དེང་སྐབས་དབུལ་ཐར་བྱེད་པ་དེ་འདྲ་དཀའ་མོ་ཞིག་མ་རེད།
2019.03.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 59

ཟླ་མཇུག་ལ་འགྲོ་རན་པས་སྐལ་བཟང་ཚེ་རིང་དང་ནོར་བུ་འཚོ་གཉིས་ཀྱིས་ཅང་སུའུ་ལ་འཁྱེར་དགོས་པའི་རྩམ་པ་དང་ཆུར་བ་གྲ་སྒྲིག་བྱེད་བཞིན་པ།

ནོར་བུ་འཚོས་མཛེས་བཟོ་བྱས་མ་ཐག་པའི་ཁང་པར་གཙང་སྦྲ་བྱས་ནས་གྲལ་དག་ཅིང་དྲོད་ཁོལ་གྱིས་ཁེངས་ཡོད།

དཔྱིད་འགོ་ཚུགས་པ་ན། སྐར་མཚོ་འགྲམ་གྱི་རྩྭ་ཐང་དུ་སྔར་བཞིན་གྲང་རླུང་འུར་འུར་དུ་ལྡང་བཞིན་ཡོད། ཀྱག་ཀྱོག་གི་རི་ལམ་བརྒྱུད་དེ་རྩྭ་ཐང་གི་ཁུག་སོ་རུ་མདུན་དུ་བསྐྱོད་པ་ན། རི་ལམ་ཀྱག་ཀྱོག་ཡིན་པའི་ས་ཆ་ཞིག་ཏུ་མུ་ཏིག་བསྟར་འདྲའི་བོད་ལུགས་ཀྱི་ཁང་པ་ཞིག་ང་ཚོའི་མིག་མདུན་དུ་མངོན་བྱུང་། ཁང་སྒོ་ཕྱེས་པ་ན། བོད་རིགས་ཀྱི་སྐྱེས་པ་ཞིག་གིས་དགའ་བ་འབུམ་གྱིས་ང་ཚོར་བསུ་མ་བྱས་བྱུང་།

“ལོ་སྔོན་མར་སྒོར་འབུམ་གཅིག་དང་ཁྲི་དྲུག་གསོག་ཐུབ་བྱུང་བས་རང་ཁྱིམ་དུ་ལོག་རྗེས་ཐོག་མར་ཁང་པ་འདི་མཛེས་བཟོ་བྱས་པ་ཡིན། ད་ལྟ་ཁང་བའི་ནང་དྲོན་པོར་གྱུར་ཡོད།”གྲོང་རྡལ་གྱི་འགོ་གཙོ་གཞོན་པ་རིན་ཆེན་གྱིས2018ལོའི་ཡོང་སྒོའི་གནས་ཚུལ་འདྲི་སྐབས། སྐལ་བཟང་ཚེ་རིང་གིས་ཅུང་ངོ་ཚ་བའི་སྒོ་ནས་ལན་བཏབ་ཀྱང་སྨིན་མཚམས་སུ་གནོན་མི་ཐུབ་པའི་དགའ་བས་བརྟས་ཡོད།  “དངོས་གནས་བསམ་ཡུལ་ལས་འདས་པ་ཞིག་རེད། མ་སོང་བའི་སྔོན་དུ་ད་དུང་འདི་ལྟར་འདང་བརྒྱབ་པ་ཡིན་ཏེ། གལ་ཏེ་སྒོར་འབུམ་གཅིག་གསོག་ཐུབ་བྱུང་ན་ཆོག་པར་འདོད་ཡོད”ཟེར།

