ངའི་སྤུན་ཟླའི་མིང་ལ་ཆོས་འབྱོར་ཟེར།
2019.03.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 75

མཚོ་སྔོན་རོགས་སྐྱོར་པ་བུའུ་ཅན་ཀྲི་ནི་ཅང་སུའུ་པའོ་ཡུན་གྱི་མི་ཡིན་ལ། 2013ལོའི་ཟླ་བདུན་པ་ནས2016ལོའི་ཟླ་བདུན་པར། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་ཏང་ཨུའི་རྒྱུན་ལས་ཨུ་ཡོན། མཚོ་སྔོན་ལ་རོགས་སྐྱོར་འཛུགས་སྐྲུན་བྱེད་པའི་རྫོང་དཔོན་གཞོན་པའི་འགན་ཁུར། ད་ལྟ་ཅང་སུའུ་ཞིང་ཆེན་པའོ་ཡུན་རྫོང་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཅང་སུའུ་པའོ་ཡུན་དཔལ་འབྱོར་གསར་སྤེལ་ས་ཁུལ་གྱི་ཏང་གི་བྱ་བའི་ཨུ་ཡོན་ལྷན་ཁང་གི་འགན་ཁུར་ཡོད།

ཆོས་འབྱོར་ནི་ངས་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ལ་རོགས་སྐྱོར་འཛུགས་སྐྲུན་བྱེད་པའི་སྐབས། རྩ་འཛུགས་ཀྱིས་ང་ལ་བཀོད་སྒྲིག་བྱས་པའི་བོད་རིགས་ཁ་ལོ་བ་རེད། མཚོ་སྔོན་ལ་རོགས་སྐྱོར་བྱས་པའི་ལོ་ངོ་གསུམ་གྱི་རིང་། ངེད་གཉིས་ཉིན་རྒྱུན་མཉམ་དུ་བསྡད་དེ་འབྲེལ་བ་ཟབ་མོ་ཆགས་ཡོད་པར་མ་ཟད། སྔ་མོ་ནས་སྤུན་ཟླར་གྱུར་ཡོད། འདི་ནི་ངས་མཚོ་སྔོན་ལ་རོགས་སྐྱོར་འཛུགས་སྐྲུན་བྱེད་སྐབས་ཀྱི་བསམ་ཡུལ་ལས་འདས་པའི་གྲུབ་འབྲས་ཞིག་རེད།

ཆོས་འབྱོར་ནི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་ནུབ་མཚོ་གྲོང་རྡལ་གྱི་མི་ཡིན་ལ། ཨ་མདོའི་བུ་རྒོད་ཅིག་རེད། གཟུགས་ཀྱི་རིང་ཚད་ལ་མུས་གཅིག་དང་གྲངས་ཆུང་བརྒྱད་ལྔ་ཡོད་པ་དང་། ལྗིད་ཚད་སྤྱི་རྒྱ་བརྒྱ་བརྒལ་ཡོད། ནག་ཅིང་སྣུམ་པའི་སྐྲ་ལོ་དང་སྟོབས་ཤུགས་ཡོད་པའི་ལག་ཟུང་། གདོང་ནག་ལ་སེམས་རྒྱུད་དྲང་བ། སྐད་ཆ་བཤད་སྐབས་སྐད་གདང་དམའ་བ་བཅས་ཀྱི་ཁྱད་ཆོས་ཡོད།

ང་བུའུ་ཅན་ཀྲི་ནི་ཅང་སུའུ་པའོ་ཡུན་གྱི་མི་ཡིན། ཐེངས་འདིའི་མཚོ་སྔོན་ལ་རོགས་སྐྱོར་འཛུགས་སྐྲུན་བྱེད་པར་གོ་སྐབས་དེ་མ་གཏོགས། ང་རང་མཚོ་སྔོན་ས་གནས་ལ་ཕལ་ཆེར་འབྲེལ་བ་གཏན་ནས་ཡོད་མི་སྲིད། ཐེངས་འདིའི་མཚོ་སྔོན་ལ་རོགས་སྐྱོར་འཛུགས་སྐྲུན་བྱེད་པ་བརྒྱུད་ནས། ང་རང་ཉིད་ཀྱིས་མཐོ་སྒང་གི་བོད་རིགས་སྤུན་ཟླ་ཞིག་ངོ་ཤེས་པས་སེམས་སུ་དགའ་སྤྲོ་ཚད་མེད་སྐྱེས་བཞིན་ཡོད།

