ཁོ་མོ་ནི་དངོས་གནས་མི་གཤིས་སྒེར་ཚུགས་ཅན་ཞིག་རེད། ལོ་དེར། སློབ་འབྲིང་མཐར་ཕྱིན་རྗེས་ཀུན་བཟང་མཚོ་ཚང་གི་ཁྱིམ་དུ་མིང་སྲིང་བདུན་ཡོད་པའི་སྟབས་ཀྱིས་ཁྱིམ་གྱི་འབྱོར་བ་དེ་འདྲ་བཟང་རྒྱུ་མེད་པས་ཀུན་འཟང་མཚོ་སློབ་བྱོལ་བྱས་ནས་ཡུལ་དུ་འདུག་དགོས་བྱུང་། དེ་ནས་ལོ་ངོ་གཉིས་ཀྱི་རྗེས་སུ་ཏག་ཏག་ལོ་ན་བཅུ་དྲུག་ལ་སོན་པའི་ཀུན་བཟང་མཚོ་ཕྱི་རོལ་ཏུ་སོང་ནས་ཞོར་ལས་གཉེར་མགོ་བརྩམས། ཞོར་ལས་གཉེར་སྐབས་ཀྱི་དུས་ཚོད་དེ་དག་ནི་དཀའ་སྡུག་དང་ངལ་དུབ་ཀྱིས་ཁེངས་ནའང་། ལོ་ན་ཆུང་བའི་ཀུན་བཟང་མཚོ་ཡིས་དུས་དང་རྣམ་པ་ཀུན་ཏུ་དུས་ནམ་ཞིག་ལ་རང་ལ་དབང་བའི་ཟ་ཁང་ཞིག་གཉེར་རྒྱུའི་ཕུགས་འདུན་སེམས་སུ་གཉེར་ཡོད་པ་རེད།
ཀུན་བཟང་མཚོ་ནི་དངོས་གནས་ཕུགས་བསམ་ཡོད་པའི་མི་ཞིག་རེད། དུས་སྐབས་དེར། ཐུན་རིན་རྫོང་ཡོངས་སུ་རྒྱ་ཅུང་ཆེ་བའི་བོད་ཟས་ཟ་ཁང་གཅིག་ཀྱང་མེད་པ་དང་། རྒྱུན་དུ་མགྲོན་པོ་མང་པོ་ཡོང་ནས་གནས་དེ་རུ་བོད་ཟས་ཟ་ཁང་ཡོད་མེད་ཀྱི་སྐོར་འདྲི་དུས་ཀུན་བཟང་མཚོ་ཡིས་ཚོང་ལས་ཀྱི་གོ་སྐབས་གསར་བ་ཞིག་རྙེད་པར་གྱུར། ཀུན་བཟང་མཚོ་ཡིས་དུས་སྐབས་དེ་དག་ཏུ་རང་ཉིད་ཀྱིས་རིམ་བསགས་བྱས་པའི་མ་དངུལ་གྱི་རྒྱ་བསྐྱེད་ནས་ཐུན་རིན་རྫོང་གི་བོད་ཀྱི་ཟ་ཁང་ཐོག་མ་སྟེ། རེབ་གོང་སྒྱུ་རྩལ་གླིང་བོད་ཟས་ཁང་སྒོ་ཕྱེས་པས་སྐབས་དེར་མོའི་ཚོང་ལས་ཤིན་ཏུ་བྲིན་པར་གྱུར། གྲོ་འབྲས་དང་ཨ་ཁ་ཚོད་མ་སོགས་ནི་ཁོ་མོའི་ཟ་ཁང་དེའི་ནང་གི་ཁྱད་ལྡན་ཟས་རིགས་ཀྱི་སྐོར་ཡིན། ཨ་ཁ་ཚོད་མ་གླེང་དུས་ཀུན་བཟང་མཚོ་དགོད་ཞོར་དུ་བཤད་རྒྱུར། ཨ་ཁ་ཚོད་མ་ཞེས་པའི་མིང་དེ་ངས་བཏགས་པ་ཡིན་ཟེར། རྗེས་སུ་རྨ་ལྷོ་ས་ཁུལ་དུ་བོད་ཟས་ཁང་མང་པོ་ཆར་རྗེས་ཀྱི་ཤ་མོ་ལྟར་བརྡོལ་ཡོང་ནའང་ཀུན་བཟང་མཚོ་ཡི་ཟ་ཁང་གི་ཡོང་འབབ་ཐད་ལ་སྔར་བཞིན་ཤུགས་རྐྱེན་མི་ལེགས་པ་ཅི་ཡང་ཐེབས་ཐུབ་ཀྱི་མེད། དེ་ལས་གཞན་དུ་དུང་གནས་སྐོར་དུས་ཆེན་སོགས་ཀྱི་སྐབས་སུ་དུས་རྒྱུན་དུ་ཕྱི་རྒྱལ་གྱི་གནས་སྐོར་བ་མང་པོ་ཀུན་བཟང་མཚོའི་བོད་ཟས་ཁང་དུ་ཡོང་ནས་ཟ་མ་ཟ་བཞིན་ཡོད་པ་རེད།
