བགྲོད་ལམ་ཤར་གཏོང་བྱས་པས་བློ་སེམས་བདེ་ལ་བབས།
2019.03.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 36

ལོ་སར་བའི་སྐབས་ནི་དགའ་ཞིང་སྐྱིད་ལ། གདོང་ལ་འཛུམ་གྱིས་ཁེངས་བའི་དུས་ཤིག་ཡིན་མོད། འོན་ཀྱང་། ཨོ་རྒྱན་རིག་འཛིན་གྱི་གདོང་ལ་སྐྱོ་སྡུག་གིས་ཁེངས་འདུག

ཉིན་རེར་ཁ་བའི་གཡོགས་པའི་རྩྭ་ས་ལྟ་ཞོར། ནོར་ལུག་རི་ལ་རྒྱག་མི་ཐུབ་པ་དང་གཟན་རྩྭ་ཡང་བཀོལ་ཚར་ལ་ཉེ་བས། ཨོ་རྒྱན་རིག་འཛིན་གྱི་སེམས་སུ་འཚུབ་ཆ་ལངས་བཞིན་ཡོད་ལ། སེམས་སུ་ཁ་བ་འབབ་མཚམས་བཞག་ནས་རྩྭ་སའི་སྟེང་གི་ཁ་བ་ཞུ་བར་རེ་སྒུག་བྱས་ཡོད།

ལོ་སར་གྱི་སྔ་རྗེས་སུ། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དུ་བསྟུད་མར་ཁ་བ་བབས་པ་དང་། ཁུལ་ཡོངས་ཀྱི་རྫོང་། ཞང་དང་གྲོང་རྡལ། སྡེ་བ་བཅས་ལ་རིམ་པ་མི་འདྲ་བའི་ཁངས་གནོད་བྱུང་། ཁྲི་འདུ་རྫོང་རྫ་སྟོད་གྲོང་རྡལ་ཤར་ཕྱོགས་དམར་སྡེ་བའི་གནས་ཚུལ་ཅུང་ཚབས་ཆེན་རེད།

ཤར་ཕྱོགས་དམར་སྡེ་བ་དེ་རྫ་སྟོད་གྲོང་རྡལ་དང་བར་ཐག་སྤྱི་ལེ་དྲུག་ཅུ་ལྷག་ཡོད་པའི་གངས་རི་ལུང་བར་ཆགས་ཡོད་ལ། སྡེ་བ་ཡོངས་སུ་ཁྱིམ་ཚང་ཉིས་བརྒྱ་ང་དྲུག་དང་མི་གྲངས་སྟོང་གཅིག་དང་ཞེ་གཅིག་ཡོད། བསྟུད་མར་ཉིན་འགའི་རིང་ལ་ཁ་བ་བབས་པས་འབྲོག་པ་རྣམས་ཕྱི་རུ་འགྲོ་མི་ཐུབ་པར་གྱུར་བ་དང་། ཉིན་རེ་བཞིན་ཁ་བ་བབས་ཏེ་འབབ་མཚམས་མ་བཞག་པས་མང་ཚོགས་ཀྱི་སེམས་སུ་འཚུབ་ཆ་ལངས་བཞིན་ཡོད།

ཨོ་རྒྱན་རིག་འཛིན་ཚང་གི་ཟ་མ་དང་གཟན་རྩྭ་ཉིན་རེ་བཞིན་ཇེ་ཉུང་དུ་སོང་སྟེ་ཕལ་ཆེར་ཚར་ལ་ཉེ་བས། སེམས་ནས་འཚབ་ཆ་ལངས་རུང་ངེས་ཤུགས་བརྟན་སྲུང་བྱས། “ཏང་ཨུ་དང་སྲིད་གཞུང་གིས་ང་ཚོ་བརྗེད་མེད་པས། ང་ཚོས་རྒྱུན་འཁྱོངས་བྱས་ཏེ་བསྡད་ན་རོགས་སྐྱོར་མི་སྣ་ངེས་པར་དུ་ཐོན་སྲིད་པར་ང་ལ་ཡིད་ཆེས་ཡོད།”

