ཟླ་དང་པོའི་ཚེས་གསུམ་ཉིན། མཚོ་སྔོན་པོའི་བྱང་འགྲམ་གྱི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་དུ་གྲང་རླུང་འུར་འུར་དུ་ལྡང་ཞིང་། ས་གཞི་འཁྱགས་པས་བསྡམས། གསར་འགོད་པས་གྲང་ངར་གདོང་གིས་བསུས་ཏེ་ཁྱོན་རྒྱས་ཞང་ཉིན་ཞྭ་སྡེ་བར་སོང་ནས་ད་ལོ་ལོ་ན་རེ་བཞིར་སོན་ཞིང་། འབྲོག་པ་མང་ཚོགས་ཀྱིས་ཆེས་བརྩི་བཀུར་ཐོབ་པའི་རྒད་པོ་ཚེ་རིང་ཐར་འཚོལ་དུ་སོང་།
མི་རབས་ནས་མི་རབས་བར་རྩྭ་ཐང་དུ་འཚོ་བ་རོལ་བའི་ཚེ་རིང་ཐར་ལ་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་ལྟ་བུའི་སེམས་རྒྱ་དང་བརྩེ་སེམས་ཡོད། ཁོ་ཚང་ལ་བཟའ་མི་ལྔ་ཡོད་པ་དང་། སྒྲིག་ཁྲིམས་བརྩི་སྲུང་དང་། ཕན་ཚུན་གཅེས་སྐྱོང་། ཡར་ཐོན་བརྩོན་ལེན། མི་གཞན་ལ་རོགས་རམ་བྱེད་རྒྱུར་དགའ་བས། ཁྱིམ་མཚེས་ཚང་མས་གདེང་འཇོག་ཆེན་པོ་ཐོབ།
ཚེ་རིང་ཐར་དང་ཁོའི་ཆུང་མ་གཉིས་ཀྱི་འབད་བརྩོན་ལ་བརྟེན་ནས། ཁོ་ཚང་གི་ཁྱིམ་ཚང་དང་། ཁྱིམ་ཚང་གི་རྭ་སྐོར་སོགས་གཙང་ཞིང་དག་ལ། དངོས་པོ་ཐམས་ཅད་གྲལ་དག་མོར་བསྒྲིགས་ཡོད་ཅིང་། ཁང་བའི་ནང་དུ་བདེ་སྣང་ཞིག་ངང་གིས་བསྟེར་ལ། ཁང་བའི་མདུན་རྒྱབ་ཐམས་ཅད་ཀྱང་ཧ་ཅང་གཙང་། ཁྱིམ་མི་གང་བོ་གཙང་སྦྲར་དགའ་བ་མ་ཟད། ད་དུང་ཁོར་ཡུག་སྲུང་སྐྱོབ་ལའང་མཐོང་ཆེན་བྱེད་བཞིན་ཡོད། རང་ཁྱིམ་གྱི་ལས་ཀ་ཐམས་ཅད་བསྒྲུབས་རྗེས། དུས་རྒྱུན་རྩྭ་ཐང་དང་ལམ་འགྲམ་དུ་སོང་ནས་གད་སྙིགས་འཐུས་ནས། རང་འགུལ་སྒོས་རྩྭ་ཐང་མཛེས་བཟོ་བྱེད་མཁན་བྱེད་བཞིན་ཡོད་པ་རེད།
