“པེ་ཅིན་པ”ཞིག་གི་གྱེས་བྲལ་དང་ཕྱིར་ལྡོག
2019.02.25 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 79

1992ལོར་ཚེ་རིང་དོན་འགྲུབ་ཐོག་དང་པོར་རྒྱལ་ས་པེ་ཅིན་དུ་འབྱོར་ཞིང་། ལོ་དེར་ཁོ་རང་ལོ་ན20ལ་སོན་པ་ཙམ་རེད། རླངས་འཁོར་དང་མི་ཚོགས་ཀྱི་འདུ་འཛི་རྒོད་པའི་མིག་མདུན་གྱི་གྲོང་ཁྱེར་དེ་མཐོང་བའི་མོད་ལ། ཁོར་སྨྲ་མི་ཤེས་པའི་སྤྲོ་སྣང་ཞིག་དང་གསར་སྣང་ཞིག ངོ་མཚར་ཞིག་ཅིག་ཅར་དུ་སྐྱེས་ཤིང་། གནས་འདི་རུ་ཅིས་ཀྱང་རྒྱལ་ཁའི་འབྲས་བུ་ཞིག་ལེན་པར་བརྩོན་དགོས་ཞེས་རང་སེམས་ལ་རྡོ་བརྐོས་རི་མོ་བཞིན་གྱི་དམ་བཅའ་ཞིག་ཀྱང་བཞག་སོང་།

2017ལོར། ཁྲི་ཀ་རྫོང་བཟོ་ལས་གླིང་ཁུལ་ཨང་དགུ་པའི་ཙོང་ཁ་བོད་སྨན་ཁང་ཞེས་པ་དངོས་སུ་ལེགས་འགྲུབ་བྱུང་ཞིང་། ཚེ་རིང་དོན་འགྲུབ་སྨན་ཁང་གི་སྒོ་ཁར་འགྲེངས་པའི་དུས་སྐབས་དེར། ཡང་བསྐྱར་མི་ལོཉི་ཤུའི་ཡར་སྔོན་རྒྱལ་ས་པེ་ཅིན་དུ་འབྱོར་བ་ལྟ་བུའི་སྣང་བ་ཞིག་དབང་མེད་དུ་སྐྱེས་ཤིང་ཡིད་སེམས་དབང་མེད་འགུལ།

དང་ཐོག་རྒྱང་རིང་ལ་སྨོན་པ་ཚད་མེད་བཅངས་པ་ནས་ད་ལྟ་ཕ་ཡུལ་ལ་རེ་ལྟོས་ཚད་མེད་བཟུང་ཡོད་པ་སྟེ། ཚེ་རིང་དོན་འགྲུབ་ལ་མཚོན་ན་མི་ཚེ་ཞེས་པ་ནི“ཕ་ཡུལ་ལ་ཕྱིར་ལྡོག་པ”ལྟ་བུའི་དེ་འདྲའི་སྟབས་བདེ་དང་སླ་མོ་ཞིག་མ་རེད།

ཚེ་རིང་དོན་འགྲུབ་ནི1972ལོར་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་ཀ་རིང་ཞང་སྟོང་སྐོར་ཐང་ནག་རྒྱ་སྡེ་བའི་ཞིང་ཁྱིམ་དཀྱུས་མ་ཞིག་ཏུ་སྐྱེས་ཤིང་། ཁོ་རང་ལོ་ན་ཆུང་དུས་ཕ་མ་གཉིས་ཀ་གཅིག་འཕྲོར་གཅིག་ཚེ་ལས་འདས་པས། ལོ་ན་རྒས་པའི་སྤོ་བོ་དང་ཨ་ཅེ་ལྔ་བོས་ཁོ་རང་གཉོར་སྐྱོང་བྱས་ནས་འཚར་ལོངས་བྱུང་བ་རེད།