ཨོ་རྒྱན་རིག་འཛིན་གྱིས་བཤད་པ་ནང་བཞིན། རྫ་སྟོད་གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་གིས་གནོད་ཐེབས་མང་ཚོགས་གཅིག་ཀྱང་བརྗེད་མེད་ལ། གནོད་འཚེ་ཐེབས་རྗེས། རྫ་སྟོད་གྲོང་རྡལ་རྟ་ཐོག་སྒྲོག་འགྲེལ་མི་སྣ་གྲོང་རྡལ་ཡོངས་ཀྱི་སྡེ་བ་དང་རུ་ཁག་སོ་སོར་སོང་ནས། འབྲོག་པ་མང་ཚོགས་ཀྱི་གནོད་ཐེབས་གནས་ཚུལ་སྤྱི་བསྡོམས་བྱས་པ་དང་། ཁལ་འཁོར་གླས་ཏེ་བགྲོད་ལམ་སྟེང་གི་ཁ་བ་གཙང་སེལ་བྱས།

རྟ་ཐོག་སྒྲོག་འགྲེལ་ཚོགས་པའི་ཚོགས་གཙོ། རྫ་སྟོད་གྲོང་རྡལ་ཏང་ཨུའི་ཧྲུའུ་ཅི་བཀྲ་ཤིས་ཆོས་དར་དང་རྟ་ཐོག་སྒྲོག་འགྲེལ་ཚོགས་པའི་མི་སྣས་རླངས་འཁོར་བསྐོར་ཏེ་ཤར་ཕྱོགས་དམར་སྡེ་བར་བསྐྱོད་པ་དང་། རླངས་འཁོར་སྟེང་རྩམ་པ་དང་སྟབས་བདེའི་ཐུག་པ། བལ་ཕྱར་སོགས་ཀྱི་དངོས་རྫས་ཡོད་ལ། གངས་རི་ལུང་བར་ཐོན་རྗེས་རླངས་འཁོར་ཁེགས་ནས་འགྲོ་མི་ཐུབ་པར་གྱུར།

བཀྲ་ཤིས་ཆོས་དར་དང་རྟ་ཐོག་སྒྲོག་འགྲེལ་ཚོགས་པའི་མི་སྣ་རླངས་འཁོར་ལས་མར་བབས་ཏེ། དངོས་རྫས་ཁུར་ནས་པུས་མོ་རུ་ཐོན་པའི་ཁངས་ནང་དུ་ཟུག་བཞིན་སོང་། རྩྭ་ཐང་ཡོངས་སུ་ཁ་བས་གཡོག་ཡོད་པས་ཐག་རིང་ནས་བལྟས་ན་ནག་ཐིག་ཅིག་འགུལ་བཞིན་པ་ཙམ་མ་གཏོགས་མི་མཐོང་། བཀྲ་ཤིས་ཆོས་དར་གངས་རི་ལུང་བར་ཐོན་རྗེས། ཨོ་རྒྱན་རིག་འཛིན་ཚང་གི་ཁྱིམ་དུ་ཐོན། ཨོ་རྒྱན་རིག་འཛིན་གྱིས་གངས་རི་ལུང་བ་ནས་ཐོན་པའི་ཁོས་དངོས་པོ་འདི་འདྲའི་མང་པོ་ཁུར་ཡོད་པ་མཐོང་བས། གདོང་ལ་སྤྲོ་ཉམས་རྒྱས་པ་དང་སེམས་འགུལ་ཐེབས་བྱུང་།

བཀྲ་ཤིས་ཆོས་དར་དང་སྒྲོག་འགྲེལ་ཚོགས་པའི་མི་རྣམས་ཀྱིས་སྡེ་དམངས་ལ་གནོད་སྐྱོབ་དངོས་རྫས་འཁྱེར་བ་ལས་གཞན། ཁོ་ཚོར་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་རེ་བ་བསྩལ།

ཨོ་རྒྱན་རིག་འཛིན་གྱི་ཁྱིམ་དུ་ཐོན་མ་ཐག བཀྲ་ཤིས་ཆོས་དར་གྱིས་བྲེལ་འཚུབ་སྒོས་ཨོ་རྒྱན་རིག་འཛིན་ལ་ཁྱིམ་གྱི་ཟས་རིགས་དང་གཟན་རྩྭས་འདང་མིན། ནོར་ལུག་ལ་གནོད་འཚེ་ཐེབས་པའི་གནས་ཚུལ་སོགས་དྲིས།

