ཆོས་འཕེལ་བཀྲ་ཤིས་ཀྱིས་རང་ནུས་གང་ཡོད་བཏོན་ཏེ་ཕ་ཡུལ་གྱི་བརླན་ས་སྲུང་སྐྱོབ་བྱས།
2019.01.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 45

དགུན་ཁའི་ཁ་བས་ཧི་ནན་རྫོང་གི་རི་ཀླུང་ཡོངས་སུ་གཡོགས་ཡོད། ཅུང་མ་འགོར་བའི་སྔོན་ལ“མཛེས་པའི་མཚོ་སྔོན་གྱི་ཆེས་མཛེས་པའི་བརླན་སའི་སྲུང་སྐྱོབ་དོ་དམ་མི་སྣ”རུ་བདམས་པའི་ཆོས་འཕེལ་བཀྲ་ཤིས་ཁ་བའི་ནང་དུ་རི་ཀླུང་བརྒལ་ཏེ་སྐོར་སྐྱོད་ཞིབ་བཤེར་བྱེད་དུ་བསྐྱོད་བཞིན་ཡོད། དབྱར་དགུན་སྟོན་དཔྱིད་མེད་པར་ནངས་སྔ་ལངས་དང་དགོང་འཕྱི་ཉལ་བྱས་ནས་ཉིན་མ་རེ་རེར་སྤྱི་ལེ་ཉི་ཤུ་ནས་སུམ་ཅུ་ཙམ་ལ་སོང་སྟེ། སྐྱེ་དངོས་སྣ་ཚོགས་ལ་ལྟ་ཞིབ་སྲུང་སྐྱོབ་དང་། ཀླུ་ཆུའི་འགོ་ཁུངས་ཀྱི་བརླན་སའི་འགྱུར་ལྡོག་ཟིན་བྲིས་སུ་འགོད་པ་བཅས་བྲེལ་འཚུབ་ཀྱི་བྱ་བའི་ཁྲོད་ནས་ཁོའི་སེམས་ཤུགས་ཡོད་ཚད་བརླན་ས་སྲུང་སྐྱོབ་ཀྱི་བྱ་བའི་སྟེང་འབུལ་བཞིན་ཡོད། ད་ལོ་ལོ་སོ་གཅིག་ཡིན་པའི་ཆོས་འཕེལ་བཀྲ་ཤིས་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་སོག་རིགས་རང་སྐྱོང་རྫོང་གསེར་ལུང་ཞང་སྒ་ཁེས་སྡེ་བ་ནས་སྐྱེས་པ་དང་། ཁོ་རང་ཆུང་དུས་ནས་ཀླུ་ཆུའི་འབྱུང་ཡུལ་གྱི་བརླན་སའི་འགྲམ་དུ་ནར་སོན་ལ། གནས་དེ་ནས་ཁོ་རང་ཆུང་དུས་རྩེད་མོ་རྩེད་ས་དང་ནར་སོན་རྗེས་ཁྱིམ་མི་རྣམས་འཚོ་རྟེན་དུ་གྱུར་བའི་ཕྱུགས་ར་བཟང་བོ་རེད།