2013ལོའི་ཟླ་བརྒྱད་པའི་ཚེས་བཞི་ཉིན། མཚོ་ལྷོ་ཁུལ་ཀོས་ནན་རྫོང་ཏང་ཨུའི་འགོ་ཁྲིད་ཀྱིས་རླངས་འཁོར་གཉིས་བསྐོར་ཏེ་གུང་ཧོ་རྫོང་ཆབ་ཆ་གྲོང་རྡལ་དུ་ང་ཚོ་བསུ་མ་བྱེད་དུ་ཡོང་། ཆོས་འབྱོར་ནི་དེའི་ནང་གི་ཁ་ལོ་བ་ཞིག་ཡིན་ལ། དང་ཐོག་ཁོ་མཐོང་སྐབས། གཟུགས་བོངས་ཆེ་ལ་སྟོབས་ཤུགས་ལྡན་པ་ཞིག་རེད། ཁོ་ལ་ལག་འཇུ་བྱེད་སྐབས་སྤྲོ་སྣང་ཞིག་སྟེར་སྲིད། མི་རྣམས་ཀྱི་ངོ་ཐུག་སྐབས། བོད་ཀྱི་གུས་ལུགས་ཀྱིས་མི་རྣམས་ལ་འཚམས་འདྲི་བྱེད་སྲིད། ང་རང་ལ་ཚོར་སྣང་ཞིག་ཡོད་པ་ནི་འདི་ནི་མི་བརྟན་བརླིང་ཞིག་དང་དད་མོས་ཡོད་པ། གུས་པ་ཡོད་པ། ཡིད་ཆེས་ཆོག་པའི་མི་ཞིག་རེད་སྙམ།

ཀོས་ནན་རྫོང་ནས་ལས་ཚོགས་སུ་ཞུགས་ཏེ་ཅུང་འགོར་མེད་མོད། རྫོང་གིས་ང་ཚོ་མཚོ་སྔོན་ལ་རོགས་སྐྱོར་འཛུགས་སྐྲུན་བྱེད་པའི་ལས་བྱེད་རྣམས་ལ་སེམས་ཞིབ་མོས་ཁ་ལོ་བ་འགའ་བདམས་ཡོད་པ་དང་། ཆོས་འབྱོར་དེའི་ཁྲོད་དུ་ཡོད། ངས་ཐེ་ཚོམ་སྤུ་ཙམ་མེད་པའི་སྒོ་ནས་ཆོས་འབྱོར་བདམས་པ་ཡིན། དེ་སྔོན་ཐེངས་གཅིག་ལ་མ་གཏོགས་ངོ་འཕྲད་མ་མྱོང་མོད། འོན་ཀྱང་། ང་རང་ཆོས་འབྱོར་ལ་གཞན་དང་མི་འདྲ་བའི་ཚོར་བ་ཞིག་ཡོད་ལ། རང་ཉིད་ཀྱི་སྤུན་ཟླ་དང་འདྲ།

