ཏང་ཡོན་རེ་ནི་དར་ཆ་རེ་ཡིན།
2019.03.01 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 39

ས་སྲོད་ཀྱི་དུས་སུ། དོན་འགྲུབ་སྒྲོལ་མ་དང་འཕྲད་དུས། ང་ལ་གློ་བུར་དུ་སེམས་འགུལ་ཐེབས་པར་གྱུར། རྒྱུ་མཚན་ནི་ད་སོ་མར་གནམ་ཁབ་བརྒྱབས་ཚར་རུང་ཡིན་པས་སྦྱར་རས་དེ་ད་དུང་མོའི་ལག་མགོར་སྦྱར་འདུག   དོན་འགྲུབ་སྒྲོལ་མ་ནི་ཐེངས་འདིའི་གནོད་འགོག་རྒུད་སྐྱོབ་ཁྲོད་ཀྱི་ཏང་ཡོན་ཁྲི་སྟོང་མང་པོའི་བསྡུས་གཟུགས་རེད། 

ཟླ་དང་པོའི་ཚེས་ཉེར་དགུ་ཉིན། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་ལ་ཁ་བ་ཆེན་པོ་རྒྱུན་ཆད་མེད་པར་བབས་ཤིང་ཁ་བ་རིམ་བཞིན་མཐུག་ཏུ་ཕྱིན་པས་ཁངས་གནོད་ཆེན་པོ་ཐེབས། ཁངས་གནོད་ཀྱི་གནས་ཚུལ་ནི་བཀའ་མངགས་གནང་བ་དང་འདྲ་བར་ཏག་ཏག་ལས་ཁུངས་སུ་རེས་བསྐོར་ནས་ངལ་གསོ་བྱས་མ་ཐག་པའི་དོན་འགྲུབ་སྒྲོལ་མ་མྱུར་དུ་ཕྱིར་རང་གི་བྱ་བའི་ལས་རྐང་དུ་ཞུགས། སྐབས་དེ་ནི་ཏག་ཏག་མི་མང་པོ་ཞིག་གིས་ལས་ཁུངས་ནས་རེས་བསྐོར་ནས་ངལ་གསོ་བྱས་ཏེ་ཐོན་ལ་ཉེ་བའི་གནམ་ལོ་གསར་ཚེས་ཀྱི་དཔལ་ལ་རོལ་བར་གྲ་སྒྲིག་བྱེད་བཞིན་པའི་སྐབས་རེད།

ཁ་བ་ཆེན་པོ་དེ་མུ་མཐུད་དུ་བབས་པས་ཁྲི་འདུ་རྫོང་ཁོངས་ཀྱི་ས་ཁུལ་མང་པོ་ཞིག་གི་གཞུང་ལམ་ཡོངས་སུ་ཁེགས་པར་བྱས། དེ་བས་རླངས་འཁོར་བསྡུ་རུབ་དང་མི་སྣ་བཀོད་སྒྲིག་བྱས་ཏེ་གཞུང་ལམ་མྱུར་སྐྱོབ་བྱེད་པའི་བྱ་བའི་ལས་ལ་བྲེལ་བ་དེ་ནི་ཁྲི་འདུ་རྫོང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཡིན་པའི་དོན་འགྲུབ་སྒྲོལ་མ་ཁངས་གནོད་འགོག་པའི་གནོད་སེལ་རྒུད་སྐྱོབ་ལ་ཞུགས་པའི་རྣམ་པ་རེད།

རྫ་སྟོད་ཞང་ལ་འགྲོ་བའི་གཞུང་ལམ་ཁངས་ཆེན་པོས་གཞི་ནས་ཁེགས་པར་བྱས་པས་གཟན་རྩྭ་སྐྱེལ་འདྲེན་བྱེད་པའི་རླངས་འཁོར་དག་ཤར་སྐྱོད་བྱེད་ཐབས་བྲལ། གནས་ཚུལ་དེ་ཤེས་རྗེས། ཟླ་གཉིས་པའི་ཚེས་ལྔ་ཉིན་དོན་འགྲུབ་སྒྲོལ་མས་མྱུར་དུ་ཁལ་འཁོར་གཅིག་བཀོད་སྒྲིག་བྱས་ནས་མཚོ་ངོས་ལས་མཐོ་ཚད་ལ་རྨིད་བཞི་སྟོང་དགུ་བརྒྱ་ཡོད་པའི་རི་མགོར་སོང་སྟེ་གཞུང་ལམ་སྟེང་གི་ཁངས་གནོད་སེལ་བའི་བྱ་བར་ཞུགས།

