མཚོ་སྔོན་པོའི་འགྲམ་དུ་རི་དྭགས་དགོ་བའི་གླིང་ག་ཞིག་ཡོད།
2019.02.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 67

ཉིས་སྟོང་བརྒྱད་ལོར་རི་དྭགས་དགོ་བ་བཅུ་བཞི་ཡོད་པ་དེ་ཉིས་སྟོང་བཅོ་བརྒྱད་ལོར་བརྒྱ་དང་བརྒྱད་ལ་འཕར་འདུག ཆོས་སྐྱོང་རྒྱལ་གྱིས་གསོ་སྐྱོང་བྱས་པའི་རི་དྭགས་དགོ་བ་རྣམས་ཕལ་ཆེར་ལྡབ་བརྒྱད་ཀྱིས་ཇེ་མང་ལ་སོང་འདུག  ལོ་ངོ་བཅུའི་དུས་ཡུན་ནང་དུ། རི་དྭགས་དགོ་བ་དེ་དག་གསོ་སྐྱོང་བྱས་པས་སྔོན་ཆད་ས་གནས་དེ་རུ་འབྱོར་ཕྱུག་ལྡན་པའི་ཆོས་སྐྱོང་རྒྱལ་ཚང་ད་ལྟ་གཞི་ནས་དབུལ་བོ་དབུལ་ནག་ཏུ་གྱུར་འདུག ཕོ་ལོ་སོ་ལྔ་ནས་ཞེ་ལྔའི་བར་དུ་བོད་རིགས་གསར་བུ་དེས་མཚོ་སྔོན་པོའི་འགྲམ་གྱི་རྩྭ་ས་མུའུ་ཁྲི་གཅིག་གི་སྟེང་དུ་རི་དྭགས་དགོ་བ་སྲུང་སྐྱོབ་བྱས་པ་དང་། ཁོས་སེམས་ཞིབ་མོས་བདག་སྐྱོང་འོག རི་དྭགས་དགོ་བ་དེ་དག་སྐྱེ་འཕེལ་དང་འཚར་ལོངས་བྱུང་། ཆོས་སྐྱོང་རྒྱལ་གྱིས་ཐ་ན་རང་གི་རྒྱུ་ནོར་ཡོད་ཚད་དེ་སྒོར་མོ་ས་ཡ་གཅིག་དང་འབུམ་བརྒྱད་ཡོད་པ་ཚང་མ་ཁོ་རང་ལ་དཔལ་འབྱོར་གྱི་ཡོང་སྒོ་ཅི་ཡང་མེད་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བྱེད་པའི་ལས་དོན་གྱི་ཐད་དུ་བཏང་ཟིན་ནའང་། ཁོ་ལ་འགྱོད་སེམས་ཅི་ཡང་མེད་ཁར་རི་དྭགས་དགོ་བ་སྲུང་སྐྱོབ་བྱེད་པའི་ཐོག་མའི་སེམས་འདུན་ལ་འགྱུར་བ་ཅི་ཡང་མེད།

རི་དྭགས་དགོ་བར་བརྩེ་སེམས་སྦྲེལ།

མི་གཞན་གྱི་མིག་ནང་དུ་ཆོས་སྐྱོང་རྒྱལ་གྱི་བྱ་བ་དེ་ནི་གླེན་པའི་ལས་ཀ་ཙམ་དུ་ཟད་ནའང་ཁོས་ནམ་ཡང་རང་གིས་བསྒྲུབས་པའི་བྱ་བ་དེ་མི་འགྲིག་པ་ཞིག་ཏུ་གཏན་ནས་འདོད་ཀྱི་མེད།