གཟའ་འཁོར་གཉིས་ཀྱི་རྗེས་སུ། ཐོག་དང་པོར་ཟི་ལིང་དུ་ཡོང་ནས་ངལ་གསོ་བྱས། ཆོས་འབྱོར་གྱི་འགྲོ་རོགས་འོག་ངེད་གཉིས་ཟི་ལིང་གྲོང་ཁྱེར་གྱི་མའོ་ཅཱ་སྲང་ལམ་དུ་སོང་ནས་སྐྲ་བཞར་བ་དང་། སྐབས་དེར་སྐྲ་བཞར་ཁང་དེའི་རྒྱ་མི་ཆེ་ལ། ལག་རྩལ་ཡང་སྤྱིར་བཏང་བ་ཞིག་རེད། མཐར་མཇུག་ངའི་ལག་ནས་སྒོར་བརྒྱ་དང་སོ་བརྒྱད་བླངས། ཆོས་འབྱོར་གྱིས་ཐོས་རྗེས། སྐྲ་བཞར་ཁང་གིས་ས་གནས་གཞན་ནས་ཡོང་བའི་མི་ལ་མགོ་སྐོར་གཏོང་བཞིན་ཡོད་སྙམ་ནས། འདི་ལྟ་བུའི་མཚོ་སྔོན་གྱི་སྣང་བརྙན་རྫད་པ་རེད་ཞེས་བཤད་ཞོར་རྩོད་པ་རྒྱག་བཞིན་ཡོད། དོན་དག་རྒྱ་ཇེ་ཆེར་མི་གཏོང་ཆེད། ངས་མྱུར་དུ་སྒོར་མོ་བྱིན་ཏེ་ཆོས་འབྱོར་འཐེན་ཏེ་ཕྱིར་སོང་བ་ཡིན། དྲང་མོར་བཤད་ན། སྐྲ་བཞར་ཁང་དེའི་བྱེད་ཐབས་ལ་ང་རང་ཡང་ཁོང་ཁྲོ་ཆེན་པོ་ལངས་མོད། འོན་ཀྱང་། ཆོས་འབྱོར་གྱི་སྲུང་སྐྱོབ་བྱས་པས་སེམས་སུ་དྲོད་འཁོལ་གྱིས་ཁེངས།

རྗེས་སུ། ཆོས་འབྱོར་གྱིས་རླངས་འཁོར་སྐོར་སྐབས་ལྭ་བ་མཐུག་པོ་མི་གོན་ལ། ངས་ཁོ་ལ་ལྭ་བ་མཐུག་པོ་མི་གོན་པའི་གནས་ཚུལ་དྲིས་པ་ན། ཁོ་རང་དགོད་ཞོར་བཤད་རྒྱུར། “ཅུང་གྲང་ན་རླངས་འཁོར་སྐོར་སྐབས་གཉིད་མི་འབབ”ཞེས་བཤད། རྗེས་སུ་ཤེས་གསལ་ལྟར་ན། རྫོང་ཏང་ཨུའི་ཧྲུའུ་ཅི་ཡིས་དེ་སྔོན་ཁོ་ལ་ཅང་སུའུ་ཡི་མཚོ་སྔོན་ལ་རོགས་འཛུགས་བྱེད་པའི་ལས་བྱེད་མི་སྣ་ས་ཐག་རིང་བོ་ནས་ཡོང་སྟེ་ཀོས་ནན་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད་པས། ངེས་པར་དུ་ཁོ་ཚོས་བདེ་འཇགས་ལ་ཁག་ཐེག་བྱེད་དགོས་ཞེས་མངག་བཅོལ་ནན་མོ་བྱས་ཡོད་པས་རེད། དེ་བས། དུས་རྒྱུན་རྣམ་རིག་གསལ་བོ་བྱ་ཆེད། ཆོས་འབྱོར་གྱིས་ལྭ་བ་མཐུག་པོ་མི་གོན་པའི་བྱེད་ཐབས་དེ་སྤྱད་པ་རེད།

ད་དུང་། ཁོས་རང་ཉིད་ལ་རླངས་འཁོར་སྐོར་སྐབས་ཚད་གཞི་གཏན་འཁེལ་བྱས་ཡོད། འགྲིམ་འགྲུལ་གྱི་སྒྲིག་ལམ་ལ་ངེས་པར་དུ་བརྩི་སྲུང་ནན་མོ་བྱེད་དགོས་པ་དང་། མྱུར་ཚད་མི་བརྒལ་བ་དང་སྒྲིག་འགལ་མི་བྱེད་པ་རེད། མྱུར་ཚད་དྲུག་ཅུ་ལས་བརྒལ་མི་རུང་བའི་གནས་སུ་ཁོ་ནམ་ཡང་བརྒལ་མི་སྲིད།

མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཀོས་ནན་རྫོང་ནི་རི་ཆུང་ཉག་ག་ནས་རྨ་ཆུའི་བར་དུ་གནས་ཡོད་ལ། མཐོ་སྒང་གི་ནམ་ཟླ་ཅུང་འཁྱག ནམ་ཟླའི་ཆ་རྐྱེན་དང་བགྲོད་ལམ་གྱི་ཆ་རྐྱེན་ཅང་སུའུ་དང་བསྡུར་ན་ཧ་ཅང་སྡུག་པོ་ཡིན། དུས་རྒྱུན། ང་དང་ཆོས་འབྱོར་ཕྱིར་བགྲོད་སྐབས། དར་འཁྱག་དང་ནམ་ཟླ་མི་བཟང་བ། རི་ཁུལ་གྱི་ཉེན་ཁ་ཆེ་བའི་ལམ་དུ། ཆོས་འབྱོར་གྱིས་དོགས་ཟོན་ནན་མོ་བྱེད་ཀྱིན་ཡོད་ལ། ཁོས་སེམས་ཆུང་གིས་རླངས་འཁོར་སྐོར་བཞིན་ཡོད་པས་མི་རྣམས་ཀྱི་བློ་སེམས་བདེ་རུ་འཇུག་སྲིད།

ཐེངས་ཤིག་ལ། ཀྱག་ཀྱོག་གི་རི་ལམ་བརྒྱུད་དེ་འགྲོ་སྐབས། རྒྱབ་ཕྱོགས་ཀྱི་རླངས་འཁོར་གྱིས་ང་ཚོའི་རླངས་འཁོར་ལ་བརྒལ་ཏེ་རེ་རེ་བཞིན་མདུན་དུ་བསྐྱོད་ལ། ང་ཚོའི་རླངས་འཁོར་གཅིག་པུ་དལ་བུར་བསྐྱོད་བཞིན་ཡོད། ངས་ཆོས་འབྱོར་ལ་ཅུང་ཙམ་མགྱོགས་མོར་སོང་ཞེས་བཤད་པ་ན། ཆོས་འབྱོར་གྱིས་གཟབ་ནན་སྒོས་བཤད་རྒྱུར། ལམ་འདི་རུ་ཐག་གཅོད་བྱས་པའི་མྱུར་ཚད་བཞི་བཅུ་རེད་ཞེས་བཤད།

ཆོས་འབྱོར་གཟུགས་བོངས་ཆེ་མོད། འོན་ཀྱང་སེམས་ཧ་ཅང་ཞིབ། རང་ཉིད་ཀྱིས་རླངས་འཁོར་ལ་གཅེས་སྤྲས་ཆེན་པོ་བྱེད་ལ། དུས་ནམ་ཡང་རླངས་འཁོར་ལ་བརྟག་དཔྱད་བྱེད་པས་རླངས་འཁོར་ལ་སྐྱོན་ཆེན་པོ་མི་འབྱུང་། འདི་ནི་རླངས་འཁོར་ཁ་ལོ་བ་ཞིག་ལ་མཚོན་ན་ཧ་ཅང་གལ་ཆེ་བ་ཞིག་རེད། དེ་བས། ལམ་ཐག་ཇི་འདྲའི་རིང་བོར་བསྐྱོད་དགོས་པ་དང་དཀའ་ཁག་ཅི་འདྲ་ཆེ་རུང་། ཁོས་མི་གཞན་ལ་བསྐོར་དུ་མི་འཇུག་ལ། དུས་ནམ་ཡང་རང་ཉིད་ཀྱི་འགན་འཁྲི་དང་དུ་ལེན་བཞིན་ཡོད། ཐེངས་ཤིག་ལ་ང་ཚོ་ཕྱི་རུ་བསྐྱོད་སྐབས། རླངས་འཁོར་གྲམ་པའི་ནང་དུ་འགུལ་མི་ཐུབ་པར་གྱུར་ལ། ང་རང་འཚུབ་ཆ་ཆེན་པོ་ལངས། ཆོས་འབྱོར་གྱིས་སྐད་ཆ་ཅི་ཡང་མི་བཤད་པར་ལྷམ་ཕུད་དེ་ཆུ་ནང་དུ་བརྒལ་ནས་རླངས་འཁོར་ཤུགས་ཀྱིས་དེད། མཐའ་མར་ཁོ་རང་གྲང་ནས་སོ་འདར་རྒྱག་པ་དང་རྐང་བ་གྲང་ནས་དམར་པོར་གྱུར་ཡོད། མཐོ་སྒང་གི་ཆུ་ཧ་ཅང་འཁྱག་པ་ངས་ཤེས་ལ། དེ་ནི་རུས་རྐང་ནས་གཟེར་བ་ཞིག་རེད། ང་ཚོ་ལྷོ་ཕྱོགས་ཀྱི་མི་ལ་མཚོན་ན། ཐེངས་གཅིག་ལ་གྲང་རུང་དེ་ལ་བག་ཆགས་ཟབ་མོ་ཡོད་ངེས།