“ང་རང་སློབ་སྦྱོང་ལ་དགའ་བ་དང་། དཔེ་ཆ་བལྟ་རྒྱུར་ཧ་ཅང་དགའ།”ཡིན་ཡང་མགོ་ནག་སྐྱིད་སྡུག་གནམ་གྱི་ལག་ཅེས་པ་བཞིན། སློབ་ཆུང་ལོ་རིམ་གཉིས་པ་འགྲིམས་ཚར་རྗེས། ཁྱིམ་ཚང་ཧ་ཅང་དབུལ་བའི་རྐྱེན་གྱིས་ཚེ་རིང་དོན་འགྲུབ་སློབ་གྲྭ་དང་ཁ་བྲལ་ཏེ་ཕྱིར་ཁྱིམ་དུ་ལོག་ནས་གཉེན་ཉེ་ཚང་གི་ལུག་འཚོ་རོགས་བྱས།

མི་ནི་སློབ་ཁང་དང་བྲལ་ནའང་ཁོའི་སེམས་པ་དེ་ནམ་ཡང་སློབ་གྲྭར་ལུས་ཡོད། ཁོས་ནམ་རྒྱུན“འདི་ལྟར་འགྲོ་མི་རུང་། ངས་ངེས་པར་དཔེ་ཆ་འདོན་དགོས”ཞེས་རང་གིས་རང་ལ་དེ་ལྟར་སྨྲས་ཤིང་། སྐབས་དེར་ཁོ་རང་ལོ་ན་བཅུ་ལ་སོན་པ་ཙམ་ཡིན། ཁོས་རང་སྡེ་བའི་མཐོ་རིམ་འཛིན་གྲྭའི་སློབ་མ་བཙལ་ཏེ་ཁོ་ཚོའི་ལག་ནས་དཔེ་ཆ་ལྷག་མ་རྣམས་འཁྱེར་ཡོང་བ་དང་། དཔེ་ཆ་ལྷག་མ་དེ་རྣམས་ལག་ཏུ་རེག་པ་ནི་གཅེས་ནོར་ཞིག་ལག་ཏུ་རེག་པ་བཞིན་བྲང་ཁར་གླན་ནས་དགའ་བ་འབུམ་གྱིས་མྱོས་མྱོང་། ཉིན་རྒྱུན་གྱི་ཕྱུགས་འཚོ་བའི་དུས་སྐབས་ནི་ཁོའི“རང་སྦྱོང་སློབ་ཁྲིད”ཀྱི་དུས་སྐབས་སུ་གྱུར་ཅིང་། དེ་ལྟར་ལོ་འགའ་ལ་རང་སྦྱོང་བྱས་པ་རེད།

1990ལོར། ལོ་ན་བཅོ་བརྒྱད་ལ་སོན་པའི་ཚེ་རིང་དོན་འགྲུབ་ཐོག་དང་པོར་ཕ་ཡུལ་དང་བྲལ་ཏེ། མཚོ་ལྷོ་ཁུལ་མི་རིགས་དགེ་ཐོན་སློབ་གླིང་གི་སློབ་མ་ཟུར་ཉན་པ་ཞིག་ཏུ་གྱུར་ཅིང་། ལོ་ངོ་གཉིས་ཀྱི་རིང་ལ། ཁོས་རྒྱ་ཡིག་དང་བོད་ཡིག་གི་ཤེས་བྱ་མི་ཉུང་བ་ཞིག་ཁོང་དུ་ཆུད་པར་བྱས།

1992ལོར། ཚེ་རིང་དོན་འགྲུབ་པེ་ཅིན་དུ་ལོ་མང་པོ་འགོར་བའི་ཨ་ཞང་ཚང་ལ་འབྱོར་བ་དང་། ཁོའི་ལོ་ངོ་བཞིའི་རིང་ལ་གླ་བརྒྱབ་པའི་འཚོ་བའང་དེ་ནས་བཟུང་མགོ་བརྩམས་པ་རེད།

སྐབས་དེར་ཚེ་རིང་དོན་འགྲུབ་ཀྱིས་ཀུང་སི་ཞིག་ནས་གླ་བརྒྱབ་པ་དང་། ཁོས་ཕྱོགས་གཅིག་ནས་ལས་ཞོར་གྱི་དུས་ཚོད་བེད་སྤྱད་དེ་དབྱིན་ཡིག་སློབ་སྦྱོང་བྱས་ཤིང་། སེམས་སུ་རང་ཉིད་ཕྱི་རྒྱལ་ལ་འགྲོ་ཐུབ་པའི་གོ་སྐབས་ཤིག་བྱུང་ན་སྙམ་གྱིན་ཡོད། ཕྱོགས་གཅིག་ནས་པེ་ཅིན་དུ་ལས་སྐྲུན་བྱེད་པའི་འཆར་གཞི་བཟོས་ནས་རང་ཉིད་ལ་འཕེལ་རྒྱས་ཆེན་པོ་འབྱུང་བའི་རེ་བ་འཆང་གིན་ཡོད།