ཆོས་སྐྱོང་རྒྱལ་གྱིས་གསར་འགོད་པར་བཤད་རྒྱུར། ང་རང་ཆུང་ངུའི་དུས་སུ་ངའི་སྤོ་བོས་རྨས་སྐྱོན་ཕོག་པའི་དགོ་ཕྲུག་ཅིག་རང་ཁྱིམ་གྱི་ལུག་ཁྱིའི་གྲས་སུ་བཅུག་ནས་གསོ་སྐྱོང་བྱས་པ་རེད། རྗེས་སུ་ཁྱིམ་གྱི་ལུག་ཇེ་མང་ནས་ཇེ་མང་དུ་འཕེལ་ཞིང་སྤོ་བོས་བཤད་པ་ལྟར་ན། རི་དྭགས་དགོ་བར་གཡང་འཁོར་བས་འདི་ནི་དགོ་ཕྲུག་དེ་གསོ་སྐྱོང་ལེགས་པོ་བྱས་པའི་འབྲས་བུ་རེད་ཟེར། དུས་དེ་ནས་བཟུང་ཆོས་སྐྱོང་རྒྱལ་དང་རི་དྭགས་དགོ་བའི་བར་དུ་འབྲལ་ཐབས་མེད་པའི་ལས་འབྲེལ་དམ་པོ་བྱུང་བ་རེད།  ཆུང་ངུའི་དུས་ནམ་རྒྱུན་དུ་རི་དྭགས་དགོ་བ་ཁྱུ་དང་ཁྱུ་བྱས་ནས་མཆོང་རྒྱུག་བྱེད་པ་མཐོང་ཐུབ། ཕྱིས་སུ་རི་དྭགས་དགོ་བ་དེ་དག་ཉེན་ཁའི་གནས་སུ་གྱར་བ་རེད། རྒྱུ་མཚན་ནི་འབྲོག་པ་རྣམས་ལ་རང་རང་གི་རྩྭ་ས་ཡོད་པ་དང་རྩྭ་སའི་སྟེང་དུ་རང་གི་ལུག་འཚོ་སྐྱོང་བྱེད་པ་དང་། རི་དྭགས་དགོ་བ་རང་གི་རྩྭ་རའི་ནང་ཡོང་མི་ཐུབ་པ་བྱེད་ཆེད་ལྕགས་ར་མཐོན་པོ་འཐེན་པ་དེས་རི་དྭགས་དགོ་བའི་རིགས་ཀྱིས་གཟན་རྩྭ་བཟའ་བའི་བར་སྟོང་ལ་ཚོད་འཛིན་ནན་མོ་ཐེབས་པ་རེད། སྙིང་རྗེ་བའི་རི་དྭགས་དགོ་བ་དེ་དག་དྭ་ཕྲུག་བཞིན་འཁྱམ་ནས་འགྲོ་བ་མཐོང་ཚེ། ཆོས་སྐྱོང་རྒྱལ་གྱིས་རང་དབང་མེད་པར་སྙིང་རྗེ་ཤོར་ཞིང་། ཁོ་དང་ལྷ་དཔལ་ཚེ་རིང་གཉིས་ཀྱིས་རི་དྭགས་དགོ་བ་དེ་དག་ལ་སྲུང་སྐྱོབ་བྱེད་རྒྱུའི་ཐད་ལ་གྲོས་མོལ་བྱས་པ་རེད།