ཆོས་འབྱོར་དང་མཉམ་དུ་བསྡད་པའི་ལོ་གསུམ་གྱི་རིང་། མི་ཚང་མ་ཆོས་འབྱོར་གྱི་རླངས་འཁོར་དུ་འདུག་རྒྱུར་ཧ་ཅང་དགའ་ལ། རྒྱུ་མཚན་ནི་མི་ཚང་མ་གཤིས་རྒྱུད་དྲང་ལ། སྤྱོད་པ་ལྷིང་པོ་ཡིན་པ། རླངས་འཁོར་བསྐོར་ན་ལག་རྩལབཟང་བའི་བོད་རིགས་གསར་རྒོད་འདི་ལ་དགའ་བས་རེད།

གཟུགས་བོངས་ཆེ་ལ་ངོ་གདོང་ནག་པོའི་ཆོས་འབྱོར་གྱིས་སྐབས་རེར་ང་ལ་སེམས་འགུལ་ཐེབས་སུ་འཇུག་བཞིན་ཡོད། བོད་ཁུལ་དུ་དབུལ་ཕོངས་མི་གྲངས་ཅུང་མང་ལ། ཆོས་འབྱོར་གྱི་ཁུག་མའི་ནང་དུ་དུས་རྒྱུན་དངུལ་སིལ་མ་ཡོད། ཁོས་དུས་རྒྱུན་དེ་དག་བླངས་ནས་ལམ་འགྲམ་གྱི་རོགས་སྐྱོར་ཞུ་མཁན་རྣམས་ལ་སྟེར་བཞིན་ཡོད། རླངས་འཁོར་དུ་ཡང་དུས་རྒྱུན་སིལ་ཏོག་དང་སྐོམ་ཆུ་འཁྱེར་བཞིན་ཡོད་ལ། རླངས་འཁོར་བསྐོར་ནས་འགྲོ་སྐབས། ལམ་འགྲམ་གྱི་རྐང་ཐང་དུ་འགྲོ་མཁན་རྣམས་ལ་སྟེར་བཞིན་ཡོད།

ཆོས་འབྱོར་གྱིས་བོད་རྒྱ་སྐད་གཉིས་བཤད་པ་ཧ་ཅང་བཟང་བས། ཁོ་ནི་ང་རང་གཞི་རིམ་དུ་སོང་ནས་བརྟག་དཔྱད་ཞིབ་འཇུག་དང་འབྲོག་པ་རྣམས་ལ་བསམ་བློ་བརྗེ་རེས་བྱེད་སྐབས་ཀྱི་ལོ་ཙཱ་བ་དང་ལས་རོགས་པ་ཡིན། སྡེ་བ་དང་ཁྱིམ་ཚང་དུ་འགྲོ་སྐབས། ཁོ་དུས་རྒྱུན་སྔོན་དུ་སོང་ནས་ལམ་འདྲི་བ་དང་། ཁོས་འབྲོག་པ་རྣམས་ལ་འབྲེལ་འདྲིས་བྱེད་སྐབས། སྔོན་ལ་ཁོའི་བསམ་ཚུལ་ང་ལ་བཤད་བཞིན་ཡོད་ལ། དེ་ནས་ངའི་བསམ་ཚུལ་འབྲོག་པ་རྣམས་ལ་ལོ་ཙཱ་བྱེད་བཞིན་ཡོད་པས། འབྲེལ་འདྲིས་བྱས་ན་ཧ་ཅང་སྟབས་བདེ་བ་ཞིག་ཡིན་པ་དང་། ངའི་བྱ་བ་ལ་ཡང་སྟབས་བདེ་ཆེན་པོ་བཟོས་ཡོད། ཐེངས་རེར་ལོ་ཙཱ་བྱེད་དགོས་སྐབས། ཆོས་འབྱོར་གྱིས་དགའ་སྤྲོའི་ངང་ལོ་ཙཱ་བྱེད་ལ། ངའི་ཆེད་དུ་བྱ་བ་སྒྲུབ་ཐུབ་པར་ཁོ་རང་དགའ་སྤྲོ་ཚད་མེད་སྐྱེས་བཞིན་ཡོད།