ཚེ་རིང་ཐར་ནི་ཐུན་མོང་ལ་སེམས་ཁུར་བྱེད་མཁན་ཞིག་དང་། མི་གཞན་ལ་རོགས་རམ་བྱེད་རྒྱུར་དགའ་ཞིང་། གཞུང་དོན་སྒྲུབ་ན་དྲང་བདེན་ཡིན། ཁོས་ནམ་རྒྱུན་སེམས་ཤུགས་མང་ཆེ་བ་རང་གི་ཁྱིམ་ཚང་ནས་ཐུན་མོང་དང་ཡུལ་མི་ཚོའི་ཁྱིམ་ཚང་ཆེན་པོའི་སྟེང་དུ་འབུལ་བཞིན་ཡོད་པ་དང་། སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་དང་མཉམ་འབྲེལ་དམ་པོ་བྱས་ནས་ཁྱིམ་ཚང་དང་ཁྱིམ་མཚེས་བར་གྱི་འགལ་བ་འདུམ་འགྲིག་དང་། མི་གཞན་གྱི་ཐོན་སྐྱེད་འཚོ་བའི་ཁྲོད་ཀྱི་དངོས་ཡོད་དཀའ་ཁག་ཐག་གཅོད་བྱེད་པར་རོགས་རམ་དང་། ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་སོ་སོ་དྲིལ་སྒྲོག་བྱེད་པའི་ལས་འགན་དང་དུ་བླངས་ནས། སྲོལ་རྒྱུན་གྱི་སྤྱོད་བཟང་དར་སྤེལ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན། སྤྱི་ཚོགས་བརྟན་འཇགས་སྲུང་སྐྱོབ་བཅས་ཀྱི་ཐད་རང་གི་རྔུལ་ཁྲག་བཏོན་ཏེ། ཚང་མས་བརྩི་བཀུར་ཐོབ།
ཉིན་ཞྭ་སྡེ་བའི་སྒྲོལ་མ་ཚང་གི་རྩྭ་ས་ཡོད་ས་དམིགས་བསལ་ཡིན་པའི་རྐྱེན་གྱིས་རྩྭ་ར་དང་ཆུ་མགོ་བར་དུ་ཐད་ཀར་ཆུ་རྐ་མེད་པས། ཕྱུགས་ཟོག་གིས་ཆུ་འཐུང་དགོས་ན་མི་གཞན་ལ་ཞུ་བ་བྱས་ནས་ལམ་བསྐོར་དགོས་པ་དང་། དེ་ནི་སྒྲོལ་མ་ཚང་གིས་ལོ་ངོ་མང་པོའི་རིང་གི་དཀའ་ཁག་ཅིག་ཏུ་གྱུར་ཡོད། ཚེ་རིང་ཐར་གྱིས་དོན་དེ་སེམས་སུ་ཉར་ནས་ཕྱོགས་གང་སར་རྒྱུགས་ཏེ་ཐག་གཅོད་བྱེད་ཐབས་བཙལ། ཁོའི་འབད་བརྩོན་གྱི་འོག་ཏུ། ཁྱིམ་ཚང་གཞན་དེས་ཚེ་རིང་ཐར་གྱིས་སེམས་རྣམ་དག་གི་གཞན་ལ་རོགས་རམ་བྱེད་པའི་རྣམ་འགྱུར་ལ་སེམས་འགུལ་ཐེབས་ཏེ། རིན་མི་དགོས་པར་རང་ཉིད་ཀྱི་རྩྭ་སའི་སྟེང་སྤྱི་ལེ་གཉིས་ཕྱིར་བསྣུར་བྱེད་པར་འཐད་པ་བྱུང་། སྒྲོལ་མ་ཚང་གི་ཕྱུགས་ཀྱི་ཆུ་འཐུང་ས་དེ་ཁོ་མོའི་ལོ་ངོ་མང་པོའི་སེམས་ངལ་ཅིག་ཏུ་གྱུར་ཡོད། ཚེ་རིང་ཐར་གྱི་འབད་བརྩོན་གྱི་འོག་ནས་གནད་དོན་དེ་གཞི་ནས་ཐག་གཅོད་བྱེད་ཐུབ་པ་བྱུང་། འགལ་བ་འདི་ལྟ་བུ་མང་པོ་ཞིག་མི་གཞན་གྱི་ཁེ་ཕན་དང་ཐད་ཀར་འབྲེལ་བ་ཡོད་ལ། རྒྱུ་རྐྱེན་རྙོག་འཛིང་ཆེ་བས། མི་གཞན་གྱིས་ཁ་ཡ་བྱེད་འདོད་མེད་པ་དང་། ཁ་ཡ་ཡང་བྱེད་མི་ཕོད། ཡིན་ཡང་ཚེ་རིང་ཐར་ནི་འགན་ཁུར་ཡོད་པ་དང་། དྲང་བདེན་སྐྱོང་མཁན་ཞིག་ཡིན་པས། མི་གཞན་དཀའ་ངལ་ལ་འཕྲད་ཚེ། ཁོས་རང་ནུས་ཅི་ཡོད་ཀྱིས་རོགས་སྐྱོར་བྱེད་གང་ཐུབ་བྱེད་པ་ལས་ལྟད་མོར་ལྟོས་ནས་སྡོད་མི་སྲིད། ཁོས་བཤད་ན། ཁྱིམ་མཚེས་ཕན་ཚུན་བར་གྱི་འཆམ་མཐུན་ལ་གནོད་པའི་བྱ་བ་གང་ཡིན་ཡང་ཁོས་ཁ་ཡ་བྱེད་བཞིན་ཡོད་ལ། ཚང་མར་འདྲ་མཉམ་གྱི་སྒོ་ནས་བྱ་བ་སྒྲུབ་བཞིན་ཡོད། ཚེ་རིང་ཐར་གྱིས་ལྷག་བསམ་རྣམ་དག་གིས་མང་ཚོགས་ཀྱི་དོན་དག་ཙག་ཙིག་མང་པོ་ཐག་གཅོད་བྱས་པ་དང་། ཁྱིམ་མཚེས་བར་དང་ཁྱིམ་ཚང་གི་རྩོད་གཞི་མང་པོ་འདུམ་འགྲིག་བྱས་པས། སྡེ་བའི་རྒད་པོ་ཞེས་པའི་མཚན་སྙན་དེ་ཡང་མིང་དོན་མཚུངས་པ་ཞིག་རེད།
ཚེ་རིང་ཐར་གྱིས་བྱ་བ་བསྒྲུབས་པ་དྲང་བདེན་ཡིན་པས། མང་ཚོགས་ཀྱིས་ཡིད་ཆེས་ཟབ་མོ་ཐོབ་པ་དང་། སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་བྱ་བར་མཐུན་སྦྱོར་བྱེད་པའི་ཁྲོད་ནུས་པ་གལ་ཆེན་འདོན་བཞིན་ཡོད། ཉིས་སྟོང་བཅུ་བདུན་ལོའི་ཟླ་བརྒྱད་པར། ཉིན་ཞྭ་སྡེ་བའི་ཏང་ཀྲི་པུའུ་ཡི་གཉིས་སློབ་གཅིག་སྒྲུབ་ཀྱི་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ། ཏང་འཛུགས་སྐྲུན་བྱས་ནས་དབུལ་ཕོངས་ལས་ཐར་བ་དང་། མཉམ་དུ་འབྱོར་འབྲིང་ལམ་དུ་བསྐྱོད་པ་བརྗོད་གཞི་ཡིན་པའི་ཏང་གི་བྱ་འགུལ་སྤེལ། ཚེ་རིང་ཐར་ནི་སྤྱིར་བཏང་གི་མང་ཚོགས་དཀྱུས་མ་ཞིག་ཡིན་པ་དང་། སྡེ་བའི་ནང་གི་ཤེས་རྒྱ་ཅན་གྱི་རྒད་པོ་ཞིག་ཡིན་པའི་ཆ་ནས། ཉིན་ཞྭ་སྡེ་བའི་ཏང་དང་མང་ཚོགས་ཀྱི་སྟོབས་ཤུགས་གཅིག་བསྡུས་བྱས་ནས། དབུལ་སྐྱོར་མཁྲེགས་གཏོར་ལ་སྐུལ་འདེད་བྱེད་པའི་མ་མོ་ཞལ་འདེབས་དང་བགོ་བྱ་བྱེད་པའི་བྱ་འགུལ་གྱི་རྩ་འཛུགས་ནང་ཞུགས། བྱ་འགུལ་ཁྲོད། སྡེ་བ་ཡོངས་ཀྱི་ཏང་ཡོན་དང་། མང་ཚོགས་རང་སྟེང་ནས་སྒོར་མོ་འབུམ་གཅིག་ལྷག་ཞལ་འདེབས་ཕུལ་ནས་མ་མོ་བརྒྱ་དང་ང་དྲུག་ཉོས་པ་དང་། ལུ་གུ་རྩེབས་རྗེས་མ་མོ་ཕྱིར་འཚོང་དང་ལུ་གུ་སོར་འཇོག་གི་འཕེལ་རྒྱས་རྣམ་པས་ཡིག་ཚགས་བཙུགས་པ་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་གསུམ་ལ་རོགས་སྐྱོར་བྱས། མི་ལ་ཁེ་བཟང་བསྐྲུན་པའི་རྣམ་པས་དབུལ་ཕོངས་མང་ཚོགས་ཀྱིས་ཕྱུགས་ལས་ཐོན་སྐྱེད་འཕེལ་རྒྱས་གཏོང་བར་དམིགས་གཏད་ཡོད་པའི་སྒོ་ནས་རོགས་རམ་དང་མཛུབ་སྟོན་བྱས་ཏེ། ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པ་དེས་སྡེ་བ་ཡོངས་ཀྱི་མང་ཚོགས་རྣམས་ཁྱོན་ཡོངས་ནས་དབུལ་ཐར་བྱེད་རྒྱུ་མངོན་འགྱུར་བྱས་པར་མ་ཟད། སྡེ་བ་ཡོངས་ཀྱི་མང་ཚོགས་རྣམས་ཀྱིས་རང་སྟོབས་རང་སྤེལ་དང་། འབྱོར་འབྲིང་གི་འཚོ་བ་འཛུགས་སྐྲུན་བྱེད་པའི་ཡིད་ཆེས་སྔར་ལས་ཇེ་མཐོར་བཏང་། ཁྱིམ་ཚང་ནང་གི་བརྩེ་བ་དེ་ལ་བརྩེ་བ་ཆུང་ངུ་ཟེར། ཚེ་རིང་ཐར་ནི་རྐང་ཚའི་རྩྭ་ཐང་གི་ཤེས་རྒྱ་ཅན་གྱི་རྒད་པོ་གཞན་དག་དང་འདྲ་བར་། ཁོའི་བརྩེ་བ་དེ་ཁྱིམ་ཚང་ནས་སྤྱི་ཚོགས་དང་ཁྱིམ་མཚེས་ཀྱི་སྟེང་དུ་རྒྱུན་བསྲིངས་ཡོད་པས། བརྩེ་བ་ཆེན་པོར་གྱུར་ཡོད། བརྩེ་བ་ཆེན་པོ་འདི་འདྲ་ཡོད་པས། ཁོ་ཚོས་རང་ཉིད་ཀྱི་ཁྱིམ་ཚང་ཆུང་ཆུང་སྐྱོང་བའི་ཞོར་དུ། ད་དུང་མང་ཚོགས་དང་ཐུན་མོང་ལ་ཕན་པའི་དོན་དག་མང་པོ་བསྒྲུབས་ཏེ། དངོས་ཡོད་ཀྱི་བྱ་སྤྱོད་སྟེང་ནས་ཉེ་འགྲམ་གྱི་སྡེ་བའི་མང་ཚོགས་ལ་ཤན་ཤུགས་ཐེབས་སུ་བཅུག་པ་དང་སྣེ་ཁྲིད་བྱས་ལ། འཆམ་མཐུན་དབྱངས་སྙན་གྱིས་མི་རིགས་མཐུན་སྒྲིལ་གྱི་རོལ་དབྱངས་སྙན་མོ་ཞིག་དཀྲོལ།
ལོ་ཙཱ། ཚེ་རིང་སྒྲོལ་མ།