རྩྭ་ས་མུའུ་ཁྲི་ལྷག་གླས་ནས་རི་དྭགས་དགོ་བར་ཁྱིམ་གཞིས་བསྐྲུན།

ཉིས་སྟོང་བརྒྱད་ལོ་ནས་མགོ་བརྩམས་ཏེ། ཆོས་སྐྱོང་རྒྱལ་གྱིས་རང་ཁྱིམ་གྱི་རྩྭ་ས་མུའུ་བདུན་བརྒྱ་ཡོད་པ་ཚང་མའི་སྟེང་དུ་རི་དྭགས་དགོ་བ་འཚོ་སྡོད་བྱེད་དུ་བཅུག  དེ་ལྟར་རི་དྭགས་དགོ་བའི་གྲངས་ཀ་ཇེ་མང་དུ་སོང་བ་དང་བསྟུན་ནས། ཆོས་སྐྱོང་རྒྱལ་གྱིས་ཉེ་འགྲམ་གྱི་འབྲོག་པ་རྣམས་ཀྱི་རྩྭ་ས་གླ་མགོ་བརྩམས་ཤིང་། ཚད་མཐོན་པོའི་སྒོ་ནས་རི་དྭགས་དགོ་བ་ལ་བདེ་འཇགས་ཀྱི་འཚོ་སྡོད་བྱེད་སའི་ཁོར་ཡུག་ཅིག་བསྐྲུན། ཉིས་སྟོང་བཅོ་བརྒྱད་ལོར་ཐོན་དུས། གཞི་ནས་རྩྭ་ས་མུའུ་ཁྲི་གཅིག་ལྷག་གླས་ནས་རི་དྭགས་དགོ་བ་གསོ་སྐྱོང་བྱེད་བཞིན་ཡོད། རི་དྭགས་དགོ་བ་བརྒྱ་དང་བརྒྱད་ཙམ་ལ་རྩྭ་ས་མུའུ་ཁྲི་གཅིག་དགོས་སམ།  ཆོས་སྐྱོང་རྒྱལ་གྱིས་གསར་འགོད་པར་བཤད་རྒྱུར། རི་དྭགས་དགོ་བ་ནི་མཐོ་སྒང་གི་སྤྱང་གྲུང་ལྡན་པའི་རི་དྭགས་ཤིག་ཡིན་ཞིང་ཁོ་ཚོ་འགུལ་སྐྱོད་བྱེད་རྒྱུར་ཤིན་ཏུ་དགའ། དེ་བས་ཁོ་ཚོ་ནོར་ལུག་དང་འདྲ་བར་རར་བཅུག་ན་མི་རུང་སྟེ། མཆོང་ལྡིང་བྱེད་རྒྱུར་དགའ་བ་ནི་ཁོ་ཚོའི་རང་གཤིས་སུ་གྲུབ་པས་འགུལ་སྐྱོད་བྱེད་པའི་ཁོར་ཡུག་གུ་དོག་ཚེ་ཁོ་ཚོའི་འཚར་ལོངས་དང་སྐྱེ་སྟོབས་ལ་གནོད་པ་ཐེབས་ཀྱི་ཡོད། དེ་ལས་ཀྱང་ལྷག་པ་ནི་རི་དྭགས་དགོ་བ་ནི་གཟན་རྩྭ་ལེགས་པོ་བཟའ་རྒྱུར་དགའ་ཞིང་། རྩྭ་ལྗང་དང་མྱུ་གུ་གསར་བ་བཟའ་རྒྱུར་ཤིན་ཏུ་དགའ། མཚོ་སྔོན་པོའི་འགྲམ་རྒྱུད་དུ་སྐྱེས་པའི་རི་སྒོག་ནི་རི་དྭགས་དགོ་བ་རྣམས་བཟའ་རྒྱུར་ཤིན་ཏུ་དགའ་ལ།  རི་དྭགས་དགོ་བ་རྣམས་མཚོ་སྔོན་པོའི་འགྲམ་དུ་འདུས་སྡོད་བྱེད་རྒྱུར་དགའ་བའི་རྒྱུ་རྐྱེན་ཡང་དེ་རེད།