གལ་ཏེ་འཆར་གཞི་ལེགས་འགྲུབ་བྱུང་ཚེ་སྒ་སྟོད་སྡེ་བར་འགྲོ་བའི་གཞུང་ལམ་སྲུང་སྐྱོབ་བྱེད་ཐུབ་པར་འགྱུར་ལ། དེ་ལྟར་ཡིན་ཚེ་སྒ་སྟོད་སྡེ་བའི་འབྲོག་མི་རྣམས་ཀྱི་བཟའ་ཆས་དང་ཕྱུགས་ཟོག་གི་གཟན་རྩྭ་སོགས་ཀྱང་བདེ་བླག་ངང་སྐྱེལ་ཐུབ་ཀྱི་ཡོད་པ་རེད།

རི་མཐོ་ཞིང་རླུང་ཆེ་བ་དང་ལམ་ངོས་མི་བདེ་ལ་གཞུང་ལམ་སྟེང་གི་ཁ་བའི་མཐུག་ཚད་ལ་ཕལ་ཆེར་རྨིད་གཉིས་ལྷག་ཡོད། ཁལ་འཁོར་དེ་གཞུང་ལམ་སྟེང་དུ་ཐོན་མ་ཐག་ཁངས་རྫོབ་ཀྱི་ནང་དུ་ཟུག དེ་ལྟར་ཐབས་ཟད་པའི་གནས་ཚུལ་འོག  དོན་འགྲུབ་སྒྲོལ་མ་རི་མགོར་སོང་ནས་རོགས་སྐྱོབ་མི་སྣ་བོས་ནས་ཁལ་འཁོར་ཁངས་རྫོབ་ལས་ལེན་པར་གྲ་སྒྲིག་བྱས།

ཁངས་རླུང་གྲང་མོས་དོན་འགྲུབ་སྒྲོལ་མའི་གདོང་ལ་ཤུགས་ཀྱིས་རྡེག་ཅིང་། གཞུང་ལམ་སྟེང་གི་རླངས་འཁོར་དག་མདུན་སྐྱོད་བྱེད་ཐབས་བྲལ་བའི་གནས་ཚུལ་འོག དོན་འགྲུབ་སྒྲོལ་མ་དང་ལས་གྲོགས་སྐྱེས་པ་གསུམ་གྱིས་རླངས་འཁོར་རི་སྐེད་ནས་བཞག་སྟེ་ལྕགས་ཁེམ་བཟུང་ནས་མུ་མཐུད་དུ་མདུན་དུ་བསྐྱོད།

དོན་འགྲུབ་སྒྲོལ་མ་དང་ཁོའི་ལས་གྲོགས་རྣམས་དུས་ཚོད་གཅིག་དང་ཕྱེད་ཀ་རིང་གི་ལམ་ཐག་ལ་སོང་རྗེས། ད་གཟོད་གཞི་ནས་ཁངས་རྫོབ་ཏུ་ཟུག་པའི་ཁལ་འཁོར་དེ་མཐོང་ཐུབ་པར་གྱུར། ཚང་མས་མཉམ་གཅིག་ཏུ་ཁ་བ་ཕར་འདེད་ཚུར་འདེད་བྱས་ནས་ཁལ་འཁོར་ཁངས་རྫོབ་ལས་ལེན་ཐབས་བྱས་ཀྱང་ཁངས་བབས་པ་མཐུག་དྲག་པས་ཁལ་འཁོར་དེ་ཁངས་རྫོབ་ལས་ལེན་ཐབས་མ་བྱུང་།