གོ་སྐབས་ནི་གྲ་སྒྲིག་ཡོད་པའི་མི་ལ་དབང་། 1999ལོར། ཨ་ཞང་དང་ནུ་བོའི་རོགས་རམ་འོག་ལོ་གསུམ་རིང་གྲ་སྒྲིག་བྱས་པའི་པེ་ཅིན་མཁར་ཤར་གྱི་ཙོང་ཁ་བོད་སྨན་སྒོ་བསྟེན་ཁང་དངོས་སུ་གཉེར་མགོ་བརྩམས།

“ནུ་བོ་དང་ངེད་གཉིས་ཀས་སྨན་གྱི་སྐོར་ཅི་ཡང་སྦྱངས་མེད་པས། སྐབས་དེར་ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་རྫོང་ནས་བོད་སྨན་སྦྱངས་པའི་སྨན་པ་གཉིས་གདན་དྲངས་པ་ཡིན། ” ཚེ་རིང་དོན་འགྲུབ་ཀྱིས་སྐབས་དེར་སྨན་ཁང་ནི་ཁོ་ལ་མཚོན་ན་ཚོང་གཉེར་ནས་སྒོར་མོ་འཚོལ་ས་ཞིག་ཏུ་བརྩིས་ཡོད་ཅེས་མ་གསང་དྲང་བོར་བརྗོད་བྱུང་།

ལས་བསམ་སར་མི་འགྲོ་གསེག་སར་འགྲོ་ཞེས་པ་བཞིན། དང་ཐོག་གི་ལོ་ངོ་གཉིས་རིང་། པེ་ཅིན་གྱི་སྒོ་བསྟེན་ཁང་ཆུང་ཆུང་དེར་ཚང་མའི་ཁས་ལེན་ཅི་ཡང་མ་ཐོབ་ལ། ཡུལ་དེའི་མི་རྣམས་ནི་བོད་སྲོལ་རྒྱུན་གྱི་གསོ་བ་རིག་པར་དེ་འདྲའི་ཡིད་ཆེས་ཀྱང་མི་འདུག བསྟུད་མར་ལོ་འགར་གྱོང་གུད་ཐེབས་པ་དེས་ཚེ་རིང་དོན་འགྲུབ་རང་ཉིད་ཀྱི་གདམ་གསེས་འདི་འགྲིག་ཡོད་མེད་ཐད་ལའང་དོགས་པ་སྐྱེས་བྱུང་།

ཏག་ཏག་སྐབས་དེར། དོན་དག་ཅིག་གིས་ན་གཞོན་ཚོང་གཉེར་པ་དེའི་དྲན་ཚུལ་ལ་འགྱུར་ལྡོག་བཏང་སོང་།

“ནད་པ་ཞིག་གིས་སྨན་ཁང་གཞན་ནས་སྨན་བཅོས་བྱས་ཀྱང་ནད་གཞི་ཇེ་དགར་མ་སོང་བས། ཚོད་ལྟ་ཞིག་བྱེད་པའི་སེམས་ཀྱིས་ང་ཚོའི་སྨན་ཁང་དུ་འོངས་པ་དང་། མ་བསམ་ས་ནས་བོད་སྨན་གྱི་ཕྱོགས་ནས་ཁོའི་ནད་གཞི་དེ་བཅོ་བའི་ཐབས་རྙེད་ཅིང་། ཡུན་རིང་མ་ཕྱིན་པར་སངས་དྲག་ཏུ་སོང་། དེ་ནས་གཅིག་ཁ་བཅུ་དང་བཅུ་ཁ་བརྒྱ་ཡིས་སོང་སྟེ། སྨན་ཁང་དུ་ཡོང་བའི་ནད་པ་རིམ་བཞིན་ཇེ་མང་དུ་གྱུར།”