“ཟ་མ་ད་དུང་ཡོད། གལ་ཏེ་ཁ་བ་མུ་མཐུད་དུ་བབས་ཏེ་འགྲོ་མ་ཐུབ་ཚེ། ཟ་མས་ཟླ་གཅིག་ལ་མ་གཏོགས་མི་འདང་། ཁ་བ་མ་བབས་སྔོན་གཟན་རྩྭ་བསྡམས་བུ་བཞི་བརྒྱ་བཞི་བཅུ་ཉོས་པ་དང་། ད་ལྟ་ཕལ་ཆེར་ཚར་ལ་ཉེ་བས་གཟའ་འཁོར་གཅིག་མ་གཏོགས་རྒྱུན་འཁྱོངས་བྱེད་མི་ཐུབ། ཁྱིམ་གྱི་ནོར་བཞི་བཅུའི་ཁྲོད། ཐེངས་འདིའི་ཁངས་གནོད་ཀྱིས་ནོར་བཞི་ཤི་སོང”ཞེས་ཨོ་རྒྱན་རིག་འཛིན་གྱིས་རང་ཁྱིམ་གྱི་གནས་ཚུལ་བརྗོད་བྱུང་།

“ཁྱོད་ཚོས་སེམས་ཁྲལ་བྱེད་མི་དགོས། ཏང་དང་སྲིད་གཞུང་གིས་ཁྱོད་ཚོར་སེམས་ཁུར་བྱེད་བཞིན་ཡོད་ལ། སང་ཉིན་ཁལ་འཁོར་ཡོང་ནས་ལམ་གྱི་ཁ་བ་གཙང་ཕྱག་བྱེད་སྲིད་པ་དང་། གཟན་རྩྭ་ཡང་སྐྱེལ་འདྲེན་བྱེད་པའི་ལམ་དུ་ཡོད་པས་སང་ཉིན་ཐོན་སྲིད། སང་ཉིན་ང་ཚོས་ལམ་གྱི་ཁ་བ་གཙང་ཕྱག་བྱེད་ཞོར་གངས་རི་ལུང་བར་གཟན་རྩྭ་སྐྱེལ་འདྲེན་བྱེད་རྒྱུ་ཡིན”ཞེས་བཤད། བཀྲ་ཤིས་ཆོས་དར་གྱི་སྐད་ཆ་དེ་དག་གིས་ཨོ་རྒྱན་རིག་འཛིན་གྱི་སེམས་ཁྲལ་རྩ་བ་ནས་སེལ་དུ་བཅུག

ཨོ་རྒྱན་རིག་འཛིན་གྱིས་བློ་ཐག་རྦད་ཆོད་སྒོས་བཤད་རྒྱུར། “སང་ཉིན་ལམ་གྱི་ཁ་བ་གཙང་ཕྱག་བྱེད་སྐབས། ང་རང་ཉིད་ཀྱིས་ཀྱང་རོགས་རམ་བྱེད་རྒྱུ་ཡིན”ཟེར། ཉིན་གཉིས་པར། གངས་རི་ལུང་བའི་ནང་ཁལ་འཁོར་གྱིས་ལམ་གྱི་ཁ་བ་གཙང་ཕྱག་བྱེད་བཞིན་ཡོད་ལ། དེ་དང་མཉམ་དུ་གཟན་རྩྭ་སྐྱེལ་ཡོང་བཞིན་ཡོད། ཨོ་རྒྱན་རིག་འཛིན་གྱིས་ཡང་བསྐྱར་རྩྭ་བསྡམས་བུ་བཞི་བརྒྱ་བཞི་བཅུ་ཉོས་པ་དང་། སྲིད་གཞུང་གིས་རིན་མེད་པར་ཁྱིམ་གྱི་སྒོ་ཁར་བསྐྱལ་ཡོང་། ཨོ་རྒྱན་རིག་འཛིན་གྱིས་གཟན་རྩྭ་གྲལ་དག་པའི་སྒོ་ནས་ཕྱུགས་སྤྱིལ་ཁང་བའི་སྟེང་བསྒྲིགས་པ་དང་། བསྡམས་བུ་གཅིག་བཤིག་ནས་ནོར་རྣམས་ལ་བྱིན།

ཨོ་རྒྱན་རིག་འཛིན་གྱི་ཨ་ཕ་ལོ་དོན་དགུ་ཡིན་ལ། ཁོས་བཀྲ་ཤིས་ཆོས་དར་གྱི་ལག་པར་འཇུས་ཏེ་སེམས་འགུལ་ཐེབས་པའི་སྒོ་ནས་བཤད་རྒྱུར། ང་རང་ཉིད་ལོ་འདི་འདྲར་ཐོན་ཡོད་ལ། ཁངས་གནོད་ཀྱང་ཆེ་མ་ཆུང་གསུམ་བརྒྱུད་མྱོང་། འོན་ཀྱང་། ད་ལོའི་ཁངས་གནོད་ཆེན་པོ་འདི་ལྟ་བུ་མཐོང་མ་མྱོང་། ད་ལོའི་ཁངས་གནོད་ཆེ་རུང་ང་ཚོའི་གྱོང་གུད་ཆུང་། དེ་སྔོན་ཡིན་ཚེ། ངེད་ཚང་གི་ནོར་ལུག་ཕལ་ཆེར་ཤི་ཚར་ཡོད། འདི་དག་ཡོད་ཚད་ཁྱེད་ཚོའི་བྱས་རྗེས་རེད་ཟེར།