ཆོས་འབྱོར་ཐ་མག་འཐེན་རྒྱུར་ཧ་ཅང་དགའ། ངའི་ཐ་མག་མི་འཐེན་པ་ཤེས་རྗེས། ཆོས་འབྱོར་གྱིས་རླངས་འཁོར་ནང་དུ་ཐ་མག་ཐེངས་གཅིག་ཀྱང་འཐེན་མ་མྱོང་། ཁོས་ཐ་མག་འཐེན་འདོད་སྐབས། རླངས་འཁོར་ལས་བབས་ཏེ་ཕྱི་རུ་སོང་ནས་འཐེན་བཞིན་ཡོད། དུས་ཚོད་ཆུད་ཟོས་སུ་མི་གཏོང་བ་དང་ང་ལ་འཚུབ་ཆ་ལངས་སུ་མི་འཇུག་ཆེད། ཐེངས་རེར་ཕྱི་རུ་སོང་ནས་ཐ་མག་འཐེན་སྐབས། ཁོས་མྱུར་ཚད་ཧ་ཅང་མགྱོགས་ལ། ཅུང་མི་འགོར་བར་རླངས་འཁོར་དུ་ཡོང་སྲིད། ཁོ་ལ་ཐ་མག་འཐེན་པའི་དུས་ཚོད་ཉུང་ངུ་དེ་རོལ་མྱོང་བྱེད་དུ་འཇུག་ཆེད། ཁོས་རླངས་འཁོར་བསྡད་ཚེ། ང་ཡང་ཕྱིར་བུད་ནས་ཁམ་གཡེང་བྱས་པ་ཡིན་ལ། ཁོ་ལ་ཐ་མག་འཐེན་པའི་དུས་ཚོད་བྱིན་པ་ཡིན། ཅང་སུའུ་ནས་ངལ་གསོས་ཏེ་ཕྱིར་ཡོང་རྗེས། ངས་ཕ་ཡུལ་གྱི་ཐ་མག་འགའ་འཁྱེར་ཡོང་ནས་ཁོ་ལ་བྱིན་པ་དང་། སྐབས་དེ་ནི་ཆོས་འབྱོར་ཧ་ཅང་དགའ་བའི་དུས་སྐབས་རེད།

ཁོ་ཡང་མཐོ་སྒང་གི་གསར་རྒོད་གཞན་དག་དང་འདྲ་བར་ཆང་ལ་དགའ། ཁོས་དེ་སྔོན་ང་ལ་བཤད་རྒྱུར། ཁོས་ཆང་རྒྱ་མ་གཉིས་འཐུང་ཐུབ་ཟེར། འོན་ཀྱང་། དུས་རྒྱུན་བདེ་འཇགས་ཀྱི་ཆེད་དུ། ཁོས་རང་ཉིད་ལ་ཚོད་འཛིན་བྱས་ཏེ་ཆང་འཐུང་གིན་མེད། ཁོས་བརྩེ་སེམས་དེ་ངའི་དུས་ནམ་ཡང་སེམས་སུ་བཟུང་ཡོད། ངས་ཁོ་ལ་བཀའ་དྲིན་ཞུ་ཆེད། ཕ་ཡུལ་གྱི་ཆང་འཁྱེར་ཡོང་ནས་ཁོ་རང་ཁྱིམ་དུ་ལོག་རྗེས་ཁོ་ལ་རོལ་མྱོང་བྱེད་དུ་འཇུག་བཞིན་ཡོད། ཉིན་ཞིག་གི་དགོང་མོར། ངའི་ཕ་ཡུལ་གཅིག་པའི་སྤུན་ཟླ་ཞིག་གིས་ཆང་ཁང་ཞིག་ཕྱེས་ཡོད་པ་དང་། ཆོས་འབྱོར་ལ་ཆང་འཐུང་དེ་ལྷོད་གཡེང་བྱེད་དུ་བཅུག་པ་ཡིན། ངའི་ཕ་ཡུལ་གྱི་སྤུན་ཟླ་དང་ཁོ་གཉིས་ཀྱིས་དུས་ཚོད་ཕྱེད་ཙམ་གྱི་རིང་ཆང་འཐུང་ལ། ཆོས་འབྱོར་གྱིས་ཕོར་བ་ཆེན་པོ་གསུམ་འཐུང་བས་བཟི་བར་གྱུར་། ཉིན་གཉིས་པར། ཆོས་འབྱོར་ཅུང་ངོ་ཚ་བའི་སྒོ་ནས་ང་ལ་བཤད་རྒྱུར། ཁྱེད་ཚོ་ཅང་སུའུ་ཡི་མི་རྣམས་ཀྱིས་ཆང་འཐུང་བ་ཧ་ཅང་མགྱོགས། དལ་བུར་འཐུང་ན་ང་ལ་གནད་དོན་མེད་ཞེས་བཤད།