སྐལ་བཟང་ཚེ་རིང་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་རིག་སྨོན་གྲོང་རྡལ་རབ་འོག་མ་སྡེ་བའི་སྡེ་མི་ཞིག་ཡིན། ལོ་བཅུ་ལྷག་གི་ཡར་སྔོན་དུ།  སྡེ་མི་ཚང་མས་ནོར་ལུག་ལ་བརྟེན་ནས་འཚོ་བ་རོལ་བའི་སྐབས་སུ་ཁོ་རང་ཧ་ཅང་དབུལ་བས་ཕྱི་རོལ་དུ་ཞོར་ལས་ལ་སོང་།

"ཁྱིམ་དུ་ནོར་ཁ་ཤས་དང་ལུག་བཅུ་ལྷག་ལས་མེད་ལ། ཁྱིམ་གྱི་བཟའ་མི་གསུམ་གྱིས་ཟ་མ་ཟ་དགོས་ཞིང་། བྱིས་པའང་སློབ་གྲྭར་འགྲོ་དགོས་པས་དོན་ཅི་ཞིག་སྒྲུབ་ཀྱང་དཀའ་ཁག་ལྡན། "

ཁོ་ཁྱིམ་དང་ཁ་བྲལ་ཏེ་ཕྱི་ལ་སོང་མོད། གཅིག་ནས་ལག་རྩལ་མེད་པ་དང་གཉིས་ནས་རིག་གནས་མེད་པས། བྱ་བ་ཞིག་བཙལ་རྒྱུ་ནི་ལས་སླ་མོ་ཞིག་གཏན་ནས་མིན་པར་ཁོས་གླ་བྱས་ཏེ་ཞོར་ལས་བསྒྲུབས།   འོན་ཀྱང་ལོ་གཅིག་ལ་དཀའ་སྡུག་མྱངས་ཀྱང་ཡོང་སྒོ་དམའ་བས། སྐབས་རེར་ལས་བཟོའི་འགོ་བ་ཁ་དན་ཚིག་ལ་མི་གནས་པ་ཞིག་ཡིན་ཚེ། གླ་ཆ་ལེན་པ་ལའང་དཀའ་ལས་མི་ཉུང་བ་ཞིག་མྱོང་དགོས།

2017ལོའི་ཟླ་བཅུ་གཅིག་པར་སྡེ་བའི་ནང་དུ་དོན་ཆེན་ཞིག་བྱུང་།

“ཅང་སུའུ་རུ་ལས་འགན་འཁུར་ནས་ལས་གཉེར་བྱེད་བཞིན་པའི་སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་དཔལ་མཁར་རྒྱལ་གྱིས་ང་ཚོའི་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ཚན་ཁག་གི་ཚོགས་མི་དང་། རུ་ཁག་སོ་སོའི་རུ་གཙོ། ད་དུང་ཉེ་འགྲམ་གྱི་ཚེ་ཧན་ཏ་བ་སྡེ་བའི་ལས་བྱེད་མི་སྣ་བཅས་ཅང་སུའུ་ཡི་བཟོ་གྲྭར་བརྟག་ཞིབ་བྱེད་པར་འཁྲིད་ཅིང་། དེའི་དམིགས་ཡུལ་ནི་སྡེ་མི་རྣམས་ལ་ལས་ཀ་ཞིག་འཚོལ་རྒྱུ་དེ་ཡིན”ཞེས་བཤད། ཕྱི་རོལ་དུ་ལོ་མང་པོར་བྱ་བ་བསྒྲུབས་པའི་སྡེ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་སྙིང་དཀར་རྒྱལ་གྱིས་དབུལ་ཐར་ཕྱུག་འགྱུར་བྱེད་འདོད་ན་ཁྱིམ་གྱི་ནོར་ལུག་ཁོ་ནར་བརྟེན་པས་མི་ཆོག་པ་སུ་ལས་ཀྱང་གསལ་བོར་རྟོགས་ཡོད།