ཀུན་བཟང་མཚོ་ནི་སྤྱི་སེམས་ཆེ་བའི་མི་ཞིག་རེད། རང་གི་ཟ་ཁང་ནང་གི་ལས་ཀ་སྣ་ཚོགས་ལ་ཤིན་ཏུ་བྲེལ་བ་ཆེ་དུས་ཀྱང་ཀུན་བཟང་མཚོ་ཡི་ཕུ་བོས་མཚོ་སྔོན་རེབ་ཀོང་མི་རིགས་རིག་གནས་ཁང་ཞེས་པ་དེ་ཕྱེས་ཡོད་པས། ཁོ་ཚོའི་ཕུ་ནུ་མིང་སྲིང་ཡོངས་ཀྱི་ཁྲོད་དུ་དོ་དམ་གྱི་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད་མཁན་ནི་ཀུན་བཟང་མཚོ་ཁོ་ན་ཡིན་སྟབས། དུས་རྒྱུན་ཁོའི་ཕུ་བོའི་ཀུང་ཟིར་སོང་ནས་རོགས་རམ་བྱེད་དགོས་ཀྱི་ཡོད་པ་རེད། ཁྱིམ་རྒྱུད་ཀྱི་ཁེ་ལས་དེ་བདེ་ལ་འབབ་དགོས་ན་དོ་དམ་པ་བཟང་བོ་ཞིག་ཡོད་རྒྱུ་ནི་ཤིན་ཏུ་དགོས་གལ་ཆེ་སྟབས། ཀུན་བཟང་མཚོ་ཡིས་གནས་ཚུལ་དེའི་སྐོར་ལ་ཞིབ་འདང་མང་པོ་བརྒྱབས་རྗེས་རང་ཉིད་ཀྱི་བོད་ཟས་ཁང་དེ་གཞན་ལ་བསྐོར་ནས་རང་ཉིད་དངོས་སུ་རིག་གནས་ཁང་གི་དོ་དམ་བྱ་བའི་ཁྲོད་དུ་ཞུགས།
ཀུན་བཟང་མཚོ་ནི་རྒྱང་རིང་ལ་འདང་རྒྱག་ཤེས་མཁན་གྱི་མི་ཞིག་རེད། སྐབས་དེར་ལོ་ན་སོ་གཉིས་ལ་སོན་པའི་ཀུན་བཟང་མཚོ་ཡིས་ཁེ་ལས་ལ་དོ་དམ་བྱེད་པའི་དུས་མཉམ་དུ་ཐང་གའི་རི་མོ་ལ་ཚོན་གཏོང་བཞིན་ཡོད། ཆུང་དུས་ནས་ལག་ཤེས་བཟོ་ལས་ལ་དགའ་བའི་ཁོ་མོས་དུས་རྒྱུན་ལག་ཤེས་བཟོ་ལས་ཀྱི་སྒྱུ་རྩལ་ལ་འབད་བཞིན་ཡོད། ཉིས་སྟོང་བཅུ་བཞི་ལོར། རིག་གནས་ཁང་དེ་རུ་བུད་མེད་ཀྱི་ཁྱིམ་གཞི་ཞེས་པ་འཛུགས་སྐྲུན་བྱས་ནས་ས་གནས་དེའི་བུད་མེད་བཟོ་ལས་ལག་ཤེས་པ་ནང་འདྲེན་བྱས་པར་མ་ཟད་ད་དུང་ཐེན་ཅིན་ནས་ཀྱང་གཙགས་དྲུབ་ཐད་ཀྱི་བུད་མེད་ལག་ཤེས་བཟོ་ལས་པ་ནང་འདྲེན་བྱས་ནས། རིན་མེད་སྒོས་བུད་མེད་རྣམས་ལ་ལག་རྩལ་ཁྲིད་པ་དང་བཟའ་བཏུང་དང་སྡོད་གནས་སོགས་མཁོ་འདོན་བྱས། བྱེད་སྟངས་དེའི་དབང་གིས་ས་གནས་དེའི་བུད་མེད་མང་པོ་ཞིག་རེབ་ཀོང་ཐང་གའི་སྒྱུ་རྩལ་ལ་དགའ་མོས་བྱེད་མཁན་དང་རྒྱུད་འཛིན་པར་གྱུར་བ་དང་། གཞན་བུད་མེད་མང་པོ་ཞིག་ནི་དམིགས་ཡུལ་ཅི་ཡང་མེད་པར་ཡོང་ནས་མཐར་ཀུན་བཟང་མཚོའི་གམ་ནས་ལག་ཤེས་བཟོ་ལས་ལ་བརྟེན་པའི་རེབ་གོང་སྒྱུ་རྩལ་གྱི་ལམ་ཁར་བསྙེགས་པ་རེད། ཉིས་སྟོང་བཅུ་བདུན་ལོའི་ཟླ་དྲུག་པར། ཀུན་བཟང་མཚོ་ཡིས་ཁོ་མོའི་བུད་མེད་ལས་རོགས་པ་དག་གིས་གྲུབ་པའི་ཐུན་རིན་རྫོང་བུད་མེད་མི་རིགས་ལག་ཤེས་སྒྱུ་རྩལ་ཐོན་སྐྱེད་ཆེད་ལས་མཉམ་ལས་ཁང་བཙུགས་ཏེ། ཕྱོགས་ཡོངས་ནས་བུད་མེད་ཀྱི་ལག་ཤེས་འཁེལ་འཐག་དང་རེབ་ཀོང་སྒྱུ་རྩལ་གྱི་མི་སྣ་སྐྱེད་སྲིང་བྱས་པར་མ་ཟད། སྒྱུ་རྩལ་ཐོན་རྫས་འགྲེམ་སྟོན་དང་རིག་གནས་བརྗེས་རེས་སོགས་བྱ་འགུལ་སྤེལ། མིག་སྔར་ཆེད་ལས་མཉམ་ལས་ཁང་དེར་ལས་བཟོ་བ་བཞི་ཅུ་ཞེ་བརྒྱད་ཡོད་ཅིང་། དེ་དག་ཚང་མས་རིག་གནས་དར་སྤེལ་དང་བུད་མེད་ཀྱི་ལག་ཤེས་འཁེལ་འཐག་སྒྱུ་རྩལ་དང་ཐང་གའི་སྒྱུ་རྩལ་གྱི་ཤུགས་རྐྱེན་ནུས་པ་རྒྱ་བསྐྱེད་པའི་ཕྱོགས་ལ་འབད་འབུངས་ལྷུར་ལེན་བྱེད་ཀྱི་ཡོད།
ཀུན་བཟང་མཚོ་ནི་སྤྲོ་སེམས་འཁོལ་བའི་མི་ཞིག་རེད། སློབ་ཆུང་གི་རིག་གནས་ཆུ་ཚད་མ་གཏོགས་མེད་པའི་ཀུན་བཟང་མཚོ་ནི་སྡེ་བའི་ནང་དུ་མིང་ཡོད་པ་ཞིག་རེད། སྡེ་བའི་ནང་གི་བྱ་འགུལ་གང་ཞིག་དང་ཡང་ན་བུད་མེད་རྣམས་མཉམ་གཅིག་ཏུ་ཚོགས་པ་སོགས་བྱ་འགུལ་གང་ཞིག་ཡིན་ཀྱང་ཁོ་མོའི་སྤྲོ་སྣང་གིས་མཐའ་འཁོར་གྱི་མི་རེ་རེ་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ཀྱི་ཡོད་པ་རེད། མཉམ་ལས་ཁང་དེ་ཐོག་མར་བཙུགས་པའི་སྐབས་སུ། ཀུན་བཟང་མཚོ་ཡིས་བྱིས་པ་གཉོར་བ་དང་ལས་ཀར་བྲེལ་བ་ཆེ་བ། ལག་རྩལ་སྦྱོང་བ་བཅས་ཀྱིས་ཁོ་མོར་བྱ་བའི་གནོན་ཤུགས་དང་འགན་འཁྲི་ཤིན་ཏུ་ལྕི། ཡིན་ནའང་ཁོ་མོས་བྱ་བའི་གནོན་ཤུགས་