ཆོས་འབྱོར་ཅང་སུའུ་རུ་སོང་མ་མྱོང་ལ། ཁོའི་མིག་ལམ་དུ་ཅང་སུའུ་ནི་མཐོ་སྒང་གི་རྩྭ་ཐང་ལས་ཀྱང་ཆེ་བའི་ཐང་ཆེན་པོ་ཞིག་ཡིན་སྙམ་ཡོད། ཐེངས་ཤིག་ལ། ང་ཚོའི་ཅང་སུའུ་ནས་ཡོང་བའི་འགོ་ཁྲིད་ཀྱིས་ཁོ་ལ་ཅང་སུའུ་ནི་ཐང་ཆེན་པོ་ཞིག་ཡིན་པས། ཁྱེད་རང་ཅང་སུའུ་རུ་ཕེབས་པར་དགའ་བསུ་ཞུ་ཞེས་བཤད། ཆོས་འབྱོར་གྱིས་ཐོས་པས་སེམས་སུ་དགའ་སྤྲོ་སྐྱེས་པ་དང་། རང་ཉིད་གནས་སའི་རྩྭ་ཐང་ལས་ཆེ་བའི་ཅང་སུའུ་རུ་འགྲོ་བར་རེ་སྒུག་བྱས་ཡོད། ཆོས་འབྱོར་གྱི་རེ་འདུན་དེ་སྐོང་ཆེད། ངས་དུས་ཡུན་རིང་བོར་གོ་སྐབས་བཙལ་བཞིན་ཡོད།

ཐེངས་གཅིག་ལ་མཚོ་སྔོན་དུ་ཡོང་བས། ཚེ་གང་བོར་མཚོ་སྔོན་བརྗེད་ཐབས་མེད།

ལོ་གསུམ་གྱི་རོགས་སྐྱོར་འཛུགས་སྐྲུན་ཁྲོད། ངས་རིགས་སོ་སོའི་སྤུན་ཟླ་མང་པོ་ངོ་ཤེས་པ་དང་། ཆོས་འབྱོར་ནི་ཁོ་ཚོའི་འཐུས་ཚབ་ཡིན་ལ་ངས་སེམས་ཁྲལ་བྱེད་པའི་སྤུན་ཟླ་ཡང་ཡིན། ལོ་ངོ་གསུམ་གྱི་བོད་ཁུལ་གྱི་འཚོ་བ་ནི་དཀའ་ཁག་ཆེ་རུང་སེམས་ནས་བརྗེད་ཐབས་བྲལ་བ་ཞིག་རེད། ཕྱིར་ཅང་སུའུ་རུ་སོང་རྗེས། ངས་དུས་རྒྱུན་མཚོ་སྔོན་གྱི་གཡའ་དག་པའི་ནམ་མཁའ་དང་ཀོས་ནན་རྩྭ་ཐང་གི་ནོར་ལུག ད་དུང་ངའི་སྤུན་ཟླ་ཆོས་འབྱོར་བཅས་དྲན་ཡོང་།

ལོ་ཙཱ་བ། ཤ་བོ་རིན་མཚོ།