དོན་དག་འདི་ནི་སྒོ་བསྟེན་ཁང་འདི“འཆི་བདག་གི་ཞགས་པ་ལས་བསྐྱབས་པའི”སྐྱབས་མགོན་དུ་གྱུར་སོང་ཟེར་ནའང་མི་ཆོག་རྒྱུ་མེད་ལ། དེ་བས་ཀྱང་ཚེ་རིང་དོན་འགྲུབ་ཀྱིས་རང་ཉིད་ཀྱི་ལས་དོན་འདིར་བསྐྱར་དུ་གོ་བ་ཞིག་ལོན་བྱུང་།

“དང་ཐོག ང་རང་བོད་ལུགས་སྲོལ་རྒྱུན་གསོ་རིག་ལ་ཆ་རྒྱུས་ཅི་ཡང་མེད་པར། ལས་སྐྲུན་ལ་བརྟེན་ནས་སྒོར་མོ་ཞིག་འཚོལ་ཐུབ་ན་སྙམ་པ་ཙམ་ཡིན། ཡིན་ཡང་ངས་ནད་པ་དེ་དག་དྲག་སྐྱེད་བྱུང་རྗེས་ཀྱི་གདོང་གི་འཛུམ་མདངས་རེ་རེ་མཐོང་བའི་མོད་ལ། ནད་པར་ནད་བཅོས་སྲོག་སྐྱོབ་བྱེད་རྒྱུ་ནི་ཇི་འདྲའི་བླ་ན་མེད་པ་ཞིག་ཡིན་པའི་འདུ་ཤེས་ཟབ་མོ་རྙེད་སོང་།”

བོད་ལུགས་སྲོལ་རྒྱུན་གསོ་རིག་ལ་སྔར་ལས་རྒྱུས་ལོན་བྱེད་ཆེད། སྐབས་དེ་ནས་བཟུང་། ཚེ་རིང་དོན་འགྲུབ་ཀྱིས་རང་ཉིད་དོ་དམ་མཁན་ཞིག་ནས་ལག་ལེན་མཁན་ཞིག་ཏུ་བསྒྱུར་མགོ་བརྩམས། ཕྱོགས་གཅིག་ནས་ཁོ་རང་ཕྱོགས་སོ་སོར་སོང་ནས་གསོ་རིག་དགེ་རྒན་བསྟེན་པ་དང་། ཕྱོགས་གཅིག་ནས་སྒོ་བསྟེན་ཁང་གི་སྨན་པའི་གམ་ནས་བོད་སྨན་བསླབས་ཏེ། གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་གྱི་སློབ་སྦྱོང་བྱེད་སྟངས་སྤྱད་པ་དེས་ནང་དོན་སྐོར་ཞིག་ཁོས་མགྱོགས་མྱུར་གྱིས་ཁོང་དུ་ཆུད་སོང་།

2012ལོར། ཡང་བསྐྱར་ལས་སྐྲུན་གྱི་མགོ་བརྩམས་པའི་ཚེ་རིང་དོན་འགྲུབ་ཕྱིར་ཕ་ཡུལ་དུ་ལོག ཁོས་ལོ་ངོ་མང་པོའི་རིང་པེ་ཅིན་དུ་བོད་སྨན་ཁང་ལས་གཉེར་དང་གྲོང་ཁྱེར་གྱི་མི་ཚོགས་ལ་འབྱུང་སླ་བའི་ནད་གཞིར་ཞིབ་འཇུག་བྱས་པའི་ཉམས་མྱོང་གཞིར་བཟུང་ནས། ཁྲི་ཀ་རྫོང་དུ་མཚོ་སྔོན་གངས་ལྗོངས་ཙོང་ཁ་བོད་སྨན་བདེ་སྲུང་ཚན་རྩལ་ཚད་ཡོད་ཀུང་སི་བཙུགས་ཏེ། བོད་སྨན་གྱི་ལས་སྣོན་བྱེད་སྟངས་གསར་པ་ཞིབ་འཇུག་གསར་སྤེལ་བྱས་པར་མ་ཟད། ཙོང་ཁ་བོད་སྨན་ཁང་ཞེས་པ་བཙུགས།