གལ་དེ་ཁལ་འཁོར་དེ་ཁངས་རྫོབ་ལས་ལེན་མ་ཐུབ་ཚེ།  ལམ་དེ་ནས་རླངས་འཁོར་ཅི་ཡང་འགྲོ་མི་ཐུབ་པས་བཟའ་བཏུང་དང་གཟན་རྩྭ་སོགས་འབྲོག་ཁྱིམ་རེ་རེར་བདེ་བླག་ངང་འབྱོར་ཐུབ་ཀྱི་མེད་སྟབས། ནོར་ལུག་མང་པོ་ཞིག་འཁྱགས་ལྟོགས་ཀྱིས་འཆི་བར་འགྱུར་སྲིད།  ཁྲི་འདུ་རྫོང་ནས་ནར་སོན་པའི་དོན་འགྲུབ་སྒྲོལ་མ་ལ་མཚོན་ན་ནོར་ལུག་ནི་འབྲོག་པ་མང་ཚོགས་ལ་ཇི་འདྲའི་གལ་ཆེ་བའི་གནས་ཚུལ་སྐོར་གསལ་བོར་རྟོགས་ཐུབ། དོན་འགྲུབ་སྒྲོལ་མས་ལྕགས་ཁེམ་བཟུང་ནས་ལས་གྲོགས་ཚོ་དང་མཉམ་དུ་ཁངས་དེད་ནའང་ཕན་འབྲས་ཆེན་པོ་མ་ཐོན། ཁལ་འཁོར་ཁ་ལོ་པས་རང་ཉིད་ཀྱི་མལ་ཆས་དང་དོན་འགྲུབ་སྒྲོལ་མས་ཐག་པ་སྦོམ་པོ་ཞིག་ཡོད་པ་དེ་ཁལ་འཁོར་གྱི་འཁོར་ལོའི་འོག་ཏུ་བཏིངས་ནས་ཁལ་འཁོར་ཁངས་ནང་ནས་ལེན་པར་རོགས་རམ་བྱས། ཁངས་རླུང་དྲག་ཏུ་ལྡང་ཞིང་དོན་འགྲུབ་སྒྲོལ་མའི་ངོ་གདོང་ཡོད་ཚད་ཁ་བས་ཡོངས་སུ་བཀླུབས། དོན་འགྲུབ་སྒྲོལ་མ་ལུས་ཐང་ཆད་ཅིང་ཁ་སྐོམ་པས་ཁངས་རྡོག་པོ་ཞིག་ཁ་ནང་དུ་བཞག

དོན་འགྲུབ་སྒྲོལ་མས་བཤད་རྒྱུར། “ཕོ་བ་ལྟོགས་པའི་ཚོར་བ་མི་འདུག གཞུང་ལམ་ནང་གི་ཁངས་ཡར་འདེད་མར་འདེད་བྱས་ནས་ཐང་ཆད་དེ་ཁ་སྐོམ་ཚེ་ཁངས་ཅུང་ཙམ་ཟོས་པས་ཆོག ”

དུས་ཚོད་བཞིའི་རིང་ལ་དཀའ་ལས་ཆེན་པོ་བརྒྱབས་མཐར་ས་ཡང་རུབ་ལ་ཉེ་བས་ད་ནི་ཕྱིར་མ་སོང་ན་ཅུང་ཙམ་གྱིས་མི་རྣམས་རི་མགོ་ནས་མར་འབབ་རྒྱུ་ཤིན་ཏུ་དཀའ་མོར་འདུག  གལ་ཏེ་མཚོ་ངོས་ལས་མཐོ་ཚད་ལ་རྨིད་བཞི་སྟོང་དགུ་བརྒྱ་ཡོད་པའི་རི་མགོ་ནས་ཞག་གང་བོར་ལུས་ཚེ་མཇུག་འབྲས་ཡིད་སྐྱོ་བ་འབྱུང་སྲིད།

དོན་འགྲུབ་སྒྲོལ་མ་དང་མོའི་ལས་གྲོགས་ཚོ་ཕྱིར་འགྲོ་བར་གྲ་སྒྲིག་བྱེད་སྐབས། དོན་འགྲུབ་སྒྲོལ་མས་ད་གཟོད་ཁོ་ཚོ་ཚུར་ཡོང་སྐབས་ཀྱི་ལམ་གྱི་རྗེས་ཤུལ་དེ་ཁ་བས་གཞི་ནས་གཡོགས་ཟིན་པ་ཚོར་ཞིང་། སྐབས་དེར་ཁོ་ཚོ་ཚུར་ཡོང་སྐབས་ཀྱི་ལམ་གྱི་རྗེས་ཤུལ་དེ་རྙེད་དཀའ་བར་གྱུར།

མཚན་སྨག་གི་ཁྲོད་དུ་དོན་འགྲུབ་སྒྲོལ་མ་དང་མོའི་ལས་གྲོགས་རྣམས་ཀྱིས་ཚོད་དཔག་ཙམ་ལ་བརྟེན་ནས་རི་མགོ་ནས་མར་བབས། དེ་ལྟར་དུས་ཚོད་གཅིག་དང་ཕྱེད་ཀ་ཙམ་ལ་སོང་རྗེས་ཁོ་ཚོས་ད་གཟོད་ལམ་ནོར་ཐེབས་ཟིན་པ་ཤེས་བྱུང་། ཁངས་རླུང་གི་ཁྲོད་དུ་ཁོ་ཚོས་མྱུར་དུ་ཁ་ཕྱོགས་བསྒྱུར་ནས་མདུན་དུ་སོང་མཐར་ཁོ་ཚོར་སྒུག་ཡོད་པའི་རླངས་འཁོར་གྱི་གམ་དུ་སླེབས་ཐུབ་པ་བྱུང་།