མ་གཞི་དཔལ་མཁར་རྒྱལ་གྱིས་ཅང་སུའུ་རུ་ལས་འགན་འཁུར་ནས་ལས་གཉེར་བྱེད་པའི་བར་སྐབས་སུ། ས་གནས་དེ་གའི་ཁེ་ལས་ཆེ་གྲས་མི་ཉུང་བ་ཞིག་ལ་ལས་བཟོ་བ་མང་བོ་མཁོ་བ་དང་། ཕ་ཡུལ་དུ་ལྷག་མར་ལུས་པའི་ངལ་རྩོལ་པ་མང་པོ་ཞིག་གིས་ཞོར་ལས་རྙེད་དཀའ་བ་ཤེས་ནས། སྡེ་མི་ཚོ་ཅང་སུའུ་རུ་ལས་ཀར་མངག་རྒྱུའི་བསམ་ཚུལ་དྲག་པོ་ཞིག་ཁོའི་བློ་ངོར་ཤར། ཐེངས་འདིའི་བརྟག་ཞིབ་བྱེད་དོན་ནི་ཚང་མས་ལྷན་དུ་ཐབས་ཇུས་འདོན་རྒྱུ་དེ་རེད།

སྡོང་བོ་རྩད་པ་དང་བྲལ་ན་སྐམ་སྲིད་ཀྱང་མིས་འཚོ་ཐབས་བརྗེས་ན་ད་གཟོད་འཕེལ་རྒྱས་འབྱུང་སྲིད། བཟོ་གྲྭ་ཁ་ཤས་ལ་སྐོར་ཞིབ་བྱས་རྗེས། མི་མི་ཉུང་བ་ཞིག་གིས་ཐབས་འདི་སྤྱད་ན་བཟང་སྙམ་པས། ཕྱིར་སྡེ་བར་ལོག་ནས་བྲེལ་མྱུར་གྱིས་སྡེ་མིའི་ཚོགས་ཆེན་འཚོགས་ཏེ་སྡེ་མི་རྣམས་ཕྱི་རོལ་དུ་སོང་ནས་ཚོད་ལྟ་བྱ་རྒྱུའི་སྐུལ་སློང་བྱས། སྐལ་བཟང་ཚེ་རིང་གིས་གནས་ཚུལ་དེ་ཐོས་མ་ཐག་ཤིན་ཏུ་དགའ་མོད། ཅུང་མ་འགོར་བར་སླར་ཡང་སེམས་ཁྲལ་ཆེན་པོ་ཞིག་སྐྱེས་བྱུང་།

“དེ་འདྲའི་ས་ཐག་རིང་པོ་ཞིག་ནས་ལོབས་ནུས་སམ། རང་ཉིད་ལ་ལག་རྩལ་ཅི་ཡང་མེད་པས་ལས་ཀ་ཡག་པོ་ཞིག་སྒྲུབ་མ་ཐུབ་ཚེ་ཅི་བྱེད”ཅེས་བཤད། ཁོ་རང་ཐེ་ཚོམ་གྱི་དྲ་བར་ཚུད་པའི་སྐབས་སུ་དཔལ་མཁར་རྒྱལ་ཁོས་ཁྱིམ་དུ་ཐོན་བྱུང་།