2013ལོར། མཚོ་སྔོན་ཀླུ་ཆུའི་འབྱུང་ཡུལ་རྒྱལ་ཁབ་བརླན་སའི་སྤྱི་གླིང་ལ་རྒྱལ་ཁབ་ནགས་ལས་སྡེ་ཁག་གིས་མཆོག་མཆན་བཀོད་དེ་བཙུགས་པ་དང་། ཆོས་འཕེལ་བཀྲ་ཤིས་ཀྱིས་ཕྱུགས་ཟོག་ཚད་ལས་བརྒལ་ཏེ་འཚོས་ན་ཁོའི་ཁྱིམ་གཞིས་ལེགས་པོ་འདི་ལ་གནོད་པ་ཆེན་པོ་ཐེབས་ཡོང་བ་གསལ་བོར་ཤེས་ཡོད། སྒ་ཁེས་སྡེ་བའི་ཏང་ཀྲི་པུའུ་ཡི་འབོད་སྐུལ་འོག ཁོས་ཁྱིམ་མི་རྣམས་ལ་སྐུལ་མ་བྱས་ཏེ་རྒྱལ་ཁབ་ཀྱིས་རྩྭ་ལྟར་ཕྱུགས་གཏན་འཁེལ་བྱེད་པ་དང་། ཕྱུགས་ཟོག་ཇེ་ཉུང་དུ་བཏང་ནས་རྩྭ་ས་སླར་གསོ་བྱེད་པའི་སྲིད་ཇུས། དེ་མིན་ཚན་རིག་གི་གསོ་སྤེལ་གྱིས་སྲོལ་རྒྱུན་གྱི་གསོ་སྤེལ་བསྒྱུར་དགོས་པ་སོགས་ཡང་ཡང་བཤད་པས། ལོ་དེའི་སྟོན་ཁར་རང་འགུལ་སྒོས་ནོར་ལུག་ཇེ་ཉུང་དུ་བཏང་ནས་ཁྱིམ་གྱི་འཚོ་བའི་ཆེས་དམའ་བའི་ཆུ་ཚད་སྲུང་འཛིན་བྱེད་ཐུབ་པ་བྱས།

སྡེ་བའི་མི་མང་པོས་རྩྭ་ལྟར་ཕྱུགས་གཏན་འཁེལ་བྱེད་པ་དང་། ཕྱུགས་ཟོག་ཇེ་ཉུང་དུ་བཏང་ནས་རྩྭ་ས་སླར་གསོ་བྱེད་པའི་སྲིད་ཇུས་ལ་རྒྱབ་སྐྱོར་མི་བྱེད་པ་མཐོང་ཚེ། ཆོས་འཕེལ་བཀྲ་ཤིས་ཀྱིས་སེམས་སུ་བྲེལ་བ་ལངས་བཞིན་ཡོད། སྡེ་བའི་ཏང་ཀྲི་པུའུ་ཡི་སྲིད་ཇུས་དྲིལ་སྒྲོག་མི་སྣའི་འགན་ཁུར་ཏེ། ཁོམ་ལོང་རེ་ཡོད་ཚེ། ཏང་ཀྲི་པུའུ་ཡི་དཔེ་ཁང་དང་སྡེ་བའི་ཏང་ཀྲི་པུའུ་ཡི་ཁྱིམ། རྩྭ་སའི་དོ་དམ་ས་ཚིགས་ཀྱི་ལག་རྩལ་ཁང་བཅས་ནི་ཁོའི་ཁྱིམ་གསར་དུ་གྱུར་ཡོད།

དུས་ཡུན་ཅུང་ཙམ་འགོར་རྗེས། ཆོས་འཕེལ་བཀྲ་ཤིས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་མང་པོ་རྒྱུས་ལོན་བྱེད་ཐུབ་པ་བྱུང་བ་དང་། སྐྱེ་ཁམས་སྲུང་སྐྱོབ་ཀྱི་དོན་སྙིང་གསལ་བོར་རྟོགས་པ་མ་ཟད། ཕྱུགས་ཟོག་གསོ་སྤེལ་གྱི་ལག་རྩལ་ཡང་བསླབ། ཤེས་བྱ་དེ་དག་ལ་བརྟེན་ནས། ཁོས་ཞང་དུ་སྲིད་ཇུས་དྲིལ་སྒྲོག་དང་ལག་རྩལ་སློབ་ཁྲིད་བྱས་པས། ཆོས་འཕེལ་བཀྲ་ཤིས་དང་འདྲ་བའི་ཕུགས་བསམ་ཡོད་པའི་འབྲོག་པ་རྣམས་ཀྱི་འབད་བརྩོན་འོག སྒ་ཁེས་སྡེ་བའི་ཕྱུགས་ལྟར་རྩྭ་གཏན་འཁེལ་བྱེད་པ་དང་། ཕྱུགས་ཟོག་ཇེ་ཉུང་དུ་བཏང་སྟེ་རྩྭ་ས་སླར་གསོ་བྱེད་པའི་བྱ་བ་དེ་རྫོང་ཡོངས་ཀྱི་སྔོན་གྲས་སུ་སླེབས་ཡོད། ཀླུ་ཆུའི་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་ལ་རིམ་བཞིན་སླར་གསོ་ཐོབ། “ཀླུ་ཆུའི་འབྱུང་ཡུལ་བརླན་ས་ནི་ངའི་ཕ་ཡུལ་ཡིན་ལ། དེ་ལ་སྲུང་སྐྱོབ་དང་གཅེས་སྐྱོང་བྱེད་རྒྱུ་ནི་ངའི་ལྡོག་མེད་ཀྱི་འགན་འཁྲི་ཡིན”ཞེས་ཆོས་འཕེལ་བཀྲ་ཤིས་ཀྱིས་དེ་ལྟར་བཤད།

ཁོའི་བརླན་སའི་དོ་དམ་མི་སྣའི་ལས་འགན་ཁུར་བའི་ཚུན་ལ། 《བརླན་སའི་སྲུང་སྐྱོབ་སྲོལ་ཡིག》དྲིལ་སྒྲོག་སློབ་གསོའི་བྱ་བའི་གཙོ་གནད་དུ་འཛིན་བཞིན་ཡོད་ལ། བབ་ཆགས་པ་དང་གོ་བདེ་བའི་སྐད་ཆས་ཞང་གི་མང་ཚོགས་ལ་ཅི་ཞིག་སྒྲུབ་མི་རུང་བ་དང་ཅི་ཞིག་སྒྲུབ་དགོས་པ་བཤད་ཀྱིན་ཡོད། དེ་བས་ཁོས་འགན་ཁུར་བའི་ས་ཁོངས་སུ་ཤིང་སྡོང་གང་བྱུང་དུ་གཅོད་པ་དང་ཤིང་སྡོང་བརྐུ་བ། རི་སྐྱེས་རྩི་ཤིང་བསློག་པ། ཁྲིམས་འགལ་སྒོས་བྱ་རིགས་གསོད་པ་དང་། ས་རྒོད་སློག་པ། འབུད་ཤིང་འཐུ་བ། སོལ་བ་སྲེག་པ། རི་སྐྱེས་སྲོག་ཆགས་གང་འདོད་དུ་གསོད་པ་སོགས་བརླན་སའི་ཁོར་ཡུག་ལ་གཏོར་བརླག་བྱེད་པའི་བྱ་བ་གཅིག་ཀྱང་བྱུང་མ་མྱོང་།

《སྐྱེ་ཁམས་དོ་དམ་སྲུང་སྐྱོབ་མི་སྣའི་དོ་དམ་བྱེད་ཐབས》ལྟར། ཁོས་སྐོར་སྐྱོད་ཞིབ་བཤེར་བྱ་བ་གཟབ་ནན་སྒོས་སྒྲུབ་པ་དང་། དུས་ནམ་ཡང་རང་ཉིད་ལ་རེ་བ་ནན་མོ་བཏོན་ཏེ། ཚད་ལྡན་སྒོས་སྒྲིག་སྲོལ་ལམ་ལུགས་དང་བྱ་བའི་སྒྲིག་ལམ་བརྩི་སྲུང་བྱེད་བཞིན་ཡོད། སྐོར་སྐྱོད་ཞིབ་བཤེར་གྱི་ཐོ་འགོད་ཆ་ཚང་དང་གསལ་བོ་ཡིན་པ་ཁག་ཐེག་བྱེད་དགོས་པ་དང་། ཁོས་རང་འགུལ་སྒོས་རིག་གནས་ཤེས་བྱ་བསླབ་ཏེ། ནང་དོན་དྲང་བདེན་དང་བློ་གཏད་ཆོག་པ། དཀའ་ཁག་ལ་འཕྲད་ཚེ་ཁོས་དུས་ནམ་ཡང་སྔོན་ལ་ལས་བཞིན་ཡོད་པ་དང་། དཀའ་ཁག་དང་དཀའ་སྡུག་ལ་མ་འཛེམ་པར། བགྲོད་ལམ་མེད་པའི་གནས་སུ་རི་བརྒལ་ཏེ་འགྲོ་བ་རྒྱུན་ལྡན་དུ་གྱུར་ཡོད་ལ། དཀའ་ཁག་གང་ལ་ཡང་མ་འཛེམ་པར་བྱ་བ་གང་ཡིན་ཡང་མདུན་སྐྱོད་བྱེད་བཞིན་ཡོད།

