
བློ་སེམས་དཀར་བའི་རྒན་པོ་དེའི་འདུམ་སྒྲིག་གཟུ་བཤད་ཀྱི་བྱ་བ་དེ་ནི་སྤྱི་ལོ་གཅིག་སྟོང་དགུ་བརྒྱ་གོ་གསུམ་ལོ་ནས་མགོ་བརྩམས་པ་ཞིག་ཡིན་ཞིང་། ད་ལྟའི་བར་དུ་བགྲང་བྱ་ཉེར་ལྔའི་དུས་ཡུན་འདས་སོང་། ཁོའི་བྱས་རྗེས་དང་སྙན་གྲགས་དེ་ཀ་རིང་ཞང་གི་ཁྱིམ་ཚང་རེ་རེ་ཡི་སེམས་སུ་གསལ་བོ་ཡིན་པས་གཟུ་བ་ཞེས་པ་དེ་ཡང་ཁོའི་མིང་གཉིས་པར་གྱུར་ཡོད་པ་རེད།
ཐེངས་ཤིག་ལ་སྡེ་བའི་ནང་དུ་ཁྱིམ་མཚེས་ཕན་ཚུན་བར་ལ་སྒོ་མདུན་གྱི་ས་ཆུང་ངུ་ཞིག་གི་དོན་དུ་འགལ་བ་བྱུང་། དེའི་སྟབས་ཀྱིས་སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་སྐལ་བཟང་ཚེ་རིང་བོས་ནས་འདུམ་བྱེད་དུ་བཏང་། སྐལ་བཟང་ཚེ་རིང་འདུམ་བྱེད་དུ་ཐོན་དུས་ཁྱིམ་ཚང་དེ་གཉིས་ཀྱིས་ཁོ་རང་གི་ཁར་མི་ཉན་པར་མ་ཟད་ཁོ་རང་སྒོར་ཕུད་པ་རེད། དོན་དག་དེ་འདྲ་ལ་གདོང་གཏོད་དུས་སྐལ་བཟང་ཚེ་རིང་ཁོང་ཁྲོ་གཏན་ནས་མ་ལངས། ཁོས་སེམས་སུ་རང་ཉིད་ནི་གུང་ཁྲན་ཏང་ཡོན་རྒན་པ་ཞིག་ཡིན། དེའི་ཕྱིར་མང་ཚོགས་ཀྱི་སྟེང་དུ་གཏན་ནས་ཁོང་ཁྲོ་ལངས་མི་རུང་ལ་སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་སྤྲད་པའི་བྱ་བ་དེ་ཅི་ནས་ཀྱང་ལེགས་པོར་བསྒྲུབ་ནས། ཁྱིམ་ཚང་དེ་གཉིས་བར་གྱི་འགལ་བའི་རྩོད་གླེང་དེ་ཐག་གཅོད་ལེགས་པོ་བྱེད་དགོས་པར་སེམས།
དེའི་རྗེས་སུ། སྐལ་བཟང་ཚེ་རིང་ཐེངས་མང་པོར་རང་འགུལ་སྒོས་ཁྱིམ་ཚང་དེ་གཉིས་སུ་འགལ་བ་ཐག་གཅོད་བྱེད་དུ་སོང་བར་མ་ཟད། ཐ་ན་ཁྱིམ་ཚང་དེ་གཉིས་ཀྱི་སྒོ་ཁར་བསྡད་དེ་གནས་ལུགས་མང་པོ་བཤད་པ་དང་། མཇུག་མཐར་ཁྱིམ་ཚང་དེ་གཉིས་ཀྱིས་སྐལ་བཟང་ཚེ་རིང་གི་རྒྱུན་འཁྱོངས་དང་དཀྱེལ་ཡངས་ཀྱི་སྙིང་སྟོབས་ཀྱིས་ཡིད་འགུལ་ཐེབས་ཤིང་། དེ་ལྟར་ཐེངས་དེའི་འགལ་བ་དེ་བདེ་བླག་ངང་ཐག་གཅོད་བྱེད་ཐུབ་པར་གྱུར་སོང་། ཀ་རིང་ཞང་ཏང་ཨུའི་རྩ་འཛུགས་ཨུ་ཡོན་ཚེ་དབང་ཕག་མོ་ཡིས་དེ་ལྟར་བཤད།
དེ་དག་ལས་གཞན་ལོ་ངོ་འདི་དག་གི་རིང་ལ་སྡེ་བ་སོ་སོ་ནས་བྱུང་བའི་ཆུ་མགོའི་རྩོད་གླེང་དང་ས་ཞིང་བསྡུ་ལེན་ཐད་ཀྱི་རྩོད་གླེང་། བཟའ་ཚང་བར་གྱི་རྩོད་གླེང་སོགས་རྩོད་གླེང་སྣ་ཚོགས་ཤིག་གི་ཁྲོད་དུ་སྐལ་བཟང་ཚེ་རིང་ཐོན་ཀྱི་ཡོད་པ་དང་། ཁོ་ལ་ཆད་སྣང་དང་འཁང་ར་ཅི་ཡང་མེད་པར་འདུམ་སྒྲིག་བྱ་བའི་ལས་ལ་བྲེལ་བཞིན་ཡོད།
ལོ་ངོ་ཉི་ཤུ་ལྷག་གི་རིང་ལ་སྐལ་བཟང་ཚེ་རིང་ནི་གུང་ཁྲན་ཏང་ཡོན་ཞིག་ནས་སྡེ་བའི་ཧྲུའུ་ཅི་ཞིག་ཏུ་གྱུར་བ་དང་། སྡེ་བའི་ཧྲུའུ་ཅི་ལས་བུད་རྗེས་ཁོས་ཡང་བསྐྱར་འདུམ་སྒྲིག་བྱ་བ་དང་དུ་བླངས་ནས་ད་ལྟའི་བར་དུ་འགལ་བའི་རྩོད་གླེང་བཞི་བཅུ་ལྷག་ཐག་གཅོད་བྱས། ད་ལྟ་ཏང་གི་སྲིད་ཇུས་ནི་ཇེ་ཡག་ནས་ཇེ་ཡག་ཡིན་ལ་མང་ཚོགས་ཀྱི་འཚོ་བ་ཡང་ཉིན་རེ་བཞིན་ཇེ་ལེགས་ནས་ཇེ་ལེགས་སུ་འགྲོ་བཞིན་ཡོད། དེ་བས་རྗེས་ཕྱོགས་ཀྱི་འཚོ་བའི་ཁྲོད་དུ་འགལ་བའི་རྩོད་གླེང་གི་རིགས་ཇེ་ཉུང་དུ་འགྲོ་བའི་སྨོན་འདུན་ཞུ། དེ་ལྟར་ཡིན་ཚེ་ང་གཟུ་བ་འདི་ཡང་སེམས་བདེ་མོས་གཞི་ནས་ངལ་གསོ་བྱས་ཆོག སྐལ་བཟང་ཚེ་རིང་དགོད་བཞིན་དུ་དེ་ལྟར་བཤད།
རྩོམ་སྒྲིག་པ། གཡང་འབུམ་རྒྱལ།