དོན་འགྲུབ་སྒྲོལ་མ་སོགས་རི་མགོ་ནས་མགོ་འཁོར་བའི་མཚན་མོ་དེར་རི་སྤྱང་ཚོགས་ཀྱིས་རྒྱང་ན་ངུ་ཟུག་བྱེད་ཀྱིན་འདུག དོན་འགྲུབ་སྒྲོལ་མས་བཤད་རྒྱུར། “སྐབས་དེར་ང་རང་སྐྲག་ནི་མི་སྐྲག་སྟེ། རྒྱུ་མཚན་ནི་ང་ཚོར་མི་མང་པོ་ཡོད་པས་ཡིན”ཟེར། དོན་དུ་སྐབས་དེར་རི་མགོ་ནས་མགོ་འཁོར་སྐབས་དོན་འགྲུབ་སྒྲོལ་མ་བསྣན་ཚེ་བསྡོམས་པས་མི་བཞི་མ་གཏོགས་མེད།

མཚོ་ངོས་ལས་མཐོ་ཚད་ལ་རྨིད་བཞི་སྟོང་ལྷག་ཡོད་པའི་རི་མགོ་དེ་རུ་ཁངས་རླུང་གི་ཁྲོད་དུ་དུས་ཚོད་བརྒྱད་ལྷག་གི་རིང་ལ་འབད་འཐབ་བྱས་ཀྱང་ཁ་བའི་འབབ་ཚད་ཆེ་བའི་དབང་གིས་གཞུང་ལམ་ཤར་གཏོང་བྱེད་པའི་རེ་འདུན་དེ་མངོན་འགྱུར་བྱེད་མ་ཐུབ། དོན་འགྲུབ་སྒྲོལ་མས་དོན་དངོས་ཀྱི་གནས་ཚུལ་ལ་གཞིགས་ནས་མྱུར་དུ་འཆར་གཞི་གསར་བ་ཞིག་འཐེན་ཏེ་ཁ་ཕྱོགས་གཞན་ཞིག་ནས་ལམ་བུ་མྱུར་བཟོ་བྱས།

དོན་འགྲུབ་སྒྲོལ་མ་དགོད་བཞིན་དུ་དོན་དག་དེ་དག་རེ་རེ་བཞིན་རྒྱས་བཤད་བྱེད་སྐབས། དོན་དག་དེ་དག་ནི་གླེང་རིན་མེད་པའི་བྱ་བ་ཆུང་ངུ་ཞིག་ཏུ་བརྩི་བཞིན་འདུག དོན་འགྲུབ་སྒྲོལ་མས་བཤད་རྒྱུར། “མོ་ལ་རང་གཤིས་དྲང་མོ་ཞིག་ཡོད་པས་ཅི་ཞིག་བཤད་ན་འདོད་ན་དེ་བཤད་པ་དང་ལས་ཀ་བྱེད་སྐབས་ཀྱང་སྐྱེས་པ་ཚོ་དང་འདྲ་བའི་ཆ་ཞིག་ཀྱང་ཡོད་ལ། བྱ་བ་ཅི་ཞིག་སྒྲུབ་སྐབས་མདུན་སྐྱོད་བྱེད་པའི་སྤོབས་པ་ལྡན་པས་མི་མང་པོ་ཞིག་གིས་མོ་ལ་བུད་མེད་དཔའ་རྒོད་ཅེས་འབོད་ཀྱི་ཡོད་པ་རེད།”

ཁ་བརྡ་བྱེད་པའི་གོ་རིམ་ཁྲོད་ནས་གསར་འགོད་པས་དོན་འགྲུབ་སྒྲོལ་མ་ནི་ཟླ་དང་པོའི་ཚེས་ཉེར་དྲུག་ཉིན་ཁངས་གནོད་རྒུད་སྐྱོབ་ཀྱི་མགོ་བརྩམས་མ་ཐག་ནས་ད་ལྟའི་བར་གནོད་སེལ་རྒུད་སྐྱོབ་ཀྱི་ལས་རྐང་དང་པོ་ནས་འབད་འཐབ་བྱས་ཏེ་ངལ་གསོ་གཏན་ནས་བྱས་མེད་པ་རྟོགས་བྱུང་།