“ཁྱོད་ཀྱིས་དུས་ཡུན་རིང་བོར་ཕྱི་ནས་གླ་བྱས་པས་ད་ཐེངས་ཚོད་ལྟ་ཞིག་བྱས་ན་ལེགས། ཁྱོད་ལས་གཞན་ཁྱོད་ཀྱི་ཆུང་མ་དང་བུ་བཅས་ཚང་མ་མཉམ་དུ་སོང་ན་ཆོག དེ་གར་སླེབས་རྗེས་ཐོག་མར་གསོ་སྦྱོང་བྱེད་པ་དང་།  དངོས་སུ་ལས་ཀར་ཞུགས་སྐབས་ལས་མི་ཐུབ་སྙམ་ཚེ་ཕྱིར་ལོག་ཆོག”ཅེས་དཔའ་མཁར་རྒྱལ་གྱིས་དེ་ལྟར་བཤད། སྐལ་བཟང་ཚེ་རིང་གིས་སྐད་ཆ་དེ་ཐོས་རྗེས་སེམས་ལ་རིམ་གྱིས་གདེང་ཚོད་ཡོད་བྱུང་།  2018ལོའི་ཟླ་གསུམ་པའི་ཟླ་མཇུག་ཏུ། ཁོང་བཟའ་མི་གསུམ་པོ“རབ་འོག་མ་སྡེ་བའི་ལས་སྒོ་གསར་སྤེལ་གདོང་ལེན་རུ་ཁག”ནང་གི“ཁྱིམ་ཚང་གི་ཚོགས་པ”ཤ་སྟག་ཡིན་པའི་ངོས་ནས་སྡེ་བའི་ནང་གི་སྡེ་མི་ལྔ་བཅུ་ལྷག་དང་མཉམ་དུ་ཅང་སུའུ་རུ་བསྐྱོད་པའི་མེ་འཁོར་ལ་བསྡད།

“འདི་ནི་དངོས་གནས་སྙིང་སྟོབས་ཆེན་པོའི་ཚོད་ལྟ་ཞིག་རེད། མི་ལྔ་བཅུ་ལྷག་གི་ཁྲོད་མཚོ་སྔོན་ནས་ཕྱི་ལ་འགྲོ་མྱོང་མཁན་ཧ་ལམ་གཅིག་ཀྱང་མེད། བཟའ་བཏུང་གོམས་སྲོལ་དང་། གནམ་གཤིས་ཀྱི་ཆ་རྐྱེན། སྐད་ཆའི་ཁོར་ཡུག་བཅས་ཀྱི་ཐད་ནས་སེལ་དགོས་པའི་དཀའ་ངལ་མང་པོ་འདུག”ཅེས་ལོགས་སུ་ཡོད་པའི་རིན་ཆེན་གྱིས་དེ་ལྟར་བཤད།

“དྲང་མོར་བཤད་ན། དང་ཐོག་དངོས་གནས་མི་ལོབས་པ་ཞིག་རེད”ཅེས་སྐལ་བཟང་ཚེ་རིང་གིས་དང་ཐོག་ཅང་སུའུ་ཧའེ་ཐུང་ཧའེ་ཡང་བཟོ་སྐྲུན་སྒྲིག་ཆས་ཚད་ཡོད་ཀུང་སི་ལ་ཐོན་པའི་གནས་ཚུལ་ཕྱིར་དྲན་བྱེད་སྐབས་མགོ་བོ་གཡུག་གཡུག་བྱེད། “ཟླ་གཉིས་ཀྱི་གསོ་སྦྱོང་ཁྲོད་དགེ་རྒན་གྱིས་ང་ལ་རེ་རེ་བཞིན་ཁྲིད་ཀྱང་སྐད་བརྡ་མ་འཕྲོད་པས་དགོད་གཏམ་མང་པོ་བསླངས་ཞིང་། འདས་ཟིན་པའི་ལོ་བཅུ་ཕྲག་ནང་ངས་བོད་སྐད་བཤད་རྒྱུར་གོམས་འདུག་པ་ལས་རྒྱའི་སྤྱི་སྐད་བཤད་མི་ཤེས།

ཕ་ཡུལ་དུ"ལྕགས་ཁེམ་བཟུང་ནས་ལོབས་ཡོད་པའི"སྐལ་བཟང་ཚེ་རིང་གིས་ཚ་ལ་རྒྱག་པའི་འཕྲུལ་ཆས་གཏན་ནས་བཀོལ་མ་མྱོང་བས་ལག་རྩལ་ལ་ཆ་རྒྱུས་མེད་པས། མགོ་བརྩམས་མ་ཐག་གི་སྐབས་སུ་ནམ་རྒྱུན་བསྐྱར་ལས་བྱེད་དགོས་པ་མ་ཟད། ཐེངས་འགར་ཅུང་མིན་ནས་མིག་ལ་རྨས་སྐྱོན་བཟོས་སོང་། དེ་ལྟར་ཉིན་འགའ་སོང་རྗེས། ཁྱིམ་དུ་ལོག་འདོད་ཀྱི་བསམ་པ་སྐྱེས་བྱུང་།