ཡོད་ཚད་ནང་སེམས་ཀྱི་སྒུལ་ཤུགས་སུ་བསྒྱུར་ནས་ཚོགས་པའི་ནང་གི་བུད་མེད་རྣམས་ཁྲིད་ནས་ཞི་ཨན་དང་ཐེན་ཅིན་སོགས་སུ་སློབ་སྦྱོང་བྱེད་དུ་སོང་། ཀུན་བཟང་མཚོ་ཡིས་ངེས་པར་དུ་སྒོར་བུད་ནས་རྒྱང་ལྟ་བྱེད་དགོས་ཟེར། ཆེས་བརྗེད་པར་དཀའ་བ་ཞིག་ནི་ཀུན་བཟང་མཚོ་ཡིས་བུད་མེད་བཅུ་དྲུག་ཁྲིད་ནས་ཐེ་གོ་རྒྱལ་ཁབ་ཏུ་གནས་སྐོར་ལ་སོང་བ་དེ་རེད། གནས་སྐོར་ལ་འགྲོ་ཐེངས་དེ་དག་གིས་ཁོ་མོ་ཚོར་མིག་རྒྱ་བསྐྱེད་ཅིང་ནང་སེམས་ཀྱི་འགྱུར་བ་ཕུན་སུམ་ཇེ་ཚོགས་སུ་བཏང་བར་མ་ཟད། ཚང་མས་ལག་ཤེས་ནུས་རྩལ་ལ་སྦྱང་བརྩོན་བྱས་ནས་འབྱོར་འབྲིང་གི་ཕྱོགས་སུ་བསྐྱོད་པའི་ཡིད་ཆེས་ཇེ་དྲག་ཏུ་བཏང་ཡོད་པ་རེད།
ཀུན་བཟང་མཚོ་ནི་སློབ་སྦྱོང་བྱེད་རྒྱུར་དགའ་བའི་མི་ཞིག་རེད། ཁོ་མོའི་བུ་ཆེ་བ་དེ་སློབ་འབྲིང་འགྲིམ་པའི་སྐབས་སུ་གློ་བུར་དུ་སློབ་གྲྭར་འགྲོ་འདོད་མེད་པར་གྱུར་ནས་རང་ཡུལ་ནས་བསྡད། སྐབས་དེར་ཀུན་བཟང་མཚོ་ཡིས་རང་གི་མྱོང་བ་རེ་རེ་ཕྲེང་བར་བརྒྱུས་ནས་བུ་ཆུང་ལ་སློབ་གསོ་བཏང་བ་དང་། རང་ཉིད་དཔེ་རུ་བླངས་ནས་རིག་གནས་ཆུ་ཚད་མེད་ན་རྒྱུ་ཆ་ཞིག་འབྲི་དགོས་ཀྱང་གཞན་ལ་ཞུ་བ་བྱེད་དགོས་པ་སོགས་ཀྱི་དཔེ་འཇོག་མང་པོ་བྱས་པ་དང་། ཁོ་མོས་ད་དུང་བྱིས་པའི་དགེ་རྒན་དང་ཉེ་འགྲམ་གྱི་གྲོགས་པོ་སོགས་ལ་བྱིས་པར་ཇི་ལྟར་སློབ་གསོ་གཏོང་དགོས་པའི་སྐོར་ནས་བཀའ་འདྲི་ཞུས། གཟའ་འཁོར་གཅིག་གི་རྗེས་སུ་བྱིས་པས་སྔར་བཞིན་དཔེ་ཁུག་ཁུར་ནས་སློབ་གྲྭར་བུད་སོང་།
ཀུན་བཟང་མཚོ་ནི་དྲིན་གཟོ་བྱེད་ཤེས་པའི་མི་ཞིག་རེད། ཀུན་བཟང་མཚོ་ཡིས་རང་ཉིད་ད་ལྟའི་ལམ་འདི་འདྲ་ཞིག་ལ་བསླེབས་ཐུབ་པ་ནི་རང་གི་ཁྱོ་ག་རྡོ་རྗེ་རིན་ཆེན་གྱི་སྣེ་ཁྲིད་དང་ཁ་འབྲལ་ཐབས་མེད་པ་ཞིག་ཡིན་ཟེར། མཉམ་ལས་ཁང་གི་ད་ལྟའི་འཕེལ་རྒྱས་འདི་ཡང་ཐུན་རིན་རྫོང་གི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཐུགས་ཁུར་དང་རྒྱབ་སྐྱོར། སྣེ་ཁྲིད་བཅས་དང་འབྲལ་ཐབས་མེད་པ་ཞིག་ཡིན་ཟེར། ཆེད་ལས་མཉམ་ལས་ཁང་དེའི་རྗེས་ཕྱོགས་ཀྱི་བྱ་བའི་སྐོར་གླེང་སྐབས་ཀུན་བཟང་མཚོ་ཡིས་བཤད་རྒྱུར། གཙགས་དྲུབ་སྐོར་གྱི་ཚོང་རའི་སྒོ་ད་དུང་འབྱེད་མེད། རྗེས་ཕྱོགས་ཀྱི་འཕེལ་རྒྱས་ཀྱི་བགྲོད་ལམ་དེ་འགྲན་རྩོད་ཀྱིས་ཁེངས་ཡོད་པར་མ་ཟད་གོ་སྐབས་ཀྱིས་ཀྱང་ཁེངས་ཡོད་ཟེར། གནད་དོན་ལ་འཕྲད་ཚེ། ཁོ་མོས་རང་གི་ཁྱོ་ག་ལ་བསམ་ཚུལ་དང་འབྲེལ་ཡོད་མི་སྣ་དག་ལ་བསམ་ཚུལ་བརྗེ་རེས་བྱེད་ངེས་ཡིན་ལ། དེ་ལྟར་བྱས་ཚེ་ཆེད་ལས་མཉམ་ལས་ཁང་དེ་སྔར་ལས་ལེགས་ཕྱོགས་སུ་འཕེལ་བའི་ཡིད་ཆེས་ཆེན་པོ་ཡོད་ཟེར།
བུད་མེད་ཀྱི་ཆེས་རིན་ཐང་ལྡན་པའི་གཤིས་རྒྱུད་གླེང་དུས། ཀུན་བཟང་མཚོ་ཡིས་བཤད་རྒྱུར། བུད་མེད་ཞིག་ཡིན་ན་ངེས་པར་དུ་དཔལ་འབྱོར་གྱི་ཐད་ནས་སྒེར་ཚུགས་བྱེད་དགོས་པ་དང་། དེ་ལྟར་ཡིན་ཚེ་ད་གཟོད་རང་ཉིད་ལ་དབང་བའི་གོ་གནས་ཤིག་ཡོད་པར་མ་ཟད། རང་ཉིད་ཀྱི་རིན་ཐང་མངོན་འགྱུར་བྱེད་ཐུབ་ལ་སྤྱི་ཚོགས་ཀྱི་སྣང་ཚུལ་དག་ལ་བཅོས་བསྒྱུར་ཡང་བྱེད་ཐུབ་ཟེར།
རྒྱལ་ཁབ་ཀྱི་ཞིང་སྡེ་འཕེལ་རྒྱས་འཐབ་ཇུས་ལག་བསྟར་བྱས་པ་དེས་རང་མོས་མཁན་མང་པོ་ཞིག་ལ་འཕེལ་རྒྱས་ཀྱི་གོ་སྐབས་ཆེན་པོ་འདོན་སྤྲོད་བྱས་ཡོད་པར་མ་ཟད། འཇོན་ཐང་སྣ་ཚོགས་ལྡན་པའི་མི་སྣ་སྐོར་ཞིག་ལ་རང་གི་བློ་གྲོས་དང་རྣམ་དཔྱོད་ཀྱི་རྩལ་ནུས་ངོམས་པའི་སྡིངས་ཆ་ལེགས་པོ་ཞིག་ཀྱང་འདོན་སྤྲོད་བྱས་ཡོད། ཀུན་བཟང་མཚོ་ཡིས་དུས་རབས་གསར་བའི་འཇོན་ཐང་ལྡན་པའི་མི་སྣ་སྟེ་རང་གི་ལས་གྲོགས་བུད་མེད་རྣམས་ཀྱི་སྣེ་ཁྲིད་ནས་དེ་དག་གི་ཁྱིམ་ཚང་གི་འཚོ་བར་འགྱུར་ལྡོག་གཏོང་བཞིན་ཡོད་པར་མ་ཟད། མ་འོངས་པར་ཞིང་སྡེ་འཕེལ་རྒྱས་ཀྱི་ལས་དོན་ཐད་ལ་སྔར་མེད་ཀྱི་སྒུལ་ཤུགས་ཆེན་པོ་འདོན་སྤེལ་བྱེད་ཐུབ།
ལོ་ཙཱ་བ། གཡང་འབུམ་རྒྱལ།