“གནས་འདིར་བོད་སྨན་གོང་དུ་སྤེལ་བའི་ཆ་རྐྱེན་ལྡན་མོད། འོན་ཀྱང་དེ་བས་ཀྱང་གལ་ཆེ་བ་ནི། མ་འོངས་པར་འཕེལ་རྒྱས་འབྱུང་རེ་ཆེན་པོ་ལྡན་པ་དེ་རེད། ཡུལ་སྐོར་གྱི་དཔྱིད་རླུང་ལྡང་བ་དང་མཉམ་དུ་ཕ་ཡུལ་ཁྲི་ཀར་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་འདུག”

འདི་ལྟ་བུའི་འགྱུར་ལྡོག་ལ་དམིགས་ནས། ཁོ་རང་ཕྱིར་ཕ་ཡུལ་ལ་ལོག་ནས་ལས་སྐྲུན་བྱེད་མགོ་བརྩམས།

“ད་སྐབས་ཁོས་པེ་ཅིན་སྒོ་བསྟེན་ཁང་གི་ཀླད་སྙིང་ཁྲག་རྩ་དང་ངལ་དུབ་འགོག་སེལ་སྨན་རྫས་སོགས་ཉེ་ལམ་གསར་སྤེལ་བྱས་པའི་བོད་སྨན་ལས་སྣོན་བྱེད་སྟངས་གསར་པ་རྣམས་བོད་སྨན་སྲུང་སྐྱོབ་རིགས་ཀྱི་མིང་ཐོ་ཁྲོད་རེ་ཞུ་བྱེད་པར་གྲ་སྒྲིག་བྱེད་ཀྱིན་ཡོད་ལ། ད་དུང་བོད་སྨན་རིགས་སྣ་བཅུ་ལྷག་གི་འདུལ་སྦྱོང་དང་ལས་སྣོན་བྱེད་སྟངས་གསར་པའི་ལག་རྩལ་ལ་ཆེད་མཁས་དཔང་ཡིག་ལེན་པའི་རེ་འདུན་ཞུ་རྩིས་ཡོད།” ལས་དོན་འདི་གླེང་སྐབས། “ལམ་ཕྱེད་ལས་སྒྱུར”བྱས་པའི་ཚེ་རིང་དོན་འགྲུབ་ཀྱིས་ཁོར་ད་དུང་ལེགས་འགྲུབ་མ་བྱུང་བའི་ཕུགས་བསམ་མང་པོ་ཡོད་ཅེས་བཤད་བྱུང་། “དེང་ཕྱིན། ངས་ད་དུང་བོད་གསོ་རིག་གི་རིག་གནས་རྒྱུན་འཛིན་དང་གནའ་རབས་ཀྱི་སྨན་ཐོ་སྲུང་སྐྱོབ། བོད་གསོ་རིག་ལ་མཁས་པའི་འཇོན་མི་སྐྱེད་སྲིང་བྱེད་པ་སོགས་ཀྱི་ཕྱོགས་སུ་དོན་དག་མང་པོ་ཞིག་བསྒྲུབ་འདོད”ཟེར།

རང་ཉིད་ཀྱི་ལོ་ངོ་བཅུ་ཕྲག་རིང་གི་དཀའ་སྤྱད་སྡུག་རུས་ལ་ཕྱིར་དྲན་བྱེད་ཞོར། ཚེ་རིང་དོན་འགྲུབ་ཀྱིས་ཧ་ཅང་གལ་ཆེ་བ་ཞིག་ཡོད་པ་ནི། རླབས་ཆེ་བའི་མེས་རྒྱལ་ཡིན་ཏེ། མེས་རྒྱལ་གྱིས་ཞིང་གྲོང་གི་བུ་ཕྲུག་ཁོ་ལ“རྨི་ལམ་ཞིག་རྨི་བའི”གོ་སྐབས་བསྩལ་སོང་། བཅོས་བསྒྱུར་སྒོ་འབྱེད་ལ་བཀའ་དྲིན་ཆེ། དུས་རབས་འདིར་བཀའ་དྲིན་ཆེ་ཞེས་བཤད།

                                                                                                         རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།