2018ལོ་ནི་ཆོས་འཕེལ་བཀྲ་ཤིས་ལ་མཚོན་ན་ཆེས་དགའ་འོས་པའི་ལོ་ཞིག་རེད། ཁོས་སྐོར་སྐྱོད་ཞིབ་བཤེར་གྱི་བྱ་བའི་གྲུབ་འབྲས་འབུར་ཐོན་ཡིན་པས། ཀླུ་ཆུའི་འབྱུང་ཡུལ་རྒྱལ་ཁབ་བརླན་སའི་སྤྱི་གླིང་དོ་དམ་ཅུའུ་ཡིས“མཛེས་སྡུག་གི་མཚོ་སྔོན་གྱི་ཆེས་མཛེས་པའི་བརླན་སའི་དོ་དམ་མི་སྣ”རུ་བདམས། དེ་ལས་ཀྱང་གལ་ཆེ་བ་ནི་ཧི་ནན་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་འབད་བརྩོན་འོག ཀླུ་ཆུའི་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་གཞི་ཁྱོན་ཐོག་མར་ཆགས་པ་མ་ཟད། རྒྱལ་ཁབ་ཀྱི་ཞིབ་བཤེར་རྩིས་ལེན་བྱས་ཏེ་ལེགས་འགྲུབ་བྱུང་། ཁོས་དུས་རྒྱུན་དགའ་སྤྲོའི་སེམས་ཁམས་ཀྱིས་ཉེ་འགྲམ་གྱི་མི་རྣམས་ལ་བཤད་རྒྱུར། “ཀླུ་ཆུའི་འབྱུང་ཡུལ་རྒྱལ་ཁབ་བརླན་སའི་སྤྱི་གླིང་ནི་ང་ཚོའི་ཆེས་རྩ་ཆེ་བའི་དངོས་པོ་ཡིན་ལ། དེ་ལ་སྲུང་སྐྱོབ་བྱེད་རྒྱུ་ནི་ང་ཚོའི་ཆེས་གལ་ཆེ་བའི་འགན་འཁྲི་རེད”ཟེར།

མཚོ་སྔོན་ཀླུ་ཆུའི་འབྱུང་ཡུལ་རྒྱལ་ཁབ་བརླན་སའི་སྤྱི་གླིང་དེ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་སོག་རིགས་རང་སྐྱོང་རྫོང་གསེར་ལུང་ཞང་དུ་གནས་ཡོད་པ་དང་། མདོ་དབུས་མཐོ་སྒང་གི་མཐོ་འཁྱག་བརླན་སའི་སྐྱེ་ཁམས་མ་ལག་གི་དཔེ་མཚོན་ཚབ་བྱེད་རེད། བརླན་སའི་སྤྱི་གླིང་གི་འཆར་འགོད་སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིངས་ཁྲི་གསུམ་དང་སྟོང་བརྒྱད་སུམ་བརྒྱ་གོ་གསུམ་ཡོད་པ་དང་། གནས་དེ་རུ་མི་དང་རང་བྱུང་འཆམ་མཐུན་མཉམ་གནས་དང་། བརླན་སའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་རྨང་གཞིའི་སྟེང་། ས་གནས་ཀྱི་འབྲོག་པ་མང་ཚོགས་ཀྱི་ཡོང་སྒོ་མངོན་གསལ་སྒོས་ཇེ་མཐོར་འགྲོ་བའི་དམིགས་འབེན་མངོན་འགྱུར་བྱས།

ལོ་ཙཱ་བ། ཤ་བོ་རིན་མཚོ།