གངས་རི་ལུང་བའི་ཤར་ཕྱོགས་དམར་གྱི་ལམ་ཤར་གཏོང་བྱས་པ་དང་། འབྲོག་པ་རྣམས་ཀྱི་སེམས་བདེ་ལ་བབས། དེ་ནི་རྟ་ཐོག་སྒྲོག་འགྲེལ་ཚོགས་པས་དཀའ་སྤྱད་སྡུག་རུས་ལ་བརྟེན་པའི་གྲུབ་འབྲས་རེད།

“ང་ཚོའི་རྟ་ཐོག་སྒྲོག་འགྲེལ་ཚོགས་པའི་གཞི་ཁྱོན་སྔར་ལས་ཇེ་ཆེར་གྱུར་བ་དང་། ད་ལྟ་མངའ་འོག་ཏུ་འཕྲལ་སྒྲུབ་མྱུར་སྐྱོབ་རུ་ཁག་དང་ཆ་འཕྲིན་འཚོལ་བསྡུ་རུ་ཁག སྒྲོག་འགྲེལ་རུ་ཁག་བཅས་ཡོད། ཁོམ་ལོང་བྱུང་ཚེ་སྲིད་ཇུས་སྒྲོག་འགྲེལ་བྱེད་བཞིན་ཡོད་ལ། ཁྱད་པར་བའི་དུས་སྐབས་སུ་ལས་བཟོ་བ་ཡོངས་ཀྱིས་འཕྲལ་སྒྲུབ་རོགས་སྐྱོར་བྱེད་བཞིན་ཡོད། ཐེངས་འདིའི་གནོད་འགོག་ཕྱུགས་སྐྱོབ་ཁྲོད་གནད་འགག་གི་བྱེད་ནུས་འདོན་སྤེལ་བྱས། ང་ཚོའི་སྒྲོག་འགྲེལ་ཚོགས་པའི་མི་རྣམས་ཀྱིས་ཐོག་མའི་དུས་ཚོད་ནང་གནོད་ཐེབས་གནས་ཚུལ་ཤེས་པ་དང་། ཐོག་མའི་དུས་ཚོད་ནང་གནོད་ཐེབས་ཡུལ་དངོས་སུ་སོང་སྟེ། འབྲོག་པ་མང་ཚོགས་ལ་ཏང་ཨུ་དང་སྲིད་གཞུང་གི་ཐུགས་ཁུར་མཐོང་དུ་བཅུག་པ་དང་། འབྲོག་པ་མང་ཚོགས་ཀྱི་བློ་སེམས་བདེ་ལ་འབབ་ཏུ་བཅུག”ཞེས་བཀྲ་ཤིས་ཆོས་དར་གྱིས་རྟ་ཐོག་སྒྲོག་འགྲེལ་ཚོགས་པའི་ཐེངས་འདིའི་གནོད་འགོག་ཕྱུགས་སྐྱོབ་བྱ་བའི་ཁྲོད་བྱེད་ནུས་འདོན་སྤེལ་བྱས་པའི་བྱ་བར་སྤྱི་བསྡོམས་བྱས་བྱུང་།

བགྲོད་ལམ་ཤར་གཏོང་བྱས་པས་འབྲོག་པའི་བློ་སེམས་བདེ་ལ་བབས། ཨོ་རྒྱན་རིག་འཛིན་གྱི་སྐད་ཆ་ལྟར་བཤད་ན། ཏང་ཨུ་དང་སྲིད་གཞུང་ནམ་ཡང་ང་ཚོའི་གམ་དུ་གནས་ཡོད་པས་ང་ཚོ་སྐྲག་དོན་ཅི་ཡང་མེད། བགྲོད་ལམ་ཤར་གཏོང་བྱས་པས། ང་ཚོར་སྐྲག་སྣང་ཅི་ཡང་སྐྱེས་མི་དགོས།

ལོ་ཙཱ་བ། ཤ་བོ་རིན་མཚོ།