རྩྭ་ས་མུའུ་ཁྲི་གཅིག་དེ་ནི་ཁྱིམ་ཚང་ལྔ་བཅུ་ལྷག་གི་རྩྭ་ས་གླས་པ་ཡིན་ལ་དེར་གླ་ཡོན་ལ་རྩྭ་ས་མུའུ་གང་ལ་སྒོར་མོ་བཞི་ཅུ་ཞེ་ལྔ་ཙམ་སྟེར་དགོས། ལོ་རེར་བཞིན་དུ་ཆོས་སྐྱོང་རྒྱལ་གྱིས་ཁྱིམ་ཚང་རེ་རེ་ལ་གྲོས་མོལ་བྱས་ནས་མཉམ་ལས་ཡི་གེ་འབྲི་དགོས་པ་དང་། རྗེས་སུ་རེ་རེ་བཞིན་སྒོར་མོ་ཉུང་ཙམ་ཉུང་ཙམ་བྱས་ནས་འཚོལ་ཐབས་བྱེད་དགོས། ཆོས་སྐྱོང་རྒྱལ་ཚང་ལ་སྔོན་ཆད་ལུག་བདུན་བརྒྱ་ལྷག་ཡོད་ནའང་ལོ་རེ་རེར་ལུག་ཁྱུ་རེ་བྱས་ནས་ཕྱིར་བཙོངས་པས་ཡོངས་སུ་བཙོངས་ཚར་སོང་། སྒོར་མོ་དེ་དག་ཚང་མ་རི་དྭགས་དགོ་བར་རྩྭ་ས་གླས་པའི་ཐད་དུ་བཏང་པ་རེད། རྩྭ་སའི་ཕན་ནས་ཆོས་སྐྱོང་རྒྱལ་ཁོ་ལ་ཞིང་ས་མུའུ་བརྒྱ་དང་ལྔ་བཅུ་ཡོད། སྤྱིར་ན་དེའི་སྟེང་དུ་ནས་དང་ལོག་དཀར་འདེབས་ཆོག་པས་ལོ་རེར་སྒོར་མོ་ཁྲི་བདུན་ནས་བརྒྱད་ཙམ་གྱི་ཡོང་སྒོ་ཡོད་མོད། ཆོས་སྐྱོང་རྒྱལ་གྱིས་ཞིང་ས་དེ་ཡང་རི་དྭགས་དགོ་བ་འཚོ་སྡོད་བྱེད་སར་བཏང་ཡོད་པ་རེད། མཐོ་སྒང་དུ་དགུན་འཁྱགས་ཀྱི་དུས་ཡུན་རིང་ཞིང་ལྷག་པར་དུ་ཁ་བ་འབབ་པའི་དུས་སུ་རི་དྭགས་དགོ་བའི་གཟན་རྩྭར་དཀའ་ཁག་ཆེ། གནས་ཚུལ་དེའི་སྐོར་ལ་བསམ་བློ་མང་པོ་བཏང་མཐར། ཆོས་སྐྱོང་རྒྱལ་གྱིས་རང་གི་ཞིང་སའི་སྟེང་དུ་ཡུག་རྩྭ་བཏབ་ནས་དགུན་ཁར་རི་དྭགས་དགོ་བའི་གཟན་ཆས་བྱས། དེ་ལྟར་བྱས་པས་ཁོ་ལ་ཡོང་འབབ་ཅི་ཡང་མེད་པར་གྱུར་བར་མ་ཟད། དཔྱིད་ཀར་ཡུག་རྩྭ་འདེབས་མཁན་དང་སྟོན་ཁར་ཡུག་རྩྭའབྲེག་སྡུད་བྱེད་མཁན་སོགས་ཀྱང་གཞན་ནས་གླ་དགོས་པས་ཆོས་སྐྱོང་རྒྱལ་ལ་མཚོན་ན་སྔར་ལས་ལྷག་པའི་དཀའ་ཁག་ཆེན་པོར་འཕྲད།