“ང་རང་ནི་ལས་རྐང་དང་པོ་ན་ཡོད་པའི་འགྲིམ་འགྲུལ་ཐད་ཀྱི་ཏང་ཡོན་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས། གནོད་སེལ་རྒུད་སྐྱོབ་བྱེད་དགོས་ན་གཞུང་ལམ་ཤར་གཏོང་བྱེད་རྒྱུ་དེ་ནི་སྔོན་འགྲོ་ཡིན་ཞིང་། དེ་ལྟར་ཡིན་ཚེ་ད་གཟོད་རྒུད་སྐྱོབ་ཀྱི་བྱ་བ་སྣ་ཚོགས་བདེ་བླག་ངང་སྤེལ་ཐུབ་པ་གསལ་བོར་རྟོགས་ཡོད། དེ་བས་ང་རང་ངེས་པར་དུ་སྔོན་ལ་ཁངས་འགོག་དང་གཞུང་ལམ་ཤར་གཏོང་བྱེད་པའི་བྱ་བའི་ཁྲོད་ཞུགས་དགོས་ཤིང་། ཏང་ཡོན་མགོ་ཁྲིད་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས་ངེས་པར་དུ་རང་སྟེང་ནས་མིག་དཔེ་སྟོན་དགོས། དེའི་སྟབས་ཀྱིས་ངས་སྔོན་ལ་སྣེ་ཁྲིད་ནས་འགྲིམ་འགྲུལ་ཐད་ཀྱི་ལས་བྱེད་པ་རྣམས་ཁངས་འགོག་དང་གཞུང་ལམ་ཤར་གཏོང་བྱེད་པའི་བྱ་བའི་ཁྲོད་ཞུགས་རྒྱུ་ནི་ངའི་འོས་འགན་ཡིན།” དོན་འགྲུབ་སྒྲོལ་མས་བབ་ཆགས་པའི་སྐད་ཆས་གུང་ཁྲན་ཏང་ཡོན་ཞིག་གི་ཐོག་མའི་སེམས་འདུན་དེ་ལྟར་བརྗོད་བྱུང་།

གནོད་འཚེའི་གནས་ཚུལ་དེ་བཀའ་མངགས་ཐེངས་ཤིག་དང་འདྲ་བར། ཡུལ་ཤུལ་ལ་ཁངས་གནོད་བྱུང་བའི་སྐབས་སུ་རིམ་པ་སོ་སོའི་ཏང་ཡོན་ལས་བྱེད་པ་རྣམས་ཀྱིས་གནམ་ལོ་གསར་བའི་དགའ་སྟོན་ལ་རོལ་རྒྱུ་དེ་བློས་བཏང་ནས་མྱུར་དུ་རང་རང་གི་ལས་རྐང་དུ་ལོག་ནས་ཧུར་བརྩོན་ཆེན་པོས་ཁངས་གནོད་སེལ་བའི་རྒུད་སྐྱོབ་ཀྱི་ལས་ལ་ཞུགས། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་འཐབ་རྩོད་བཙན་རྫོང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཕྱོགས་ཡོངས་ནས་སྦྲེལ་མཐུད་རོགས་སྐྱོར་ཀྱི་སྒྲིག་གཞི་ལག་བསྟར་བྱས་ཏེ། ཏང་ཡོན་ལས་བྱེད་པར་འཚམ་འདྲི་དང་ལག་རྩལ་མཛུབ་སྟོན་གྱི་བྱ་བ་ལེགས་པོར་སྤེལ།

ཏང་ཡོན་རེ་ནི་དར་ཆ་རེ་ཡིན། དོན་འགྲུབ་སྒྲོལ་མ་ནི་གནོད་སེལ་རྒུད་སྐྱོབ་ཀྱི་ལས་རྐང་དང་པོ་ན་འབད་འཐབ་བྱེད་བཞིན་པའི་ཏང་ཡོན་མང་པོའི་གྲས་ཀྱི་གཅིག་ཡིན། ཡུལ་ཤུལ་ཁངས་གནོད་ཀྱི་ལས་རྐང་དང་པོ་རུ་རྒྱ་ཆེའི་གཞི་རིམ་ཏང་ཡོན་རྣམས་ཀྱིས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་བཟང་བོ་འདོན་སྤེལ་བྱས་ཏེ་ནུས་ཤུགས་ཡོད་རྒུས་གནོད་སེལ་རྒུད་སྐྱོབ་ཀྱི་བྱ་བའི་ཁྲོད་ཞུགས་ཏེ། དར་ཆ་མཐོན་པོར་བསྒྲེངས་ཤིང་གུང་ཁྲན་ཏང་ཡོན་ཞིག་གི་ཐོག་མའི་སེམས་འདུན་གསལ་བོར་མངོན་པར་བྱས།

                                                                                   ལོ་ཙཱ་བ། གཡང་འབུམ་རྒྱལ།