ཆུང་མ་ནོར་བུ་འཚོ་ཡིས་ཁྱོ་ག་ཕྱིར་བཤོལ་བྱེད་འདོད་པ་ཐོས་རྗེས་མི་འཐད་པའི་སྒོ་ནས"མི་ལྔ་བཅུ་ལྷག་གིས་རྒྱུན་འཁྱོངས་བྱེད་ཐུབ་པས། ངེད་བཟའ་མི་གསུམ་གྱིས་ཅི་ཞིག་ལ་ལས་མི་ཐུབ་བམ"ཞེས་བཤད།

ནོར་བུ་འཚོ་ཡི་སྐད་ཆ་ལ་ཉན་རྗེས། ཕམ་ཁ་ཁས་མི་ལེན་པའི་སྐལ་བཟང་ཚེ་རིང་གིས་ངེས་པར་དུ་ལག་རྩལ་བཟང་བོ་ཞིག་སྦྱོང་དགོས་སྙམ་པའི་སེམས་ཐག་བཅད། གསོ་སྦྱོང་མཇུག་སྒྲིལ་རྗེས་ཚ་ལའི་ལག་རྩལ་ལ་ཡར་ཐོན་ཡོད་པར་མ་ཟད། རྒྱ་སྐད་བཤད་པ་ཡང་ཇེ་ལེགས་སུ་སོང་ཡོད། འདི་ལྟར་བྱ་བ་རིམ་གྱིས་བདེ་ལེགས་སུ་གྱུར་ལ། ས་ཐག་རིང་བོ་ནས་ཡོང་བའི་ལས་བཟོ་བ་འདི་དག་ལ་ཁེ་ལས་ཀྱི་ཁས་ལེན་དང་བསྟོད་བསྔགས་ཐོབ།

དཔྱིད་ཀར་རྨོ་བཏབ་ན་སྟོན་ཁར་ལོ་ལེགས་འབྱུང་བའི་དཔེ་ལྟར། མིག་ལྡེབ་དབང་ཙམ་གྱིས་རང་ཡུལ་དུ་ལོག་སྟེ་ལོ་སར་རོལ་བའི་དུས་ལ་སླེབས། བཟའ་མི་གསུམ་གྱིས་རྩིས་ཤིག་བརྒྱབ་པ་ན་ཡོང་འབབ་ཁོ་ནར་སྒོར་འབུམ་གཅིག་དང་ཁྲི་དྲུག་ཡོད་པས། སྐལ་བཟང་ཚེ་རིང་དགའ་སྤྲོ་ཆེན་པོ་སྐྱེས་ཏེ"སྔོན་ཆད་མཚོན་ན་སྒོར་འདི་དག་ནི་ལོ་གསུམ་གྱི་ནང་དུའང་བཙལ་མི་ཐུབ"ཅེས་བཤད།

ད་ལོའི་ཟླ་དང་པོའི་ཚེས་བཅོ་ལྔ་ཉིན་ཁྱིམ་དུ་སླེབས་རྗེས།  སྐལ་བཟང་ཚེ་རིང་གིས་ཐོག་མར་མི་བཙལ་ཏེ་ཁང་བར་མཛེས་བཟོ་བྱེད་དུ་བཅུག་པ་དང་། སྒོར་མོ་བཙལ་ཐུབ་བྱུང་བས་བསམ་བློའི་འཁོར་ཕྱོགས་ལའང་འགྱུར་ལྡོག་བྱུང་ཡོད།  ཁྱིམ་ཚང་འདིའི་མི་རྣམས་ཀྱི“མཐོང་རྒྱ”ནི་དེ་ཙམ་མ་ཡིན་པར།   རྗེས་ཕྱོགས་ཀྱི་འཚོ་བ་གླེང་སྐབས། སྐལ་བཟང་ཚེ་རིང་ལ་ཁོ་རང་ཉིད་ཀྱི་དམིགས་ཡུལ་ཆུང་ཆུང་ཞིག་ཡོད།

སྐལ་བཟང་ཚེ་རིང་གིས་བཤད་རྒྱུར། “ད་རུང་ལོ་འགར་ལས་ཀ་ལས་སྟེ་སྒོར་མོ་གསོག་ནས་རྫོང་ཐོག་ཏུ་ཁང་བ་ཉོ་བ་དང་ཚ་ལ་ཁང་ཞིག་འབྱེད་རྒྱུ་སོགས་ང་ཚོས་གྲོས་བྱས་ཡོད”ཅེས་བཤད་རྗེས། ཁོས་སྔོན་ཆད་ཀྱི་འཚོ་བ་འགོག་མེད་ཀྱིས་དྲན་བྱུང་།  “སྐབས་དེར་འདི་ལྟ་བུའི་གྲ་སྒྲིག་ཅིག་ཡོད་ག་ལ་ཕོད་དེ། ལོ་སར་རྗེས་ཆེས་ཆེ་བའི་རེ་འདུན་ཞིག་ཡོད་པ་ནི་དཔྱིད་མགོར་གླ་རྒྱགས་སའི་གནས་ཤིག་བཙལ་རྒྱུ་དེ་རེད། རེད་ཡ།  གྲོང་གཙོ་ལགས། ལོ་མ་སར་བའི་སྔོན་ལ་སྡོང་ངོས་སྡེ་བའི་དོན་འགྲུབ་ཀྱིས་ང་ལ་ཅང་སུའུ་ཡི་གནས་ཚུལ་དྲིས་བྱུང།  ཉིན་འགའ་འགོར་རྗེས་ཁོ་དང་གཉེན་ཉེ་རྣམས་ཀྱང་ང་ཚོ་དང་ལྷན་དུ་འགྲོ་རྒྱུ་ཡིན”ཟེར།

ལོགས་སུ་ཡོད་པའི་རིན་ཆེན་གྱིས་སྐད་ཆ་འདི་ཐོས་མ་ཐག་དགའ་བ་དང་བཅས་གླ་ཐོག་ཏུ་ལག་པས་བཞེས་བྱུང་།

རིན་ཆེན་དགའ་སྤྲོས་ཁེངས་ཏེ“དངོས་གནས་ཡག་པོ་རེད། ད་ལོ་ཁྱོད་ཚོའི་སྡེ་བ་འདི་འགའི་མི་བཞི་བཅུ་ནས་ལྔ་བཅུ་ལྷག་ཕྱི་རུ་འགྲོ་ཐུབ་རྒྱུ་རེད། མི་འདི་དག་ལ་ཁྱོད་ཀྱིས་འགན་འཁུར་དགོས།  དེང་སྐབས་དྲ་ལམ་ནས་པ་སེ་ཉོ་རྒྱུར་གནད་དོན་ཡོད་དམ”ཞེས་བཤད།

“གནད་དོན་མེད། ངས་ད་རུང་ད་ལོའི་གནང་བའི་སྐབས་སུ་ཁོ་ཚོ་ཁྲིད་དེ་སན་ཡ་ལ་གནས་སྐོར་བྱེད་དུ་འགྲོ་བར་བསམ་ཡོད།”ཅེས་སྐལ་བཟང་ཚེ་རིང་གིས་སྐད་ཆ་བཤད་མ་ཚར་སྔོན་ཁང་བའི་ནང་གི་མི་ཚང་མ་གད་མོ་བགད་བྱུང་།

ལོ་ཙཱ་བ། ཤ་བོ་རིན་མཚོ།