རི་དྭགས་དགོ་བར་རང་གི་བྱིས་པ་བཞིན་དུ་གཅེས།

ཆོས་སྐྱོང་རྒྱལ་གྱིས་རང་གི་བྱིས་པར་གཅེས་སྐྱོང་བྱེད་པ་ནང་བཞིན་རི་དྭགས་དགོ་བ་དེ་དག་ལ་གཅེས་སྐྱོང་བྱེད་ཀྱི་ཡོད། དགོ་བ་དེ་དག་དུས་ནམ་ཞིག་ལ་རྩེབས་པ་དང་ཁོ་ཚོས་ནམ་ཞིག་ལ་དགོད་ཕྲུག་རྩེབས་པ་སོགས་དོན་དག་ཚང་མ་ཁོས་གཅིག་གཅིག་གཉིས་གཉིས་བྱས་ཏེ་གསལ་བོར་ཤེས། ལོ་རེ་རེའི་ཟླ་བཅུ་བའི་ཟླ་སྨད་ནས་ཟླ་གཉིས་པའི་ཟླ་སྟོད་བར་ནི་ཆུ་ལ་འགྲམ་དར་ཆགས་པའི་དུས་རེད། རི་དྭགས་དགོ་བ་དེ་དག་གིས་དགུན་ཁར་ཆུ་འཐུང་ཐུབ་པའི་ཆེད་དུ་ཆོས་སྐྱོང་རྒྱལ་དང་རང་འདུན་པ་སྐོར་ཞིག་གིས་ཉིན་རྒྱུན་དུ་ཅ་ལག་དང་སྤྱོད་ཆས་དག་བཟུང་སྟེ། གྲང་ངར་ལ་མི་འཛེམས་པར་ལེ་དབར་བཅུ་ལྷག་གི་ས་མཚམས་སུ་རྐང་ཐང་དུ་སོང་ནས། རྩྭ་སའི་ཉེ་འགྲམ་གྱི་ཆུ་མགོ་ནས་ཆུ་ཁུར་ཏེ། རི་དྭགས་དགོ་བ་དག་གིས་དགུན་དུས་ཀྱང་ཆུ་འཐུང་ཐུབ་པར་བྱས། མཐོ་སྒང་གི་དགུན་དུས་སུ་ཤིན་ཏུ་འཁྱགས་དུས་དྲོད་གྲང་གོར་ཐིག་མན་གྱི་ཏུའུ་གྲངས་སུམ་ཅུ་ཡིན་ཞིང་དགུན་དུས་ནི་ལོ་གཅིག་གི་ཕྱེད་ཀ་ནང་བཞིན་རིང་། ཡིན་ནའང་ཆོས་སྐྱོང་རྒྱལ་དང་རང་འདུན་པ་དེ་དག་གིས་བྱ་བ་དེ་ཉིན་རྒྱུན་ལྟར་ལྷོད་གཡེང་གཏན་ནས་བྱེད་ཀྱི་མེད།

ལོ་རེར་བཞིན་ཟླ་ལྔ་བ་ནས་བརྒྱད་པའི་བར་ནི། རི་དག་དགོ་བ་རྩེབས་པའི་དུས་ཡིན་ཞིང་། ཆོས་སྐྱོང་རྒྱལ་ལ་མཚོན་ན་ཤིན་ཏུ་སེམས་ཁྲལ་ཆེ་བའི་དུས་སྐབས་ཤིག་ཀྱང་ཡིན།  སྐབས་དེར་རི་དྭགས་དགོ་བ་ནི་དོགས་ཟོན་དང་བག་འཁུམ་པའི་དུས་སྐབས་ཤིག་ཡིན་པས་སྔར་ལས་ཀྱང་སེམས་ཞིབ་མོས་སྲུང་སྐྱོང་དང་བདག་སྐྱོང་བྱེད་དགོས། དགོ་ཕྲུག་རྩེབས་པའི་ཉིན་དེ་དག་གི་ནང་དུ་ཆོས་སྐྱོང་རྒྱལ་གྱིས་གོ་རེ་དང་སྟབས་བདེ་ཐུག་པ་ཁྱེར་ནས་རྩྭ་རའི་ནང་དུ་སྐོར་ཞིབ་བྱེད་བཞིན་ཡོད། དུས་རྒྱུན་དུ་ཡང་ཁོ་ཚོས་སྐོར་ཞིབ་བྱེད་བཞིན་ཡོད་དེ། དེ་ལྟར་མ་བྱས་ཚེ་རི་དྭགས་དགོ་བ་སྤྱང་ཀིས་གསོད་པ་དང་ཕར་སྤྱང་གིས་འཇབ་རྒོད་བྱེད་པ། རྨས་སྐྱོན་འབྱུང་བ་སོགས་ཀྱི་དོན་དག་འབྱུང་ཉེན་ཆེ། མཚམས་ལན་རེར་ཁོ་ཚོ་ཆར་བ་འབབ་པ་དང་འཕྲད་ནས་ཆུ་རྒྱས་ཚེ། ཆུ་ལ་བརྒལ་བར་དཀའ་བས་ཁོ་ཚོས་ཆུ་འགྲམ་ནས་རས་གུར་བརྒྱབ་སྟེ་འདུག་དགོས་པ་དང་ཆུ་བྲི་རྗེས་ད་གཟོད་སྐོར་ཞིབ་ཏུ་འགྲོ་བཞིན་ཡོད་པ་རེད།

རྨས་སྐྱོན་ཕོག་པ་དང་ནད་བྱུང་ཡོད་པའི་རི་དྭགས་དགོ་བར་འཕྲད་ཚེ་ཆོས་སྐྱོང་རྒྱལ་གྱིས་དེ་དག་རང་ཁྱིམ་དུ་ཁྱེར་ཡོང་ནས་བདག་སྐྱོང་བཟང་བོ་བྱེད་བཞིན་ཡོད་པ་དང་། དགོ་བ་དེ་དག་གི་རྨས་སྐྱོན་སངས་དྲག་ཏུ་སོང་རྗེས་ད་གཟོད་ཁོ་ཚོ་སླར་ཡང་རྩྭ་རའི་ནང་གཏོང་བཞིན་ཡོད་པ་རེད། ལོ་ངོ་བཅུའི་ནང་དུ་ཁོས་རང་ཁྱིམ་དུ་ཁྱེར་ཡོང་ནས་གཉོར་སྐྱོང་བྱས་པའི་རི་དྭགས་དགོ་བ་སུམ་ཅུ་སོ་དྲུག་ལ་འབུད།

རི་དྭགས་དགོ་བར་སྔར་ལས་ལྷག་པའི་མ་འོངས་པ་ཞིག་ཡོད་པར་རེ་སྒུག་བྱེད།

རི་དྭགས་དགོ་བ་ཇེ་མང་དུ་སོང་བ་དང་བསྟུན་ནས་ང་ཚོ་མི་རེ་འགའི་སྟོབས་ཤུགས་ལ་བརྟེན་ན་ཧ་ཅང་དཀའ་ཁག་ཆེ་བ་ཞིག་རེད། ང་རང་ལ་ད་ལྟ་རེ་འདུན་ཆེན་པོ་ཞིག་ཡོད་པ་ནི་རི་དྭགས་དགོ་བ་འདི་དག་ལ་དབང་བའི་རྩྭ་ས་ཞིག་ཡོད་རྒྱུ་དེ་ཡིན། དེ་ལྟར་ཡིན་ཚེ་རི་དྭགས་དགོ་བ་དེ་དག་གིས་རང་དབང་སྒོས་རྩྭ་ཆུར་རོལ་བ་དང་རང་དབང་སྒོས་ཕར་རྒྱུག་ཚུར་རྒྱུག་བྱས་ཆོག མི་མང་པོ་ཞིག་གིས་ངས་སྒྲུབ་བཞིན་པའི་བྱ་བ་འདི་ལ་འདང་དཔོག་གི་མི་འདུག་པ་དང་། ངས་བསྒྲུབས་པའི་བྱ་བ་དེ་དག་ལ་རིན་ཐང་ཅི་ཡང་མེད་པར་སེམས་བཞིན་འདུག ཡིན་ནའང་ངས་རི་དྭགས་དགོ་བ་དེ་དག་སེམས་ནས་དོར་ཐབས་མི་འདུག

རྩྭ་སའི་ཕན་ནས་ཆོས་སྐྱོང་རྒྱལ་གྱིས་ད་དུང་རང་གི་ཁྱིམ་ཚང་ལ་བདག་སྐྱོང་བྱེད་དགོས་པ་རེད། ཁོ་ལ་བྱིས་པ་གསུམ་ཡོད་པ་ལས་ཆེ་བ་དེ་བྱ་བར་ཞུགས་ཡོད་པ་དང་། ཅིག་ཤོས་དེ་གཉིས་ཀྱིས་སོ་སོར་པེ་ཅིན་དང་ཟི་ལིང་ན་སློབ་ཆེན་འགྲིམ་བཞིན་ཡོད་པས་ཁྱིམ་ཚང་གི་འགན་ཁུར་ཡང་ཤིན་ཏུ་ལྕི། དེ་འདྲ་ཞིག་ཡིན་སྲིད་ནའང་ཁོས་སྔོན་ནས་ད་ལྟའི་བར་དུ་རི་དྭགས་དགོ་བ་སྲུང་སྐྱོབ་བྱེད་པའི་བྱ་བ་དེ་དོར་བའི་བསམ་བློ་གཏན་ནས་སྐྱེས་མྱོང་། ཁོས་དུས་དང་རྣམ་པ་ཀུན་ཏུ་ལག་ཏུ་རྒྱང་མཐོང་ཞིག་བཟུང་ཡོད་པ་དང་། དེ་ནི་ཁོས་རྩྭ་རའི་གནས་ཚུལ་དང་རི་དྭགས་དགོ་བའི་འགུལ་སྐྱོད་ལ་ལྟ་རྟོག་བྱེད་སྤྱད་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཤད་རྒྱུར། མཚོ་སྔོན་གྱི་ཆེས་ཆེ་བའི་རིན་ཐང་ནི་ནན་ཏིག་ཏིག་སྒོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བཟང་བོ་བྱེད་རྒྱུ་དེ་རེད། ལོ་འདི་འགའི་རིང་ལ་ངའི་བསམ་ཚུལ་ཞིག་ལ་ཀུན་གྱིས་སྐྱེ་ཁམས་སྲུང་སྐྱོབ་དང་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བྱེད་པའི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་འགྲོ་བཞིན་ཡོད་པ་དང་། ང་རང་གིས་ཀྱང་དོན་སྙིང་ལྡན་པའི་བྱ་བ་ཞིག་བསྒྲུབས་འདུག་པའི་འདུ་ཤེས་སྐྱེས་བཞིན་ཡོད། ནམ་རྒྱུན་དཀའ་ཁག་ལ་འཕྲད་པའི་ཚེ་ན། ངས་རྒྱང་མཐོང་ལ་བརྟེན་ནས་རྒྱང་རིང་གི་རྩྭ་ཐང་ན་ངང་གིས་ཡན་བཞིན་པའི་རི་དྭགས་དགོ་བ་དེ་དག་ལ་ལྟ་དུས། ངས་རྒྱུན་འཁྱོངས་ཀྱི་སྒུལ་ཤུགས་དང་མ་འོངས་པའི་རེ་བ་མཐོང་ཐུབ་པ་འདྲ་བྱུང་།

ཆོས་སྐྱོང་རྒྱལ་མི་གཅིག་གི་སྟོབས་ཤུགས་ལ་བརྟེན་ནས་རྩྭ་ས་མུའུ་ཁྲི་གཅིག་དང་རི་དྭགས་དགོ་བ་བརྒྱ་དང་བརྒྱད་སྲུང་སྐྱོབ་བྱེད་པའི་བྱ་བ་དེ་ད་དུང་དུས་ཡུན་ག་ཚོད་ཅིག་ལ་རྒྱུན་བསྲིང་ཐུབ་བམ། ང་ཚོས་སྔར་ལས་བཟང་བོའི་སྲིད་ཇུས་ཀྱིས་རྒྱབ་སྐྱོར་དང་རང་འདུན་པ་སྔར་ལས་མང་པོ་ཞིག་མཉམ་དུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་རི་དྭགས་དགོ་བ་སྲུང་སྐྱོབ་བྱེད་པའི་གྲས་སུ་ཞུགས་པར་རེ་སྒུག་བྱེད་བཞིན་ཡོད།

                                                                                                                 ལོ་ཙཱ་བ། གཡང་འབུམ་རྒྱལ།